དགའ་ལྡན་ཁྲི་ཐོག་ང་བཞི་བ་ཁྲི་ཆེན་ངག་དབང་མཆོག་ལྡན།

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་ང་བཞི་བ་ཁྲི་ཆེན་ངག་དབང་མཆོག་ལྡན་ནི། གཅན་ཚ་དཀར་མོ་ཕུག་ཏུ་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་༡༦༧༧ལ་འཁྲུངས། དགུང་ལོ་བཅུ་གཅིག་ཐོག་བྱ་ཁྱུང་དུ་ཕེབས་ནས་རྗེ་ཉིད་ཀྱི་ཁུ་བོ་ཁྲི་རིན་པོ་ཆེ་ངག་དབང་ཚུལ་ཁྲིམས་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། འདོན་ཆོས་སྤྱོད་བྱང་བར་སྦྱངས། དགུང་ལོ་བཅོ་ལྔའི་སྟེང་དབུས་གཙང་དུ་ཕེབས་ནས་སེ་ར་བསམ་བློར་ཞུགས། བཀའ་པོད་ལ་དཔྱིས་ཕྱིན་པའི་གསན་སྦྱོང་མཛད།

       དགུང་ལོ་ཉི་ཤུའི་སྟེང་གསང་ཕུར་ཕར་ཕྱིན་གྱི་མཚན་བཏགས་དང༌། ཉེར་ལྔའི་སྟེང་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་བཞེས་འཕྲལ་སྨད་རྒྱུད་གྲྭ་ཚང་དུ་ཞུགས། རྒྱུད་སྨད་ཆོས་རྗེ་དགེ་འདུན་ཕུན་ཚོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་འགྲེལ་པ་འགྲེལ་བཤད་མན་ངག་ལག་ཁྲིད་དང་བཅས་པ་དང༌། མ་རྒྱུད་ཐམས་ཅད་ཀྱི་གཙོ་བོ་དཔལ་འཁོར་ལོ་སྡོམ་པ་རྒྱུད་འགྲེལ་མན་ངག་ལག་ཁྲིད་དང་བཅས་པ་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པའི་རྒྱུད་མན་ངག་ལག་ཁྲིད་དང་བཅས་པ་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་མཛད་ནས་དགུང་ལོ་ཉེར་བདུན་པའི་ལོ་དབྱར་གནས་ཐོག་རྒྱུད་ཆེན་དགེ་འདུན་ཕུན་ཚོགས་ལ་གསོལ་བ་བཏབ་སྟེ། ཕྱི་མིག་ལུང་གི་ཁྲིད་ཁང་དུ་ཞུགས་ནས་མཁས་གྲུབ་རིན་པོ་ཆེའི་དཀར་ཆག་ཐོའི་ཡིག་ཆུང་ལས་ཇི་ལྟར་འབྱུང་བ་ལྟར་འདུས་པའི་རིམ་གཉིས་ཀྱི་ཁྲིད་ལག་ལེན་ཆེ་ཕྲ་མཐའ་དག་ཉམས་པ་མེད་པར་ཁྲིད་པར་མཛད།

        རྒྱུད་ཆེན་དགེ་འདུན་ཕུན་ཚོགས་འདི་ལ་དཔལ་དབེན་ས་སྙན་རྒྱུད་ཀྱི་མན་ངག་དང༌། སྲད་རྒྱུད་ཀྱི་མན་ངག་དང༌། རྒྱུད་སྨད་རང་གི་རྡོ་ལག་བརྒྱུད་ཀྱི་མན་ངག་གསུམ་ག་མངའ་ཞིང༌། དེ་ཡང་བཀླགས་ལུང་ཙམ་མིན་པར་དམར་ཁྲིད་ལག་རྗེས་དང་བཅས་པ་ཞིབ་ཏུ་ཁྲིད་པར་མཛད་པས་ལམ་རིམ་གཉིས་ལ་མི་འཇིགས་པའི་གདེང་ཐོབ། དེ་ནས་འཇམ་དབྱངས་བཞད་པ་རྡོ་རྗེ་ལ་ཡང་ལམ་རིམ་གྱི་ཁྲིད་དང་བསྐྱེད་རྫོགས་ཀྱི་ཁྲིད་དང་དབང་རྗེས་གནང་མང་དུ་གསན། གཞན་ཡང་དགེ་བའི་གཉེན་དུ་མ་ལ་དབང་ལུང་མན་ངག་མཐའ་ས་པ་གསན། དེ་ནས་ཡབ་ཡུམ་གྱིས་ནན་གྱིས་བསྐུལ་ཏེ་མདོ་སྨད་དུ་བྱོན་ནས་ལོ་ངོ་བཞི་ཙམ་བཞུགས།

         སླར་དགུང་ལོ་སོ་གསུམ་གྱི་ཐོག་དབུས་སུ་ཕེབས་ནས་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ལ་གསང་བདེ་འཇིགས་གསུམ་གའི་བསྐྱེད་རྫོགས་རྣམས་ཀྱི་ཁྲིད་དང་རྗེ་རིན་པོ་ཆེའི་གསུང་འབུམ་གྱི་ལུང་སོགས་ཆོས་བཀའ་མཐའ་ཡས་པ་གསན། དགུང་ལོ་སོ་བཞི་པར་གཞུང་ས་ནས་མཐོ་ལྡིང་མཁན་པོར་བསྐོ་བཞག་གནང་སྟེ་མཐོ་ལྡིང་གསེར་ཁྲིར་ཕེབས་ནས་ལོ་ཆེན་རིན་ཆེན་བཟང་པོའི་གདན་ས་བསྐྱངས་ཏེ་ལོ་ཆེན་གྱིས་བསྟན་པའི་དོན་དུ་སྐུ་གསུང་ཐུགས་རྟེན་རྒྱ་ཆེན་པོ་བཞེངས་པ་རྣམས་དང༌། མདོ་སྔགས་ཀྱི་འཆད་ཉན་བཙུགས་པ་རྣམས་བར་སྐབས་སུ་ཉམས་པ་རྣམས་དམ་པ་འདིས་ལེགས་པར་གསོས་ཏེ་ལོ་ཆེན་རང་ཉིད་སླར་བྱོན་པ་ལྟར་མངའ་རིས་སྐོར་གསུམ་དུ་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་བཤད་དེ་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད། མངའ་རིས་སུ་ལོ་བདུན་གྱི་རིང་བསྟན་པའི་བྱ་བ་མཛད་ནས་མཐོ་ལྡིང་གི་ཁྲི་བཞག་སྟེ་དབུསགཙང་དུ་འབྱོན་པའི་ལམ་ཞོར་གངས་ཏེ་སེ་མཇལ་བར་ཕེབས།

         གནས་དེར་བཀའ་བརྒྱུད་པའི་བླ་མ་གོང་མ་མང་པོས་ཕྱག་རྗེས་དང་ཞབས་རྗེས་བཞག་པ་མང་དུ་སྣང་བ་རྣམས་གཟིགས་པ་ན་འཇམ་མགོན་བླ་མའི་བསྟན་པའི་ཆེ་བ་འདོན་ཕྱིར་དམ་པ་འདིས་ཀྱང་རྡོ་ལ་ཞབས་རྗེས་འཇོག་པར་མཛད། དེ་ནས་མང་ཡུལ་སྐྱིད་གྲོང་དུ་ཕེབས་ཏེ་རང་བྱུང་ཝ་ཏི་བཟང་པོ་ལ་མཆོད་འབུལ་སྨོན་ལམ་རྒྱ་ཆེར་མཛད། དེ་ནས་སྐྱིད་གྲོང་གི་ཕུ་བྲག་ཁ་རི་ཁྲོད་དུ་ལི་ཐང་རབ་འབྱམས་པ་བླ་མ་བློ་བཟང་ཆོས་འཁོར་ལ་ཆོས་མང་དུ་གསན། དེ་ནས་དཔལ་ཁུད་དུ་ཕེབས་ནས་པད་མ་ཆོས་སྡིངས་མཇལ། བོ་དོང་འཇིགས་བྲལ་གྱི་གསུང་རྣམས་ལ་ཤིན་ཏུ་དགྱེས་པར་མཛད། དེ་ནས་རིམ་གྱིས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོར་རྟ་བཟང་པོ་སུམ་ཅུ་སྐོར་གྱིས་གཙོས་པའི་འབུལ་བ་སྤམ་ཆེ་བ་མཛད།

        བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་ཆོས་མང་དུ་ཞུ་བར་མཛད། དེ་ནས་དབུས་སུ་ཕེབས་ཏེ་གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་བ་ལ་མི་ཏྲ་བརྒྱ་རྩ་སོགས་དབང་རྗེས་གནང་མང་དུ་གསན། ཁྲི་ཆེན་དགེ་འདུན་ཕུན་ཚོགས་ལ་བདེ་མཆོག་རྩ་རྒྱུད་དང་སྦས་དོན་དུ་གསལ་གཉིས་རྩ་འགྲེལ་སྦྲགས་པའི་ལུང་སོགས་ཟབ་ཆོས་མང་དུ་གསན། དེ་ནས་རྒྱུད་སྨད་ཀྱི་ཁྲི་ལ་ཕེབས་ཏེ་རྗེ་ཐམས་ཅད་མཁྱེན་པས་རྗེ་བཙུན་ཤེས་རབ་སེང་གེ་ལ་ཕ་རྒྱུད་གསང་བ་འདུས་པ་དང༌། མ་རྒྱུད་འཁོར་ལོ་སྡོམ་པ་གཉིས་ཀྱི་རྒྱུད་འགྲེལ་དང༌། བསྐྱེད་རྫོགས་ཀྱི་ཁྲིད་རྣམས་རྒྱུན་མི་ཉམསཔར་བྱ་བའི་ཕྱིར་རྒྱུད་གྲྭ་འཛུགས་དགོས་པར་བཀའ་ཕེབས་པ་ལྟར་རྗེ་ཤེས་རབ་སེང་གེས་རྗེའི་བཀའ་ལྟར་རྒྱུད་ཀྱི་རྒྱལ་པོ་གཉིས་ཀྱི་འཆད་ཉན་གཙོ་བོར་བཏོན། བདེ་གསང་འཇིགས་གསུམ་གྱི་ཆོ་ག་ཕྱག་ལེན་མཐའ་དག་རྒྱུད་དང་རྗེའི་དགོངས་པ་ལྟར་རྣམ་པར་དག་པའི་རྒྱུད་གྲྭ་འཛུགས་པར་མཛད་ཅིང་རིང་ཞིག་འཕེལ་རྒྱས་སུ་གྱུར་ནའང་བདེ་མཆོག་གི་སྐོར་འདི་ལྷག་པར་བཀའ་གཉན་པ་དང༌། དུས་དབང་གིས་བར་སྐབས་ཤིག་ནས་བཟུང་རྒྱུན་ཆད་པ་དམ་པ་འདིས་གསོ་བར་བཞེད་ནས་རྗེ་རིན་པོ་ཆེ་ཉིད་ལ་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་བཏབ། རྗེ་རིན་པོ་ཆེའི་བསྟན་པ་གཉེར་དུ་གཏད་པའི་སྲུང་མ་མགོན་ཆོས་གཉིས་ལ་འཕྲིན་ལས་བཅོལ་ཏེ་སྡེ་སྣོད་འཛིན་པ་བློ་གསལ་དོན་གཉེར་ཅན་ཁ་ཤས་དབེན་དགོན་དུ་བཏང་སྟེ་གྲུབ་ཆེན་དབེན་ས་པ་ཡབ་སྲས་ཀྱིས་ཇི་ལྟར་བཙུགས་པའི་བདེ་མཆོག་གི་ཆོ་གའི་ཕྱག་ལེན་རྣམས་ཉམས་པ་མེད་པར་བླངས་ཏེ་ཆོ་ག་རྣམས་ལེགས་པར་བཙུགས།

         སྔར་ནས་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་ཀྱི་འཆད་ཉན་རྒྱུན་ཉམས་པ་མེད་པར་གནས་པ་གོང་འཕེལ་གྱི་ཐོག་བདེ་མཆོག་རྩ་རྒྱུད་དང༌། སྦས་དོན་ཀུན་གསལ་རྩ་འགྲེལ་སྦྲགས་པའི་འཆད་ཉན་ལེགས་པར་བཙུགས། ཊཱིཀྐའི་འཛིན་ཆོས་དང༌། བདེ་གསང་གཉིས་ཀྱི་བསྐྱེད་རིམ་དང༌། རིམ་ལྔ་གསལ་སྒྲོན་གྱི་གཟབ་བཤད། འཇིགས་བྱེད་ཀྱི་བསྐྱེད་རྫོགས་ཆེན་མོའི་གཟབ་བཤད་དབྱར་གནས་ཐོག་འདུས་པའི་བསྐྱེད་རྫོགས་ཀྱི་མྱོང་ཁྲིད་ལོ་རེ་བཞིན་ཉམས་པར་མེད་པ་བསྐྱངས། དོན་གཉེར་ཅན་འགའ་བྱས་ལ་ཁྲིད་ཆེན་བརྒྱད་ཀྱང་གནང་སྟེ་རྡོ་རྗེ་ཐེག་པའི་བསྟན་པ་ཆེས་ཆེར་སྤེལ་བས་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག་པའི་བསྟན་པ་ལ་བཀའ་དྲིན་ཟླ་མེད་དུ་མཛད་དོ། །

          གཞན་ཡང་བློ་གསལ་གླིང་ཞལ་སྔ་ནས་བློ་བཟང་སྦྱིན་པ་དང༌། གྲུབ་པའི་དབང་ཕྱུག་དོན་ཡོད་མཁས་གྲུབ་སོགས་ལའང་མདོ་སྔགས་ཀྱི་ཟབ་ཁྲིད་མང་དུ་གསན། དེ་ལྟར་མེ་ཕག་ནས་མེ་སྤྲེལ་བར་༡༧༠༧་༡༧༡༦ལོ་བཅུའི་རིང་ལ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གདན་ས་མཛད་དེ་ཆོས་ཟང་ཟིང་གཉིས་ཀའི་སྒོ་ནས་དགེ་འདུན་གྱི་སྡེ་ལེགས་པར་བསྐྱངས། ཁྱད་པར་བདེ་མཆོག་གི་ཆོས་སྐོར་ཉམས་པ་གསར་དུ་གསོ་བར་མཛད། ཡུན་རིང་གནས་པའི་ཕྱིར་གཞུང་ས་ཆེན་པོར་རྩོལ་བ་ཆེན་པོས་ཞུས་ཏེ་བདེ་མཆོག་སྒྲུབ་མཆོད་ཀྱི་མཆོད་གཞིས་ཡང་གསར་སྦྱོར་མཛད།

           དེ་ནས་རྒྱལ་བ་ཐམས་ཅད་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་སྔགས་ཀྱི་གསན་སྦྱོང་མཛད་རྒྱུའི་ཡོངས་འཛིན་དུ་རྗེ་འདི་པ་སྤྱན་དྲངས་པ་རྒྱུད་སྨད་ཀྱི་གདན་ས་བཞག་སྟེ་རྒྱལ་བ་མཆོག་གི་ཡོངས་འཛིན་དུ་བཞུགས་ཏེ་འགར་ཐར་དུ་ཕེབས། འགར་ཐར་དུ་བཞུགས་པའི་རིང་རྒྱལ་བ་བསྐུལ་བཟང་རྒྱ་མཚོར་རྒྱུད་སྨད་ཀྱི་ཕྱག་བཞེས་བཞིན་རྡོ་རྗེ་སློབ་དཔོན་མཆོད་པའི་ཆོ་ག་སྔོན་དུ་བཏང་སྟེ་ཉིན་རེ་བཞིན་འགྲེལ་པ་བཞི་སྦྲགས་ནས་གཟབ་བཤད་རེ་དང་རྒྱུད་ྜྲིའཀ་གི་འཛིན་ཆོས་ཆག་མེད་ཐོག་བར་བར་དུ་དབང་རྗེས་གནང་གི་རིགས་དང་ལུང་གི་རིགས་འབུལ་བར་མཛད།

           དགུན་དུས་ཕལ་ཆེར་བཅད་རྒྱར་བཞུགས་ཤིང་རྒྱུད་པའི་ཕྱག་བཞེས་ལྟར་དཔྱིད་ཆོས་ནས་བཟུང་རྒྱུད་འགྲེལ་གྱི་འཆད་ཉན་གོང་འཕེལ་དུ་མཛད་དེ་བཀླགས་ལུང་ཙམ་གྱིས་ཆོག་པར་མ་མཛད་པར་རྩ་རྒྱུད་དང་བཤད་རྒྱུད་རྣམས་ཤན་སྦྱར། དེ་དག་གི་དོན་འཕགས་པ་ཡབ་སྲས་ཀྱི་གཞུང་རྣམས་དང་རྗེ་ཡབ་སྲས་ཀྱི་གཞུང་རྣམས་དང་སྦྱར་ཏེ་མཐའ་དྲུག་དང་ཚུལ་བཞིའི་དོན་མཐའ་དག་པར་བཤད། རྒྱལ་བ་མཆོག་འདིའང་སྤྱིར་རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་དང༌། ཁྱད་པར་བླ་མེད་རྡོ་རྗེ་ཐེག་པའི་བསྟན་པ་ཉམས་པ་རྣམས་གསོ་བ་དང་རྒྱུན་ཅུང་ཟད་གནས་པ་རྣམས་ཆེས་ཆེར་སྤེལ་བར་བཞེད་པའི་ལྷག་བསམ་སྙིང་སྟོབས་ལྷག་པར་ཆེ་བས་རྒྱ་མཚོ་ཆེན་པོ་ཆུས་མི་ངོམས་པ་ལྟར་བླ་མ་རྡོ་རྗེ་འཆང་གིས་ཇི་ཙམ་བཤད་ཀྱང་ཚིམ་པ་མེད་པར་གོང་འཕེལ་དུ་མཛད།  

             འགར་ཐར་དུ་བཞུགས་རིང་ཐོས་བསམ་སྒོམ་པའི་བྱ་བ་མཐའ་དག་དབྱར་གྱི་མཚོ་དང་ཡར་ངོའི་ཟླ་བ་ལྟར་གོང་འཕེལ་དུ་གྱུར་པ་ཞིག་བྱུང༌། དེ་ལྟར་ལོ་གཉིས་ལྷག་ཙམ་གྱི་རིང་ལ་འགྲེལ་པ་བཞི་སྦྲགས་ནན་ཏན་དུ་བྱས་ནས་ཐུགས་སུ་ཆུད་པར་མཛད། དེ་ནས་དབུས་སུ་འབྱོན་པར་ཆས་པ་ན་གོང་མའི་རྒྱལ་ཁབ་སར་ལྕང་སྐྱ་རིན་པོ་ཆེ་ཡང་ཕེབས་ཏེ་རྒྱལ་བ་མཆོག་དང་རྗེ་འདི་གཉིས་ཀ་ལ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པར་གསན་ཞིང་ལྷག་པར་རྗེ་འདི་ལ་འགྲེལ་བ་བཞི་སྦྲགས་དང༌། རིམ་ལྔ་གསལ་སྒྲོན་གྱི་གཟབ་བཤད་དང༌། ཁྲིད་ཆེན་བརྒྱད་སོགས་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན་ཅིང་རྗེ་འདིས་ཀྱང་བུམ་པ་གང་བྱོ་ལྟ་བུར་གནང་བར་མཛད། དེ་ནས་ཕོ་བྲང་ཆེན་པོར་ཕེབས་ནས་ཀྱང་རྒྱལ་བ་མཆོག་ལ་མདོ་སྔགས་ཀྱི་ཟབ་ཆོས་མཐའ་དག་རིམ་གྱིས་འབུལ་བར་མཛད་ཅིང༌།

              ས་ལུག་༡༧༣༩ལོར་དགའ་ལྡན་གྱི་གསེར་ཁྲིར་ཕེབས་ཏེ་རྗེ་རིན་པོ་ཆེའི་མཛད་སྲོལ་རྣམས་མ་ཉམས་པར་བསྐྱངས། ལོ་བདུན་གྱི་རིང་ལ་གསེར་ཁྲི་སྐྱོང་བར་མཛད། དེ་ནས་ཁྲི་བཞག་སྟེ་ཕོ་བྲང་ཆེན་པོར་བཅར་བཞུགས་ཀྱིས་རྒྱལ་བ་མཆོག་ལ་ཆོས་འབུལ་དགོས་རྣམས་དང་དོན་གཉེར་ཅན་གཞན་མང་པོ་ལའང་ཆོས་སྐལ་རྒྱ་ཆེར་གནང༌། དེ་ནས་དགུང་ལོ་བདུན་ཅུ་ལོན་ནས་སྐུ་སྨིན་ཚུལ་ཆེ་བར་ཕེབས་པ་ན་གསེར་སྲང་བརྒྱ་ཕྲག་བརྒལ་བ་བཏུས་ཏེ་གངས་རིའི་ལྗོངས་ཀྱི་རྟེན་བྱིན་རླབས་ཅན་རྣམསལ་གསེར་གསོལ་མཛད། མདོར་ན་བདག་ཉིད་ཆེན་པོ་འདིས་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ནས་བཀའ་མདོ་རྒྱུད་མཐའ་དག་ལ་མཁས་པར་སྦྱངས་པས་ཡང་དག་པའི་ལམ་ལ་རིགས་པའི་ལམ་ནས་དྲངས་པའི་ངེས་པ་གཏིང་ཚུགས་པ་རསྙེད་ཅིང་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་ཕྱིན། ངེས་འབྱུང་གི་བསམ་པ་བཅོས་མིན་དུ་འཁྲུངས་པས་ཟག་བཅས་ཀྱི་བདེ་བ་མཐའ་དག་ལ་ཞེན་པ་གཏིང་ནས་ལོག །བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་ཐུགས་འབྱོངས་པས་སྒོ་གསུམ་གྱི་མཛད་པ་མཐའ་དག་གཞན་དོན་འབའ་ཞིག་ཏུ་གྱུར། ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་ཆུ་ཟླ་ལྟར་གཟིགས་པས་ཡེ་ཤེས་དང་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན། ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་དང་བདེ་སྟོང་གི་ཏིང་ངེ་འཛིན་ལ་མངའ་བརསྙེས་པ་མཁའ་འགྲོ་དབང་དུ་འདུ་ཞིང་ཆོས་སྐྱོང་སྲུང་མ་བྲན་དུ་འཁོལ། རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་པས་དུས་ཀྱི་མཐའ་འདིར་ཡང་ཐུབ་བསྟན་སྤྱི་དང༌། ཁྱད་པར་རྒྱལ་བ་བློ་བཟང་གྲགས་པའི་བསྟན་པའི་གནད་མཐའ་དག་ཉིན་མོ་ལྟར་གསལ་བར་མཛད་པ་ཞིག་ཡིན་ལ། སྒྲུབ་པ་ཉམས་ལེན་གྱི་དབང་དུ་བགྱིས་ན་གངས་ཏེ་སེ། ཀམ་པོ་གནས་དང༌། རྟ་སོ་བྲག་དཀར། བཞག་བྲག་གངས་རི། རི་བོ་དགེ་ལྡན།

           ཕ་བོང་ཁ་ལ་སོགས་པའི་སྒྲུབ་གནས་དུ་མར་སྐུ་མཚམས་ཡུན་རིང་དུ་མཛད་ཅིང༌། གཞན་ཡང་བྲེལ་བ་ཆེ་སྐབས་མ་གཏོགས་མངའ་རིས་སུ་ཕེབས་པ་ནས་བཟུང་གཞན་དོན་དུ་དགོངས་པ་གཏད་པ་ཚུན་ཆད་ལོ་རེ་བཞིན་མ་ཐ་ཟླ་བ་གསུམ་བཞི་རེ་ཙམ་མ་ཆག་པར་སྐུ་མཚམས་མཛད་ཅིང་རྒྱུན་པའི་ཐུགས་དམ་གྱི་རིམ་པ་ཡང༌། སྙན་རྒྱུད་བླ་མའི་རྣལ་འབྱོར་ལ་བརྟེན་པའི་དབང་བཞི་ལེན་པ་དང༌། བྱང་ཆུབ་བདེ་ལམ་གྱི་སྟེང་ནས་ལམ་རིམ་གྱི་དམིགས་ཁྲོད་སྐྱོང་བ། གསང་འདུས་མི་སྐྱོད་རྡོ་རྗེ། བདེ་མཆོག་དྲིལ་བུ་ལུས་དཀྱིལ། འཇིགས་བྱེད་ལྷ་བཅུ་གསུམ་གྱི་རྣལ་འབྱོར་རྒྱས་པ་རང་རང་གི་རྫོགས་རིམ་གྱི་ཉམས་བཞེས་དང་བཅས་པ། མྱུར་མཛད་མགོན་པོ་ཕྱག་དྲུག་པས་གཙོས་སྲུང་མ་རྣམས་ལ་གཏོར་བསྔོ་རྒྱས་པ་ཆབ་གཏོར་བརྒྱ་རྩ་ལ་སོགས་པའི་ཆོས་སྤྱོད་གཏོར་མའི་རིམ་པ། ཐབས་ཤེས་ཀྱི་ཉམས་ལེན་རྣམས་ཆག་མེད་དུ་མཛད་ཅིང་ཐུན་མཚམས་སུ་ཕྱག་དང་མཎ྄ཌལ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ཉིད་ལ་ཐུགས་དམ་གྱི་གཙོ་བོར་མཛད་པ་ཡིན་ཞིང་རྒྱུན་བསྙོན་ང་དཀྱིལ་འཁོར་གཙོ་བོའི་རྩ་སྔགས་རྣམས་དང༌།

            ཁྱད་པར་འཇིགས་བྱེད་ཀྱི་རྩ་སྔགས་ལྔ་བརྒྱ་ཙམ་རེ་ཆག་མེད་དུ་བཟླ་བ་དང༌། རྡོ་རྗེ་བཟླས་པ་དང༌། བུམ་པ་ཅན་གྱི་རླུང་སྦྱོང་ཡང་མང་དུ་མཛད་པར་སྣང་ངོ༌། །ལེགས་པར་བཤད་པས་གདུལ་བྱ་བསྐྱངས་པའི་རིམ་པ་ཡང༌། མངའ་རིས་སུ་ཕེབས་པ་ནས་བཟུང་གཞན་དོན་དུ་དགོངས་པ་གཏད་པ་ཚུན་ཆད་ལོ་རེ་གཉིས་ཙམ་མ་གཏོགས་ཕལ་ཆེར་ལམ་རིམ་གྱི་ཁྲིད་རྒྱས་བསྡུས་གང་ཡང་རུང་བ་རེ་མ་ཆག་པར་མཛད་ཅིང་ལམ་རིམ་ཆེན་མོའི་བཤད་ལུང་ཡང་བཅུ་ཕྲག་བརྒལ་བ་དང༌། འགྲེལ་པ་བཞི་སྦྲགས་ཀྱི་སྟེང་ནས་འདུས་པའི་རྒྱུད་ཀྱི་བཤད་པ་ཚར་ཉི་ཤུ་ལྷག་དང༌། རིམ་ལྔ་གསལ་སྒྲོན་བདེ་མཆོག་སྦས་དོན་ཀུན་གསལ་ལ་སོགས་པ་གཞུང་ཆེན་མོ་དུ་མའི་བཤད་པ་དང༌། དབང་ཁྲིད་ལུང་རྗེས་གནང་མཐའ་ཡས་པའི་སྒོ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་ཅིང༌། ལྷག་པར་རྒྱལ་བ་མཆོག་ལ་ལོ་ཉི་ཤུ་རྩ་བཞིའི་བར་དུ་ཡོངས་འཛིན་མཛད་དེ་ཆོས་བཀའ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ཕུལ། རྒྱལ་བ་མཆོག་ནས་ཀྱང་ཡོངས་འཛིན་རྣམས་ཀྱི་ནང་ནས་རྗེ་འདི་པ་བཀའ་དྲིན་ཟླ་མེད་དུ་འཛིན་པར་མཛད་དོ།

            དགུང་ལོ་དོན་ལྔ་པ་ལྕགས་ལུག༡༧༥༡ལོར་གསེར་ཁྲི་ལས་ཟུར་ནས་ར་སྒྲེང་དུ་ཕེབས་པའི་སྔ་ཞོགས་ནམ་སེང་ཙམ་ལ་གོང་ས་སྐྱབས་མགོན་ཆེན་པོ་ཚུར་གཟིམ་ཤག་ཏུ་ཕེབས་ཡབ་སྲས་གཉིས་གསུང་གླེང་ཤིན་ཏུ་མང་བ་དང་ཕན་ཚུན་འབྲལ་མི་ཕོད་པའི་ཚུལ་གྱིས་སྤྱན་ཆབ་མང་དུ་བསིལ་ནས་བྱིན་རླབས་ཞུ་རེས་མཛད་དེ་རྗེ་རང་གི་འབྲལ་སྤང་ལྟ་བུའི་ཐུགས་དམ་རྟེན་རྗེ་བཙུན་མཁའ་སྤྱོད་མའི་སྐུ་བྱིན་རླབས་ཅན་ཞིག་གོང་ས་རིན་པོ་ཆེར་ཕུལ་ཏེ། མགོན་པོ་ཁྱེད་ཞབས་པད་བརྟན་པ་དང༌། འཕྲིན་ལས་ད་ལྟའི་མུ་བཞིན་རྒྱས་པ། བདག་སྐྱེ་བ་ཐམས་ཅད་དུ་འབྲལ་མེད་རྗེས་སུ་གཟུང་དུ་གསོལ། བན་རྒན་གྱི་སྨོན་ལམ་འདེབས་རྒྱུ་དེ་ཡིན་ཐུགས་རྗེས་ཟུངས་ཞེས་ཞུས་ཤིང་རྒྱལ་བ་མཆོག་ནས་ཀྱང་ཞལ་བཞེས་བཟང་པོ་གནང༌། སྐུ་ཧར་གྱི་བཞེངས་ཏེ་གཟིམ་ཆུང་མདོ་བར་དུ་ཕེབས་སྐྱེལ་མཛད་སྐབས་གོང་ས་མཆོག་གི་དབུ་རྗེ་འདི་པའི་ཐུགས་ཀའི་ཐད་དུ་གཏད་ནས་ཐུཌ་སྨོན་ཡུན་རིང་གནང་ཞིང་སྤྱན་ཆབ་བསིལ། །ཕོ་བྲང་ཆེན་པོའི་རྒྱལ་སྒོའི་ཉེ་འགྲམ་ནས་ཕེབས་བྱམས་ལ་གདན་དྲངས། གསོལ་དཔོན་ཆེན་མོ་གྲགས་པ་མཐའ་ཡས་སོགས་རྩེ་དྲུང་ནང་མ་རྣམས་ལ་བསླབ་བྱ་ཞལ་གདམས་མང་དུ་གནང༌།

          དེ་ནས་རིམ་གྱིས་རྭ་སྒྲེང་དུ་ཕེབས་ཏེ་ལོ་དེའི་༡༧༥༡་ཟླ་བ་བརྒྱད་པའི་ཚེས་བདུན་གྱི་ཉིན་ཁྲི་མཐོན་པོ་ཞིག་བཤམ་བཅུག་ནས་དེར་བཞུགས་པ་མཛད། གོང་ས་མཆོག་ནས་ཆེད་དུ་སྒྲུབ་གནང་གི་བུམ་ཆུ་དང་འཕེལ་གདུང་སོགས་གནང་བ་ཚེས་བརྒྱད་ཀྱི་སྔ་དྲོ་འབྱོར་པས་པོ་ཏ་ལ་ངོས་སུ་ཕྱག་ཐལ་མོ་སྦྱར་ནས་བཞེས་པ་གནང༌། དྲོ་གོང་སྐབས་ཆར་ཟིམ་བུ་ཞིག་འབབ་བཞིན་པ་ལ་ཞབས་རྡོ་རྗེ་སྐྱིལ་ཀྲུང༌། ཕྱག་གཉིས་མཉམ་གཞག་དང་སྐུ་དྲང་པོར་བསྲངས་ཏེ་སྟོང་པ་གསུམ་རིམ་གྱིས་ཐིམ་པའི་ཐམས་ཅད་སྟོང་པ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་མཛད།

            གཟུགས་སྐུ་རགས་པའི་ཟ་མ་ཏོག་ནས་ཡེ་ཤེས་ཀྱི་སྐུ་ཁ་སྦྱོརབདུན་ལྡན་གྱི་རྣམ་པ་ཅན་དུ་བཞེངས་པ། ཞིང་དག་པ་རབ་འབྱམས་ཀྱི་དཔའ་བོ་དང་མཁའ་འགྲོའི་ཚོགས་བྱེ་བ་འབུམ་གྱིས་རྨད་དུ་བྱུང་བའི་ལྷ་རྫས་ཀྱི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བསུས་ཏེ་དགའ་ལྡན་མི་ཕམ་ཆོས་ཀྱི་བླ་མའི་མདུན་ས་ཆེན་པོར་གཤེགས་པར་གྱུར་ཏོ། གསུང་རྩོམ་ཡང༌། མགོན་པོ་ཕྱག་དྲུག་པའི་བསྙེན་ཡིག་འཕྲིན་ལས་བཞི་ཡི་བང་མཛོད་དང༌། དམིགས་བརྩེ་མའི་ལས་ཚོགས་ཆར་འབེབ་སོགས་བཞུགས། དེའི་སྐུ་ཕྲེང་གཉིས་པ་ཁྲི་ཆེན་བསྟན་པ་རབ་རྒྱས། ལི་ཐང་དུ་རབ་བྱུང་བཅུ་གསུམ་པའི་ས་ཡོས་༡༧༥༩ལོར་སྐུ་འཁྲུངས་ཏེ་དགུང་ལོ་ང་བདུན་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕག་༡༨༡༥ལོར་སྐུ་གཤེགས།

             སྐུ་ཕྲེང་གསུམ་པ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་རབ་བྱུང་བཅུ་བཞི་པའི་མེ་གླང་༡༨༡༧ལོར་འཁྲུངས་ཏེ་རབ་བྱུང་བཅུ་བཞི་པའི་ཆུ་ཕག་༡༨༦༣ལོར་སྐུ་གཤེགས། སྐུ་ཕྲེང་བཞི་པ་ངག་དབང་ཡེ་ཤེས་རབ་བྱུང་བཅུ་བཞི་ཤིང་བྱི་༡༨༦༤ལོར་འཁྲུངས་ཏེ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕག་༡༩༡༡ལོར་སྐུ་གཤེགས། སྐུ་ཕྲེང་ལྔ་པ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་༡༩༡༢ལོར་སྐུ་འཁྲུངས། དགུང་ལོ་སོ་དྲུག་པ་རབ་བྱུང་བཅུ་དྲུག་པའི་མེ་ཕག་༡༩༤༧ལོར་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་གཞུང་ཞབས་འཇོན་ཐང་ཅན་ཁག་གཅིག་གིས་བཙོན་འཇུག་ལྐོག་བསྐྲོངས་བྱས། སྐུ་ཕྲེང་དྲུག་པ་བསྟན་འཛིན་འཇིགས་མེད་མཐུ་སྟོབས་དབང་ཕྱུག་རབ་བྱུང་བཅུ་དྲུག་པའི་ས་བྱི་༡༩༤༨ལོར་སྐུ་འཁྲུངས་ཏེ་རབ་བྱུང་བཅུ་བདུན་པ་མེ་གླང་༡༩༩༧ལོར་སྐུ་གཤེགས། སྐུ་ཕྲེང་བདུན་པ་བློ་གྲོས་རྒྱ་མཚོ་འཕྲིན་ལས་ལྷུན་གྲུབ་མཆོག་ནི་ད་ལྟར་འཚོ་ཞིང་བཞུགས་པ་འདི་བཞིན་ལགས་སོ།