དགའ་ལྡན་ཁྲི་ཐོག་དོན་གཅིག་པ་ཀོང་པོ་ཡེ་ཤེས་ཐར་འདོད་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་དོན་གཅིག་པ་ཀོང་པོ་ཡེ་ཤེས་ཐར་འདོད་ནི། ཀོང་པོ་འབྲུ་ལ་ཁུལ་དུ་རབ་བྱུང་བཅུ་གསུམ་པའི་མེ་བྱི་༡༧༥༦ལོར་འཁྲུངས། སྐུ་ན་ཆུང་དུས་ཀོང་པོ་འབྲུ་ལ་དགོན་དུ་ཆོས་བཞུགས་གནང་ནས། ཡི་གེ་སྦྱོར་ཀློག་དང་དགོན་དེའི་ཆོས་སྤྱོད་ཆོ་ག་བཅས་ལ་མཁས་པར་བསླབས། དགུང་ལོ་བཅུ་བཞི་པ་ས་གླང་༡༧༦༩ལོར་དབུས་འགྱུར་ཆོས་ཀྱི་ཞིང་ཁམས་ལྷ་སར་ཕེབས་ནས་གཙུག་ལག་ཁང་རྣམ་གཉིས་སོགས་སུ་མཇལ་བཅར་དང་སྨོན་འདུན་དྲག་པོས་མཚམས་སྦྱོར་གནང༌། མཁས་གྲུབ་བྱེ་བའི་འབྱུང་གནས་ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དང་ཀོང་པོ་ཁང་ཚན་དུ་ཆོས་ཞུགས་གནང་སྟེ། རྒྱན་དྲུག་གཅིག་ཏུ་བསྡུས་འདྲའི་བཤེས་གཉེན་དམ་པ་དུ་མའི་ཞབས་པད་རིང་དུ་བསྟེན་ནས་བསྡུས་གྲྭ་ནས་བཟུང༌། གྲུབ་དོན་ས་གསུམ་དང༌། དབུ་ཕར་འདུལ་མཛོད་བཅས་པའི་གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་པ་མཛད། དགུང་ལོ་སོ་ལྔ་པ་ལྕགས་ཁྱི་༡༧༩༠ལོར་གདན་ས་གསུམ་གྱི་མཁས་མང་ནམ་མཁའི་སྐུར་ཚོགས་ལྟ་བུ་ཚོགས་པའི་དབུས་རྒྱལ་མཚན་དཀར་པོའི་འོག་ཏུ་གཞུང་ཆེན་པོད་ལྔ་ལ་རྩོད་སྒྲུབ་རིགས་པའི་ལམ་ནས། དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་འཇོག་གནང༌། ལོ་དེའི་དགུན་ཐོག་ཏུ་གསང་ཆེན་གྲུབ་པའི་འབྱུང་གནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྒྲིགས་ཞུགས་གནང༌། ལོ་ཤས་རིང་རྒྱུད་སྡེ་བཞི་དང་ལྷག་པར་གསང་སྔགས་བླ་ན་མེད་པའི་མཐའ་དྲུག་ཚུལ་བཞིའི་བཤད་པ་མན་ངག་དང་བཅས་པར་འཕགས་ཡུལ་གྱི་གྲུབ་ཆེན་ཚོས་ཀྱང་འགྲན་དུ་མི་བཟོད་པའི་གསུམ་ལྡན་རྡོ་རྗེ་འཛིན་པའི་སྐྱེས་ཆེན་དུ་མའི་ཞབས་ལ་བཞུགས་ཏེ་གསང་སྔགས་ཀྱི་གཞུང་དང་ལྷག་པར་བདེ་གསང་གཉིས་ཀྱི་ལག་ལེན་དབང་ཁྲིད་ལ་སོགས་པ་བྱང་ཆུབ་པར་མཛད། དགའ་ལྡན་ཁྲི་ཆེན་བློ་བཟང་དགེ་ལེགས་སོགས་དགེ་ལྡན་བསྟན་པའི་རྒྱལ་མཚན་འཆང་བའི་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ལམ་རིམ་དང༌། ཡི་དམ་ཁག་གི་དབང༌། རྗེས་གནང་མན་ངག་དེ་བཞིན་མདོ་རྒྱུད་དུ་མའི་འཁྲིད་ལུང་རྒྱ་ཆེར་ཞུས། དགུང་ལོ་ཞེ་གཉིས་པ་མེ་སྦྲུལ་༡༧༩༧ལོར་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཁྲི་དང༌། དེའི་ཕྱི་ལོར་རྒྱུད་སྟོད་མཁན་པོའི་ཁྲིར་ཕེབས། དགུང་ལོ་རེ་གཅིག་པ་རབ་བྱུང་བཅུ་བཞི་པའི་མེ་བྱི་༡༨༡༦ལོར་ཤར་པ་ཆོས་རྗེའི་ཁྲིར་ཕེབས་ནས། དཔལ་ལྡན་སྟོད་རྒྱུད་ཀྱི་སྒྲིག་སྤྱོད་སྤྱི་དང་ལྷག་པར་སྐབས་སྟོབས་ཀྱི་རང་འཁྲིས་བྱེད་སྒོ་ྜྲིཀ་ཀ་སྐྱོར་བ་དང་བརྩི་བཞག་གནང་བ་སོགས་དམ་པ་གོང་མའི་སྲོལ་བཟང་མི་ཉམས་རྒྱུན་འཛིན་གྱིས་ཚུལ་བཞིན་བསྐྱངས། ཤར་པ་ཆོས་རྗེའི་འཆར་ཅན་གྱི་མཛད་སྒོ་དུས་ཐོག་གནང་བ་ལས། ཀོང་པོ་འབྲུ་ལ་དགོན་དུ་རྒྱུན་བཞུགས་མཛད། ཤར་ཕྱོགས་ཀོང་པོའི་ཁུལ་གྱི་རིས་མེད་སེར་སྐྱ་དང་དོན་སྡེ་ཁག་དུ་མར་བྱང་ཆུབ་ལམ་གྱི་རིམ་པས་མཚོན་སྐབས་སྟོབས་འདོད་ཆོས་སྣ་ཚོགས་གསུང་ནས་དུས་འདའ་བར་མཛད། དགུང་ལོ་དོན་གསུམ་པ་རབ་བྱུང་དེ་གའི་ས་བྱི་༡༨༢༨ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲིར་ཕེབས་ནས་དགེ་ལྡན་ལུགས་བཟང་གཙང་མའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་བླ་ན་འདེགས། རྟེན་གསུམ་གསར་བཞེངས་སོགས་འཁོར་ལོ་གསུམ་གྱི་བྱ་བ་རྣམས་དབྱར་མཚོ་ལྟར་སྤེལ་བཞིན་པའི་མུར་ལོ་གཅིག་སོང་མཚམས་ས་གླང་༡༨༢༩ལོརགློ་བུར་ཞི་བར་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་བཞེངས་པའི་དངུལ་གདུང་ནི་དགའ་ལྡན་བླ་མ་ལྷ་ཁང་དུ་བཞུགས་སོ། ། འདིའི་རྣམ་ཐར་དགའ་ལྡན་ཐེ་བོ་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོས་མཛད་པ་དཔར་མ་ལ་ཤོག་གྲངས་བཅུ་བཞི་ཡོད་འདུག་ཀྱང་མཇལ་མ་བྱུང༌།