དགའ་ལྡན་ཁྲི་ཐོག་ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན་ནི། རབ་བྱུང་དགུ་པའི་ཆུ་འབྲུག་ ༡༥༣༢ ལོར་ལྷ་སའི་ལུམ་པ་ཤག་ཏུ་སྐུ་འཁྲུངས། དགུང་གྲངས་བཅུ་གཅིག་པ་ལ་སྐུ་མཆེད་གསུམ་ཀ་སེ་རའི་ཁྲི་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང༌། སེར་བྱེས་མཁན་པོ་ཤེས་རབ་སེང་གེ་ལས་རབ་ཏུ་བྱུང༌། བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་ནས། དབུ་ཕར། འདུལ་མཛོད་སོགས་དཀའ་ཆེན་རྣམས་ལ་རྩོད་སྒྲུབ་རིགས་པའི་ལམ་ནས་གསན་སྦྱངས་མཛད་པས་མཁས་པར་གྱུར། མངའ་རིས་པ་ལྷ་བཙུན་བསོད་ནམས་དཔལ་བཟང་གིས་ལས་སློབ་མཛད་ནས་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། བཻ་སེར་ལས། རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་མཁན་པོ་མཛད་པ་གསུངས་པ་ནི་མ་དག་སྟེ། དེ་དུས་རྒྱལ་བ་བསོད་ནམས་རྒྱ་མཚོ་དགུང་ལོ་བརྒྱད་ལས་སོན་མེད་པས་སོ། །སེར་བྱེས་མཁས་མང་གྲྭ་ཚང་ནས་མདོ་ཕྱོགས་ཀྱི་སྦྱངས་པ་མཐའ་ཕྱིན་ནས་ལྷ་ལྡན་དུ་གྲྭ་སྐོར་དམ་བཅའ་གྲུབ་རྗེས། རྒྱུད་སྨད་དུ་བྱོན་རྒྱུད་ཆེན་བཀྲ་ཤིས་བཟང་པོ་དང༌། ཆོས་རྗེ་བྱམས་པ་རྒྱ་མཚོ་སོགས་བསྟེན་ནས་སྔགས་ཕྱོགས་ཀྱི་གཞུང་ཆེན་རྣམས་ལ་སྦྱངས་པས་ཆུ་བོ་གཱངྒ་ཚུན་ཆད་ལ་མཁས་སྙན་གྱིས་ཁྱབ། ལུང་དང་རིགས་པའི་དབང་ཕྱུག་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་འདུལ་བ་རང་ལས་མཁས་པའི་སློབ་མ་པཎ་ཆེན་བདེ་ལེགས་ཉི་མའི་དྲུང་ནས་རྗེ་བདག་ཉིད་ཆེན་མོ་ནས་རྩ་བའི་བླ་མའི་བར་ལམ་རིམ་ཆེན་མོའི་སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་རྣམས་བུམ་པ་གང་བྱོས་ཚུལ་གྱིས་གསན། དགུང་གྲངས་ཞེ་གསུམ་པ་ཤིང་ཕག་ ༡༥༧༥ ལོར་སྨད་རྒྱུད་ཀྱི་བླ་མ་དང་རིམ་གྱིས་མཁན་པོར་ཕེབས་ནས་དགུང་ལོ་ང་བདུན་གྱི་བར་དུ་འཆད་ཉན་ཤིན་ཏུ་དར་རྒྱས་མཛད། གྲྭ་ཚང་གི་འཆད་ཉན་རིམ་ལྔ་དམར་ཁྲིད་དང་རྩི་བཞག་ཀྱང་རྗེ་འདིས་ཡི་གེར་བཀོད། དགའ་ལྡན་ཁྲི་ཐོག་ཉེར་དགུ་པ་ཆོས་རྗེ་བཤེས་གཉེན་གྲགས་པ་སོགས་སྔ་ཕྱི་བསྒྲུབ་བྱ་ཤིན་ཏུ་མང་པོ་ལ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་གནང༌། དགུང་ལོ་ང་བརྒྱད་པ་ས་གླང་ ༡༥༨༩ ལོ་ལ་བྱང་རྩེར་ཕེབས། བདུན་ཅུ་པ་ལྕགས་གླང་ ༡༦༠༡ ལོར་རྒྱལ་མཆོག་ཏན་རྒྱ་མཚོ་སོག་ཡུལ་ནས་བོད་དུ་ཕེབས་པའི་ལམ་ནས་ཕན་ཡུལ་དུ་འབྱོར་པ་ན། ཁྲི་ཆེན་འདི་ཉིད་ཕེབས་གསུར་བཅར་ཏེ་སྐུ་ཕྱག་མཛད་པ་སོགས་བཀུར་བཟོས་ཤིན་ཏུ་ཆེ་བ་མཛད། དེབ་ཐེར་ནོར་བུའི་ཕྲེང་བ། ༢༠༡ རྒྱལ་དབང་མཆོག་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་ནས་མདོ་སྔགས་ཀྱི་ཆོས་བཀའ་གསན་རྒྱུའི་མཚམས་སྦྱོར་གནང༌། སྲིད་དོན་རྒྱལ་རབས་སྟོད་ཆ་༣༨༦། དོན་གཉིས་པ་ཆུ་ཡོས་ ༡༦༠༣ ལོར་ལྷ་དང་བཅས་པའི་འཇིག་རྟེན་གྱི་གཙུག་རྒྱན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གསེར་ཁྲིར་ཕེབས། འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་སོག་ཡུལ་ནས་དབུས་སུ་ཕེབས་རྗེས་རབ་བྱུང་གི་མཁན་པོ་མཛད་ཅིང༌། གཞན་ཡང་མདོ་སྔགས་ཀྱི་ཆོས་ཚུལ་ཤིན་ཏུ་མང་པོ་ཕུལ། སྟག་ཕུའི་ཡོངས་འཛིན་ལྷོ་སྤྲུལ་རིན་པོ་ཆེ་ངག་དབང་མཁྱེན་རབ་བསྟན་པའི་དབང་ཕྱུག་དཔལ་བཟང་པས་མཛད་པའི་ལམ་རིམ་མཆན་བཞི་སྦྲགས་ཀྱི་བླ་བརྒྱུད་གསོལ་འདེབས་ལས། ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་འཛིན་པའི་རྗེ། ། གནས་ལྔ་པཎ་ཆེན་བདེ་ལེགས་ཉི་མ་དང༌། ། མང་ཐོས་མཛོད་འཛིན་དགེ་འདུན་རྒྱལ་མཚན་ཞབས། ། འདྲེན་མཆོག་དམ་པ་གསུམ་ལ་གསོལ་བ་འདེབས། ། ཞེས་འབྱུང་བ་ལྟར། དགའ་ལྡན་ཁྲི་ཐོག་སུམ་ཅུ་པ་བྲག་ལུག་བྲག་པ་བློ་གྲོས་རྒྱ་མཚོ་སོགས་དགེ་ལྡན་བསྟན་པའི་སྐྱེས་ཆེན་དུ་མར་བ་སོའི་མཆན་གྱི་ཐོག་ནས་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཆོས་རྒྱ་ཆེར་གནང༌། དེས་མཚོན་པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། སྟོང་འཁོར་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོ་སོགས་དགེ་ལྡན་པའི་གྲལ་མགོར་དབང་བའི་སྐྱེས་ཆེན་དུ་མས་ཆོས་བཀའ་མང་པོ་གསན་པས་བླ་མར་བཀུར། རྗེ་འདིས་དིང་སང་བཀྲ་ཤིས་ལྷུན་པོའི་པཎ་ཆེན་ཁྲི་ལས་ཐོག་པ་འདི་ངེད་རང་གི་སློབ་མ་ཡིན་པས། རྒྱུས་ཡོད་ཀྱི་ཞུ་བ་ལ་དབང་ལུང་གི་གསན་རྒྱ་ཡང་ཆེ་རབ་ཡོད་པ་དང༌། སྐུ་ན་གཞོན་པས་བཀའ་ཆོས་འབུལ་བར་ལྕོགས་པ་ཡང་བཟང་བ་ཡོད་པས། ཁོང་གིས་བཀའ་ཆོས་འབུལ་མཁན་གནང་ན་ཇི་ལྟར་ཡོང་ཞེས་སློབ་སྟོན་མཛད་དེ་པཎ་ཆེན་བློ་བཟང་ཆོས་རྒྱན་ཉིད་རྒྱལ་བ་བཞི་པ་ཡོན་ཏན་རྒྱ་མཚོའི་དབུ་བླར་བཀུར་བའི་མཚམས་སྦྱོར་གནང༌། ལ་མོའི་ས་ཁོངས་ནས་དགའ་ལྡན་དུ་དབྱར་ཞལ་བཞེས་པ་རྣམས་ལ་ལོ་རེ་བཞིན་མང་ཇ་ཆག་མེད་དུ་གཏོང་རྒྱུའི་ཐེབས་རྩ་ས་ཆ་སྦྱར། དགོང་ལོ་དོན་གཉིས་པ་རབ་བྱུང་བཅུ་གཅིག་པའི་ས་ཡོས་༡༦༠༣ལོར་གུང་རི་སྐྱིད་ཤོད་ཞབས་དྲུང་སྐུ་ཕྲེང་དང་པོ་སྐྱིད་ཤོད་སྡེ་བ་ཆོས་རྗེ་ལ་རབ་བྱུང་དངང་དགེ་ཚུལ་གྱི་སྡོམ་པ་མནོས་པའི་མཚན་ལ་བསྟན་འཛིན་བློ་བཟང་རྒྱ་མཚོ་གནང་བས་མཚོན་སྔ་ཕྱིར་བསྒྲུབ་བྱ་ཤིན་ཏུ་མང་པོ་ལ་དགེ་ཚུལ་སློང་གི་བསླབ་སྡོམ་གནང༌། དགུང་ལོ་དོན་དྲུག་པ་རབ་བྱུང་བཅུ་པའི་མེ་ལུག་ ༡༦༠༧ ལོར་ཟུར་བཞུགས་མཛད། ཆོས་རྗེ་བཤེས་གཉེན་གྲགས་པ་དང་སྡེ་པ་སྐྱིད་ཤོད་པ་གཉིས་རྩོད་གླེང་ལ་བར་ཆིངས་གནང་བ་སོགས་ལུགས་གཉིས་ཀར་གཟིགས་པ་ཤིན་ཏུ་ཡངས། ལོ་དེར་མྱ་ངན་ལས་འདས། སྐུ་གདུང་རིང་བསྲེལ་གྱི་ཕུང་པོར་གྱུར་པ་ལ་དངུལ་གདུང་བཞེངས་པ་དགའ་ལྡན་དུ་བཞུགས། གསུང་གི་བདུད་རྩི་མྱོང་པའི་བུ་སློབ་ཀྱང་བདེ་ཆེན་ཆོས་ཀྱི་རྒྱལ་པོ་མཐུ་སྟོབས་དབང་ཕྱུག་ཡོན་ཏན་རྒྱ་མཚོ་དང༌། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན། སྟོང་འཁོར་སྤྲུལ་སྐུ་དང༌། རྒྱུད་ཆེན་རྣམ་རྒྱལ་དཔལ་བཟང༌། གཞུ་ཁང་པ་དགེ་ལེགས་ལྷུན་གྲུབ་དང༌། རྗེ་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། མཁས་པ་ཀུན་གྱི་ཡང་རྩེ་རྗེ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་ལ་སོགས་པ་དགེ་བའི་བཤེས་གཉེན་མདོ་སྔགས་ཀྱི་བསྟན་པའི་བདག་པོ་མང་པོ་བྱུང༌།