དགའ་ལྡན་ཁྲི་ཐོག་ཉེར་གཉིས་པ་དགེ་འདུན་བསྟན་པ་དར་རྒྱས

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་ཉེར་གཉིས་པ་དགེ་འདུན་བསྟན་པ་དར་རྒྱས། རབ་བྱུང་བརྒྱད་པའི་ཆུ་གླང་ ༡༤༩༣ ལོར་འཕན་པོ་ཀླུང་ཤོད་འོད་སྣར་སྐུ་འཁྲུངས། སྐུ་ན་གཞོན་དུས་སུ་དྲུང་གཞོན་ནུ་མཛེས་པ་དཔལ་གྱིས་ཕྱག་བཏབ་པའི་མལ་དྲོ་ཆ་དཀར་དགོན་པར་སློབ་གཉེར་གནང་ཞིང༌། རྗེས་སུ་སེ་ར་སྨད་གྲྭ་ཚང་དུ་གཞུང་ཆེན་པོ་ལྔར་སློབ་གཉེར་མཐར་ཕྱིན་པར་མཛད་ནས་ཆ་དཀར་དགོན་པའི་འཆད་ཉན་གྱི་སློབ་དཔོན་དུ་བསྐོས། སྐབས་དེར་རིན་སྤུངས་དོན་ཡོད་རྡོ་རྗེས་དབུས་སུ་སྡེ་པ་སྐྱིད་ཤོད་པ་དང༌། གཞིས་ཀ་སྣེའུ་པར་དམག་དྲངས་ནས་དབང་ཆ་ཕྲོགས་པ་དང༌། དགུང་ལོ་ཉི་ཤུ་པ་ཆུ་སྤྲེལ་ ༡༥༡༢ ལོར་རིན་སྤུངས་དོན་ཡོད་རྡོ་རྗེ་འདས་ནས་མི་རིང་བར་རིན་སྤུངས་པའི་སྟོབས་ཤུགས་ཉམས་རྗེས། འབྲི་གུང་པའི་དཔོན་མགོན་པོ་རྒྱལ་མཚན་གྱིས་རང་གི་འཇའ་ཁང་འཕན་པོ་ཁུལ་དུ་ཡོད་པའི་དགའ་ལྡན་དགོན་པའི་མཆོད་གཞིས་ཁག་རྣམས་ཕྲོགས་པ་སོགས་ལ་བརྟེན་ནས་དགའ་ལྡན་ཤར་བྱང་གཉིས་ཀྱི་འཆད་ཉན་ལོ་ཤས་བར་སྟོངས་སུ་ལུས་དགོས་པ་བྱུང་སྟབས། དམ་པ་འདི་ཉིད་ཆ་དཀར་དགོན་པ་ནས་དགའ་ལྡན་དུ་གདན་དྲངས་ཏེ་བྱང་རྩེ་གྲྭ་ཚང་གི་འཆད་ཉན་སློབ་དཔོན་དུ་བསྐོས། དེ་སྐབས་དགུང་ལོ་ཉི་ཤུ་རྩ་ལྔ་ཙམ་ལས་མ་ཕེབས་པའི་སྐུ་གཞོན་ནུ་ཞིག་ཡིན་ཀྱང༌། མཁྱེན་རབ་རྩལ་ཕུན་སུམ་ཚོགས་པའི་དབང་གིས་ཕར་ཕྱིན་དང་དབུ་མའི་རྩི་བཞག་རྣམས་ཐུགས་ཐོག་ནས་གནང་སྟེ་ཞལ་སློབ་ཚོས་ཟིན་བྲིས་སུ་བཀོད་པ་དེང་སྐབས་སེར་སྨད་གྲྭ་ཚང་གི་ཡིག་ཆར་འཆད་ཉན་ཡོད་པ་དེ་ཡིན། དགུང་ལོ་སོ་བཞི་པ་རབ་བྱུང་དགུ་པའི་མེ་ཁྱི་ ༡༥༢༦ ལོར་སླར་ཡང་འབྲི་གུང་དཔོན་མགོན་པོ་རྒྱལ་མཚན་གྱིས། འབྲི་གུང་གདན་རབས་བཅོ་ལྔ་པ་རྒྱལ་དབང་ཀུན་དགའ་རིན་ཆེན་གྱི་བཀའ་སློབ་གནང་བ་རྣམས་ལ་མ་རྩིས་པར་འབྲི་གུང་ཁུལ་དུ་ཡོད་པའི་དགེ་ལུགས་དགོན་ཁག་ཆེ་ཆུང་བཅོ་བརྒྱད་ཙམ་ཆོས་ལུགས་དང་ཞྭ་སྟབས་བསྒྱུར་བའི་བཙན་ཤེད་བྱས་པར་བརྟེན། ཆ་དཀར་དགོན་པའི་གྲྭ་པ་རྣམས་དགའ་ལྡན་དུ་གནས་སྤོས་བྱ་དགོས་བྱུང༌། དེ་ལ་བརྟེན་ནས་བདག་ཉིད་ཆེན་པོ་རྒྱལ་དབང་ཀུན་དགའ་རིན་ཆེན་ཡང་ཐུགས་སྐྱོ་ནས་ལོ་རྗེས་མ་དེར་དགོངས་པ་མྱ་ངན་ལས་འདས། ཡུན་རིང་མ་སོང་བར་ཆ་དཀར་དགོན་པའི་གྲྭ་པ་རྣམས་ཆེན་པོ་རིན་ཆེན་འོད་ཀྱིས་བཏབ་པའི་དབུས་སྟོད་བྲག་དབར་དགོན་པར་ཟླ་སྒྲིལ་ཏེ་འཆད་ཉན་མཛད་པས་དགོན་པ་དར་རྒྱས་ཆེན་པོ་བྱུང་ཞིང༌། རྗེས་སུ་དམ་པ་འདི་ཉིད་སེར་སྨད་གྲྭ་ཚང་གི་འཆད་ཉན་སློབ་དཔོན་དུ་གདན་དྲངས་ཐོག དེ་སྔོན་སེར་སྨད་གྲྭ་ཚང་གི་ཡིག་ཆ་རསྙིང་པ་གུང་རུ་རྒྱལ་མཚན་བཟང་པོས་མཛད་པ་རྣམས་ལས་སྟོང་ཉིད་མ་ཡིན་དགག་ཏུ་བཞེད་པ་སོགས། རྗེ་ཙོང་ཁ་པའི་གསུང་དང་མི་མཐུན་པ་འགའ་ཞིག་ཡོད་པར་བརྟེན། དམ་པ་འདི་ཉིད་ཀྱིས་ཐུགས་ཐོག་ནས་གསུངས་པའི་ཕར་ཕྱིན་དང༌། དབུ་མ། ཟུར་བཀོལ་བཞི་བཅས་ཀྱི་སྤྱི་དོན་དང༌། མཐའ་དཔྱོད་རྣམས་སེར་སྨད་གྲྭ་ཚང་གི་ཡིག་ཆར་བྱེད་པ་མ་ཟད། རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོས། ཕར་ཕྱིན་སྐབས་བཞི་པའི་མཐའ་དཔྱོད་ཀྱི་དབུར། ཐུབ་པའི་བསྟན་པའི་ཁུར་འཛིན་དགེ་འདུན་མཆོག །བཀའ་གདམས་བསྟན་པ་རིན་ཆེན་སྙིགས་མའི་དུས། །གངས་ཅན་ཁྲོད་འདིར་དར་རྒྱས་མཛད་པ་ལ། །ཞེས་སོགས་ཚིགས་བཅད་ཤོ་ལོ་ཀ་ཕྱེད་གསུམ་ཙམ་ཡོད་པ་དང༌། སྐུ་ཕྲེང་བདུན་པ་བསྐུལ་བཟང་རྒྱ་མཚོས། དགེ་འདུན་མཁས་དབང་ཚོགས་པའི་ཆོས་ཀྱི་གྲྭར། །ཡོངས་རྫོགས་བསྟན་པའི་གནད་གསང་ཚངས་དབྱངས་སྒྲས། །འདོམས་མཛད་ཕས་ཀྱི་རྒོལ་ལས་རྒྱལ་བའི་མཐུས། །དར་རྒྱས་མི་ཕམ་བླ་མར་གསོལ་བ་འདེབས། །ཞེས་སོགས་བསྔགས་བརྗོད་རྒྱ་ཆེར་མཛད་སྣང༌། སེར་སྨད་ཀྱི་འཆད་ཉན་སློབ་དཔོན་ནས་རིམ་བཞིན་རྒྱུད་སྨད་མཁན་པོ་དང་བྱང་རྩེ་ཆོས་རྗེ་བརྒྱུད་དགུང་ལོ་དོན་གཉིས་པ་རབ་བྱུང་དགུ་པའི་ཤིང་བྱི་ ༡༥༦༤ ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས། ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཁྲི་ཟུར་རིན་པོ་ཆེ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་གིས་མཁན་པོ་དང༌། ཁྲི་ཆེན་ལས་ཐོག་པ་དམ་པ་འདི་ཉིད་ཀྱིས་ལས་སློབ་མཛད་དེ་རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་བསྙེན་རྫོགས་ཀྱི་སྡོམ་པ་གནང༌། དགའ་ལྡན་གྱི་ཁྲི་ཐོག་ལོ་ངོ་ལྔ་བསྐྱངས་ནས། དགུང་ལོ་དོན་དྲུག་པ་རབ་བྱུང་བཅུ་པའི་ས་འབྲུག་༡༥༦༨ལོར་སྐུ་གཤེགས། སྐུ་གདུང་དངུལ་ལས་གྲུབ་པའི་དབྱེན་ཟླུམ་མཆོད་རྟེན་དགའ་ལྡན་ཡངས་པ་ཅན་གྱི་སྟེང་ཐོག་ལི་མ་ལྷ་ཁང་དུ་བཞུགས། མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། ཁྲི་ཆེན་འདི་དང་དགའ་ལྡན་བྱང་རྩེ་མཁན་པོ་བསྟན་པ་དར་རྒྱས་གཉིས་མཚན་འདྲ་བའི་སྟབས་ཀྱིས་ཁྲི་ཆེན་འདི་བྱང་རྩེ་མཁན་པོ་བསྟན་པ་དར་རྒྱས་ཡིན་ཞེས་གསུང་མཁན་འདུག་ཀྱང༌། མཁན་པོ་དེ་ནི་ཤར་སྐུལ་ལྡན་རྒྱ་མཚོ་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་མཛད་སྐབས་ཀྱི་མཁན་པོ་ཡིན་ཅིང༌། དེ་ནི་རབ་བྱུང་བཅུ་པའི་དུས་མཇུག་ཏུ་བྱུང་བ་ཡིན་པས་དུས་མི་མཚུངས་སོ། ། ཞེས་གསུངས་པ་ནི་ལེགས་པར་བཤད་པ་སྟེ། །ད་དུང་རྒྱུ་མཚན་བཞན་ཞིག་ནི་ཁྲི་ཆེན་འདི་ཉིད་འཕན་པོ་ཀླུང་ཤོད་དུ་འཁྲུངས་ཤིང༌། བྱང་རྩེ་མཁན་པོ་བསྟན་པར་དར་རྒྱས་ནི་མདོ་ཁམས་རྒྱལ་རོང་དུ་འཁྲུངས་པ་ཤིན་ཏུ་གསལ་ཏེ། བཻ་སེར་ལས་༡༠༢ཞེས་གསུངས་སོ། །