དགའ་མལ་དགོན་

ཡོང་ཁུངས་Wikipedia

མདོ་སྨད་ཟིང་ཆུ་དགོན་ལག་བཅུ་གསུམ་གྱི་གཞི་དགོན་ནམ་བྱང་བྱ་དུར་དཔལ་གཤེན་བསྟན་དགའ་མལ་ཀུན་ཁྱབ་བདེ་ཆེན་གླིང་ནི། མདོ་སྨད་ཟིང་ཆུ་རྫོང་ཕྱོགས་ཀྱི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོའམ་གྲྭ་ས་ཆེ་བ་ཞིག་ཡིན། གྲྭ་གྲངས་སྟོང་ཡས་མས་སུ་ཡོད། དེ་ཡང་དགའ་མལ་དགོན་དང་དགའ་མལ་དགོན་ཆེན་ཞེས་དགོན་པ་གཉིས་ཡོད་པ་ལ། དགའ་མལ་དགོན་ནི་རབ་བྱུང་དྲུག་པའི་ས་རྟ་སྤྱི་ལོ༡༣༧༨ལོར་ཁྱུང་ཚ་རིན་ཆེན་རྒྱལ་མཚན་གྱིས་གསར་བསྐྲུན་གནང་བ་དང་། དགའ་མལ་དགོན་ཆེན་ནི་ལོ་ངོ་བརྒྱ་ཕྲག་འགའི་གོང་ཡས་མས་སུ་བླ་མ་ཐོགས་མེད་སྤྲུལ་སྐུ་སྣང་ཞིག་བྱ་འཕུར་གདུང་ལས་འཁྲུངས་པའི་བླ་མ་དེས་དགའ་མལ་གོང་དུ་གསེར་ཁྲི་བསྐྱངས། ཕྱི་དགོན་ལག་བཅུ་གསུམ་དང་ནང་དགོན་ཁག་ལྔ་པོའི་གྲྭ་ས་ཆེ་བ་ཞིག་བཙུགས་ནས་ཚོགས་ཆེན་འདུ་ཁང་སོགས་བཞེངས་པར་གྲགས། བར་སྐབས་སུ་རྐྱེན་ངན་སྣ་ཚོགས་ཀྱིས་རྐྱེན་པས་ཉམས་དམས་སུ་སོང་། སླར་ཡང་བོད་རབ་བྱུང་བཅུ་དྲུག་མེ་ཕག་སྤྱི་ལོ་༡༩༤༧ལོ་ཟིང་ཆུའི་ཕྱི་དགོན་ལག་བཅུ་གསུམ་དང་ནང་དགོན་ཁག་ལྔ་བོ་ལྷན་དུ་འཚོགས་རྒྱུའི་གྲོས་མོལ་གནང་ནས། ལོ་དེའི་ས་ག་ཟླ་བའི་ཡར་ཚེས་ལ་རིན་སྤུངས་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་གྱིས་དགོན་ཁག་འཚོགས་ཆེན་ཁྲི་བའི་ལས་ཐོག་གནང་ནས། རིན་སྤུངས་དཔལ་གཤེན་བསྟན་བཀྲ་ཤིས་སྨིན་གྲོལ་གླིང་དུ་བསྟན་པའི་རྒྱལ་མཚན་བཞེངས། དེའི་རྗེས་སུ་རིམ་བཞིན་དགའ་མལ་དགོན་དང་། སྐྱང་ཚང་དགོན། སྣང་ཞིག་ལྕགས་མདུད་དགོན། སྣང་ཞིག་དངུལ་སྐུ་དགོན་བདག་རིམ་བྱོན་གྱིས་དགོན་ཁག་གི་ཁྲི་བཞེངས་གནང་། འདུས་སྡེ་ཡང་སྟོང་ཕྲག་དུ་མར་འཕེལ་རྒྱས་བྱུང་། དེ་ནས་རབ་བྱུང་བཅུ་དྲུག་ས་བྱི་སྤྱི་ལོ་༡༩༤༨ལོར་ཟིང་ཆུ་དགོན་ཁག་ལྔ་བོའི་གཙུག་ལག་ཁང་སྟེ་ཚོགས་ཆེན་འདུ་ཁང་སོགས་བཞེངས་རྒྱུ་གྲོས་མོལ་གནང་ནས་བྱ་དུར་གནས་རིའི་མདུན་དགའ་མལ་དགོན་ནང་དུ་བཞེངས་རྒྱུ་གྲོས་འཆམ་བྱུང་བ་ལྟར་དགོན་ཆེན་གསར་བཞེངས་གནང་། རིག་གསར་སྐབས་སུ་ཕྱི་ནང་གི་རྟེན་སོགས་ཉམས་དམས་བྱུང་ཡང་ཕྱིས་སྲིད་ཇུས་ལྷུག་པོར་བྱུང་རྗེས་སླར་ཡང་ཕྱི་དགོན་ལག་བཅུ་གསུམ་དང་ནང་དགོན་ཁག་ལྔ་ལྷན་འཛོམས་ཀྱིས་དགོན་ཆེན་བསྐྱར་བཞེངས་གནང་ནས་མཁན་ཆེན་ཤེས་རབ་མཐར་ཕྱིན་དང་དཔོན་སློབ་བསྐལ་བཟང་དར་རྒྱས་རྣམ་གཉིས་ནས་གཙོ་འགན་བཞེས་ནས་བཤད་སྒྲུབ་ཀྱི་བསྟན་པ་སྤེལ། ད་ཆ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་དང་དཔོན་སློབ་ཤེས་རབ་མཐར་ཕྱིན་སོགས་ལྷན་འཛོམས་ངང་ནས་བླ་གྲྭ་བདུན་བརྒྱ་ལྷག་གིས་བསྟན་པ་འཛིན་དང་འཛིན་བཞིན་པ་ལགས་སོ། །