Jump to content

དགའ་བ་འཕེལ་ལམ་ཧརྵའི་ལོ་རྒྱུས་ཀྱི་ཁུངས་ངོ་སྤྲོད།

ཡོང་ཁུངས་Wikipedia

བེ་རི་འཇིགས་མེད།

དགའ་བ་འཕེལ་གྱི་ལོ་རྒྱུས་ནི་འཕགས་བོད་གཉིས་ཀར་གལ་ཆེ་རང་བཞིན་ལྡན་པའི་ལོ་རྒྱུས་ཀྱི་ཤེས་བྱའི་ཆ་ཤིག་ཤིག་ཡིན་པས།་འདིར་ཞིབ་ཙམ་འབྲི་བར་འདོད་དེ།དེ་ཡང་དགའ་བ་སྐུ་དངོས་ཀྱི་ཞལ་མཇལ་ཞིང་གསུང་ཐོས་པར་མ་ཟད།མི་ལོ་མང་པོའི་རིང་ལ་དགའ་བ་འཕེལ་གྱི་བཀའ་ཡི་མདུན་ན་འདོན་གྱི་གོ་གནས་བཟུང་མྱོང་བ་དང་།ལེགས་སྦྱར་རྩོམ་རིག་ཤེས་བྱ་ལ་ད་ལྟ་ཡང་སྙན་གྲགས་ཆེར་ལྡན་པ་མབྷཊྚས་མཛད་པའི་(ཧརྵའི་སྤྱོད་པ)ཞེས་པ་དེ་དང་།རྒྱ་ནག་ཐང་གི་ལོ་ཙཱ་བ་ཆེན་པོ་ཐང་ཤན་ཙང་གི་(ནུབ་ཕྱོགས་འགྲིམས་པའི་ལམ་ཡིག) གཉིས་ལ་བརྟེན་ནས་བསྒྲིག་རྒྱུ་ཡིན།གོང་གསལ་དེབ་དང་པོ་དེ་ནི་ད་ལྟར་ཡང་ལེགས་སྦྱར་སྐད་དུ་ཁྲ་ལྷམ་མེར་ཡོད་པར་མ་ཟད།དེའི་དཔྱད་བརྗོད་དང་འགྲེལ་བཤད་ཀྱང་དུ་མ་དབྱིན་ཧིན་སྐད་ཡིག་གཉིས་ཀའི་ཐོག་ནས་མཇལ་དུ་ཡོད།ཧརྵའི་སྤྱོད་པ་དེ་ཉིད་ལས་གལ་གནད་ཆེ་བ་རྣམས་ལོ་ཙཱ་བ་ཟླ་བས་དོན་བསྒྱུར་གནང་བ་དང་།དེའི་དཔྱད་བརྗོད་ཁག་ནས་ཀྱང་དོན་གནད་མི་ཉུང་བ་ཞིག་དོན་བསྒྱུར་གནང་དུ་བཅུག་པ་དང་།ཕྱི་མ་ཐང་སན་བླ་མའི་ལམ་ཡིག་ནི།བོད་རྒྱ་གཉིས་ཀའི་ཡིག་ཐོག་ནས་རག་པ་མ་ཟད།རྒྱ་ཡིག་རྙིང་པ་ལ་དེང་མཆན་གསར་པ་བཏབ་ནས་ཧ་ཅང་གོ་བདེ་ཉན་སླ་བྱས་ཡོད་པ་དང་།བོད་དཔེ་མི་བཟང་མགོན་པོ་སྐྱབས་ཀྱི་བསྒྱུར་བ་དེ་བཞིན་འཇའ་པན་གྱི་དྲ་རྒྱ་ནས་ཡིག་འཇུག་ཟིན་པ་(ཡིག་ནོར་ཧ་ཅང་མང)ཡང་གློག་ཀླད་ནས་རག་པ་དང་། གཞན་ཡང་ཧརྵའི་སྐབས་ཀྱི་རྡོ་བརྐོས་ཡི་གེ་དང་དངུལ་ཊམ་སོགས་ད་ལྟར་དངོས་སུ་མཇལ་རྒྱུ་ཡོད་པ་ཁག་ལ་བརྟེན་ནས་བསྒྲིགས་པའི་རྒྱ་གར་མཁས་པའི་རྩོམ་ཆོས་དང་བོད་ཀྱི་མཁས་པའི་བསྒྱུར་རྩོམ་གནང་བའི་ཁུངས་ལྡན་ཁག་གི་ཡིག་ཆ་ལ་བརྟེན་ནས།ཧརཥའི་ལོ་རྒྱུས་ཅུང་ཟད་ཞིབ་ཚའི་ལུགས་སུ་བྱས་ནས་འབྲི་བའི་སྤོབས་པ་སྐྱེས། དེ་ཡང་དང་པོར་ཡིག་ཆ་དེ་དག་གི་ཁུངས་དང་ངོ་སྤྲོད་རགས་ཙམ་སྔོན་དུ་ཞུ་ན། 1.ཧརྵའི་སྤྱོད་པ་ནི། སློབ་དཔོན་བཱན་བྷཏྟིས་ཧརྵའི་ཞལ་དངོས་སུ་མཇལ་བ་མ་ཟད་དེའི་མདུན་ན་གདོན་གནང་མྱོང་བས་དངོས་ཡོད་གཏམ་གྱི་རང་བཞིན་བྱས་ནས་བྲིས་པ་ཞིག་ཡིན་ཏེ། ཁོང་གིས་རང་ཉིད་དགའ་བ་འཕེལ་དང་འབྲེལ་བ་ཇི་ལྟར་བྱུང་ཐད། འདི་ལྟར་བྲིས་སྣང་སྟེ། སློབ་དཔོན་གྲོང་ན་ཡུན་རིང་མ་འཕྲད་པའི་ཉེ་བའི་གཉེན་དང་བརྩེ་བའི་གྲོགས་ཀྱི་ཚོགས་དང་གྲོགས་བཞིན་སྣང་བ་སྐྱིད་པའི་ཉི་མོ་ཞིག་ན། དབང་ཕྱུག་གནས་ ཞེས་བྱ་བའི་གྲོང་གི་རྒྱལ་པོ་དགའ་བ་འཕེལ (हर्षवर्धन)་ཞེས་བྱ་བ་དེའི་ནུ་བོས་བརྫངས་པའི་ཕོ་ཉ་ཞིག་སླེབས། ཁོང་གི་རིགས་མི་གཅིག་པོའི་ནུ་བོས་ལན་བྱས་པར་ནང་དུ་གདན་དྲངས། སློབ་དཔོན་གྱིས་ཕོ་ཉ་ལ་དྲིས་པས་ཕོ་ཉས་ནག་པོས་སྤྲིངས་པའི་འཕྲིན་དེ་ཕྱག་ན་ཕུལ་བཞིན་ནག་པོའི་ལན་ཡང་དེ་ལྟར་ཞུས། གུས་པས་ཁྱོད་ནི་ལས་དབང་གི་ཉེ་གྲོགས་ཞིག་ཏུ་སེམས། ཁྱོད་ཉིད་ཀྱི་མ་ཤེས་བཞིན་ལ་ལས་རྒྱལ་པོ་རྣ་ལུང་ན་དབྱེན་བཅུག འོན་ཀྱང་ཁོ་བོས་དེ་ནི་ཞེ་སྡང་བའི་གཏམ་ཕྲ་མ་ལས་དོན་དངོས་པོ་མ་ཡིན་པར་ཤེས། ཀུན་གྱིས་དེ་ལྟར་ཕྲ་མ་བཅུག་པར་རྒྱལ་པོ་བློ་དོགས་པར་གུས་པས་ཁྱོད་ཀྱི་བདེན་དཔང་དྲངས། དེར་བརྟེན་ད་ནི་ཕོ་བྲང་ན་ངེས་པར་བཀོད་པ་ལས་མི་གདའ་བས་དེ་གར་རེམས་ཀྱི་འབྱོན་པར་ལེགས་ཞེས་གསོལ། དེ་ན་སློབ་དཔོན་གྱིས་བདག་ནི་ཁྱིམ་བརྒྱུད་པ་དང་བཅས་པ་བྲམ་ཟེའི་རིགས་ལས་ཆད། རྒྱལ་པོའི་དཔོན་དབང་ལ་སོགས་པའི་གནས་ལུགས་ནི་མ་ཤེས། འོན་ཀྱང་རྒྱལ་པོའི་ཐུགས་དགོངས་ན་བདག་ཉེས་ཆེ། ཕོ་བྲང་གི་བྱ་བ་ནི་བདག་ལས་མ་ཡོང་། ཕོ་བྲང་གིས་སྔར་བྱས་པའི་དྲིན་ཡིན་ཞེས་བདག་ལ་ནི་མ་བྱུང་། བྱིས་པའི་དུས་དཀའ་ཡང་དེ་ནི་ལོ་རྒས་པའི་ཚེ་སྔར་ཕོ་བྲང་ལ་འབྲེལ་བའི་གནས་ལུགས་གཅིག་ཀྱང་བདག་གིས་ནི་སེམས་ལ་མི་འཆར། བདག་ལ་རིག་པའི་གནས་ལ་མཁས་པའི་སྙན་གྲགས་ནི་མེད། མཛངས་པའི་སྤྱོད་པ་ནི་དེ་བས་མེད། གཞན་རྒྱལ་བློན་རྣམས་ལ་མཁས་པའི་སྤྲེལ་ལད་ནི་བདག་གིས་མ་ཤེས། འོན་ཀྱང་ནག་པོས་ཇི་ལྟར་བཀའ་བཀུག་པ་བཞིན་མ་འབྱོན་ན་དེ་བས་ཉེས། དེ་ལྟར་རང་ཉིད་ཀྱི་ལྷག་པའི་ལྷ་ཞི་བ་ལ་གསོལ་འདེབས་བཞིན་ཕོ་བྲང་ལ་འབྱོན་པའི་གྲབས་སྒྲིག ནམ་སང་གི་ཉིན་མོ་སློབ་དཔོན་རང་ཉིད་ཀྱི་བྲམ་ཟེའི་ཆོ་གའི་བྱ་བ་འཕྲོར་མི་ལུས་པར་ཡོངས་སུ་རྫོགས་པར་གྲུབ་ནས། གྲོང་པའི་སྙིང་ཉེ་དང་རྒན་རྒོན་སྤུན་གྲོགས་ཡོད་དོ་ཅོག་སྨོན་ལམ་སོགས་འཁུར་བཞིན་ཕོ་བྲང་གི་ཕྱོགས་སུ་འཆད། དེ་གར་ཕོ་བྲང་སྒོ་ཆེན་པོའི་མདུན་ལམ་ན་རྒྱལ་ཁབ་འདྲ་མི་འདྲའི་ཕོ་ཉ་དང་རྐྱེས་ལ་སོགས་པ་གྲལ་སྟར་སྒྲིག་ནས་ཚང་ཁ་ཤིག་ཤིག་ཡོད། དེ་ནས་ཕོ་ཉ་དེ་སྔོན་དུ་སོང་ན་སློབ་དཔོན་དེ་གར་འབྱོར་བའི་འཕྲིན་བྱས་པ་རྒྱལ་པོའི་གང་དུ་གདན་དྲངས། དེ་གར་རྒྱལ་པོ་དགའ་བ་འཕེལ་ (हर्षवर्धन)དང་འཕྲད། འོན་ཀྱང་རྒྱལ་པོས་ཅི་བཱ་ཎ་ཞེས་པ་འདི་ཡིན་ནམ། ཇི་ལྟར་བདག་གི་བྱིན་རླབས་མ་བསྩལ་བར་དུ་བདག་གང་ཟག་འདི་ལ་ངོ་འཕྲད་བྱ་རྒྱུ་མིན་ཟེར། བཱ་ཎས་རྒྱལ་པོ་དགོངས་པ་མ་རྟོགས་ནས་འཕྲལ་དུ་རྒྱལ་པོ་རིན་པོ་ཆེ་ཁྱོད་ཀྱི་གཏམ་འདི་ཅི་རེད། ཅི་ཁྱོད་བདག་ལ་ཡིད་མི་འཚལ་ལམ། ཡང་ན་ཁྱོད་ཀྱི་བློ་གྲོས་གཞན་གྱི་ཁ་ཕྱོགས་འགྱུར་བ་ཡིན། ཡང་ན་ཁྱོད་ཉིད་གཞན་གྱི་དབང་དུ་སོང་ནས་དེ་ལྟར་བརྗོད་པ་ཡིན། བདག་ལ་དེ་ལྟ་བུའི་འཕྱ་བ་དང་སྨད་རྭ་མཛད་པ་ནི་འོས་པ་མེད། བདག་ནི་བྲམ་ཟེའི་ཁྱིམ་བཱཏྶྱཱན་ཡི་བརྒྱུད་པ་ལས་བྱུང་བ་ཞིག་ཡིན། བྲམ་ཟེ་ཆོ་ག་ཡོངས་སུ་གྲུབ། རིག་བྱེད་ཀྱི་གཞུང་ལ་ཡང་བསླབས། ཆོས་དང་འཐུན་པའི་སྤྱོད་པ་བསྐྱངས་བཞིན་ཁྱིམ་པའི་བྱ་བ་ལ་བཞུགས། དེར་བརྟེན་རྒྱལ་པོ་ཁྱོད་ནི་སངས་རྒྱས་བཅོམ་ལྡན་འདས་ལྟ་བུ་སེམས་རབ་ཏུ་ཞི་བ། དམྱལ་བའི་འཆི་བདག་ལྟ་བུ་དབང་བཙན་པ། མཚོ་བདུན་དང་གླིང་ཕྲན་ཡོངས་སུ་རྫོགས་པ་དབང་དུ་བསྐུར་བའི་སྟོབས་སྦྱོར་ལྡན་ཡང་། ད་དུང་གང་ཟག་ཁོ་བོ་ལྟ་བུར་བློ་དོག་ལ་སྙིང་ཞུམ་དགོས་པའི་རྒྱུ་མཚན་ཅི། མཁས་མཛངས་བློ་གྲོས་ཅན་གྱི་རང་གཤིས་ནི་སྒམ་པ་དང་གཟབ་པ་ཡིན། གལ་ཏེ་ཁྱོད་ཁོ་བོར་བློ་དོག་ན་རིམ་པས་ཁྱོད་ཀྱི་ཁོ་བོ་སྐོར་ལ་ཤེས་ངེས་པས་གནས་སྐབས་འདིར་ཁྱོད་ཁོ་བོར་ཐུགས་འཚལ་དགོས་མེད་པ་ཞུ་ཞེས་སློབ་དཔོན་བཱ་ཎ་ནས་རྒྱལ་པོའི་སྙན་དུ་གསོལ། དེ་ལྟར་ཉི་མ་ཞུས་ནས་རྒྱལ་པོ་རང་ཉིད་ཀྱི་ཕོ་བྲང་ན་ལོག་པ་དང་བཱ་ཎ་ཡང་རང་གནས་སུ་ལོག བཱ་ཎ་རང་གནས་སུ་འབྱོར་ནས་རྒྱལ་པོས་རང་ཉིད་ཕོ་བྲང་ན་འབོད་ནས་ཆེས་བསྟོད་དེ་ལྟ་བུ་གནང་ཡང་ད་དུང་རང་ཉིད་རྒྱགས་པའི་དབང་དུ་སོང་ན་རྒྱལ་པོ་ལ་ངན་ཁ་བསྐྱལ་ཚུལ་འདི་དངོས་ཡོད་སྤྱོད་པ་དང་མ་འཐུན་ནོ་སྙམ་ནས་སེམས་ཤིན་ཏུ་འགྱོད། དེ་ནས་བཱ་ཎ་ཡིས་ད་ནི་ཇི་ལྟར་རྒྱལ་པོ་གང་འདོད་པ་བཞིན་བདག་གིས་གཉེན་བཀུར་བྱ་བ་ལས་བྱིས་བའི་སྣང་བ་དང་ང་རྒྱལ་གྱི་དབང་དུ་མི་སོང་བར་བྱ་བའོ་ཞེས་དམ་བཅའ་བྱས། དེའི་ཕྱི་ཉིན་རྒྱལ་པོ་སླར་འཕྲད་པར་ཁོང་གིས་རྒྱལ་པོས་ཇི་ལྟར་འདོད་པ་ལྟར་བྱས་པས་རྒྱལ་པོ་ཐུགས་ཤིན་ཏུ་འགུ་ནས་རང་ཉིད་ཀྱི་ཕོ་བྲང་ལ་གདན་དྲངས་ལ་ནོར་དང་དབང་ལ་སོགས་པའི་རྔན་པ་གྱ་ནོམ་པ་བསྩལ། ཞེས་འབྱུང་བ་ལྟར་ཡིན་ལ། ཇི་ལྟར་རྩོམ་པའི་ཚུལ་ནི་འོག་ཏུ་དགའ་བ་འཔེལ་གྱི་ཁྱིམ་རྒྱུད་ངོ་སྤྲོད་དུ་གསལ་བ་ལྟར་ཡིན། རྒྱ་གར་ལོ་རྒྱུས་སྨྲ་བ་ཚོས་འདི་ཉིད་ཁུངས་བཅོལ་ས་གལ་ཆེར་བརྩིས་ཞིང་། ཨཅརྱ་ཐུབ་བསྟན་མཆོག་གྲུབ་་ཀྱིས་ཀྱང་། ཁུངས་གཉིས་པ་ནི་སྙན་ངག་པ་བྰྭབྷཊྚས་མཛད་པའི་ཧརྵའི་རྣམ་ཐར་དེ་ཡིན་ལ་བྷཊྚ་ནི་ཧརྵ་རྒྱལ་པོའི་འཁོར་ཚོགས་ནང་དུ་ཡང་ཡོད་པ་ཞིག་སྟེ།ཁོང་གིས་མཛད་པའི་ཧརྵའི་རྣམ་ཐར་དེ་དེང་དུས་ཀྱི་རྣམ་ཐར་ལྟར་མཛད་པའི་ལོ་རྒྱུས་ཆ་ཚང་གྲལ་རིམ་བསྟར་ཆགས་སུ་མེད་ཀྱང་ཡིག་ཆ་གཞན་ལས་ཅུང་ཟད་གནས་ཚུལ་མང་བ་ཡོད།དཔེ་དེབ་འདིའི་ནང་ཧརྵའི་མི་རབས་གོང་མའི་བྱུང་ཚུལ་དང་།སྐུ་ཚེའི་སྟོད་ཀྱི་མཛད་རིམ་དང་།ཁོང་གི་སྲིང་མོ་རཱཇཤྲཱི་དེ་དགྲ་བོའི་ལག་ནས་བསྐྱབས་པའི་བར་གྱི་དཔའ་བའི་མཛད་རྗེས་བཅས་འཁོད་ཡོད་པ་རེད།དཔེ་དེབ་འདི་བཞིན་མཛད་པ་པོ་དེས་རང་གི་རྗེ་བོ་ལ་ཕུལ་བྱུང་གི་བསྟོད་པ་བྱེད་ཆེད་སྙན་ངག་གི་ལམ་ནས་བྲིས་པ་ཞིག་ཡིན་པ་ལས་མཛད་པ་ཆ་ཚང་བ་བཀོད་མི་འདུག་པས་བརྩམས་འཕྲོ་ལྟ་བུ་ཞིག་ཡིན།དེ་ལྟ་ན་ཡང་ལོ་རྒྱུས་ཀྱི་ཆ་ནས་ཁུངས་གལ་ཆེན་པོ་ཡིན།ཞེས་གསུངས་འདུག 2.ཐང་སན་བླ་མའི་ལམ་ཡིག་ནི། ཐང་སན་རང་ཉིད་འཕགས་ཡུལ་ས་གནས་གང་སར་དངོས་སུ་ཕེབས་མྱོང་བ་དང་། རང་ཉིད་སྐུ་དངོས་རྒྱལ་པོ་དགའ་བ་འཕེལ་དང་དངོས་སུ་མཇལ་འཕྲོད་བྱུང་བ་མྱོང་བ་མ་ཟད། ཕན་ཚུན་ཧ་ཅང་འབྲེལ་བ་དམ་ཟབ་ལྡན་པ་ཞིག་ཡིན། ཁོང་གི་ལམ་ཡིག་ཏུ།བདག་ཐང་སིང་སྐད་གཉིས་པའི་ཐ་ཤལ་དེ་ཀར་ཡོད་པའི་སྐབས་ཤིག་ཆོས་འཁོར་ཆེན་པོ་ཞིག་དང་ཐུག་པས། ཀ་མ་རུ་བའི་རྒྱལ་པོ་ལ་ཞུས་[57b6]སྟེ། ན་ལ་ནྡྷ་ལའི་དགོན་པར་རྒྱང་པེན་གྱི་སློབ་དཔོན་འགའ་འབྱོར་བྱུང་བ་བལྟར་ཕྱིན་པས། རྒྱལ་པོ་ཚུལ་ཁྲིམས་ཉི་མ་དང་མཇལ་བསྙུན་དྲི་སོགས་མཛད་ཅིང་བག་ཕེབས་པར་མཛད། རིམ་གྱིས་མ་ཧཱ་ཙི་ན་ཞེས་པའི་[57b7]ཡུལ་ཕྱོགས་གང་དུ་ཡོད་ཟེར་བས་མགོ་བརྩམས་ཏེ་དྲི་བཞིབ་ཏུ་མཛད་པས་དགྱེས་པ་ཆེན་པོ་མཛད་དོ། །ཨ་ལ་ལ་ཧོ༔ ཡུལ་དེའི་སྐྱེ་བོ་དག་བསོད་ནམས་ཤིན་ཏུ་ཆེའོ་ཞེས་གསུངས་སོ། །དེ་ལྟ་བུའི་རྒྱལ་པོ་ཚུལ་ཉི་ལྟ་[58a1]བུའི་ཆོས་ལྡན་གྱི་རྒྱལ་པོ་དང་འཕྲད། ཆོས་སྲིད་གཉིས་ཀྱི་དཔལ་ཕུན་སུམ་ཚོགས་པ་ལ་རོལ་ཞིང་མི་ཚེ་ཆོས་དང་འཇིག་རྟེན་གྱི་སྐྱིད་པ་མཐོང་། འཇིག་རྟེན་འདིར་ཤིན་ཏུ་འཕྲད་དཀའ་བ་དང་ཕྲད་[58a2]པ་ཤིན་ཏུ་ཡང་ངོ་མཚར་རྨད་དུ་བྱུང་བའོ། ། ཞེས་འབྱུང་བ་ལྟར་ཡིན། འདི་ལ་རྒྱ་གར་ལོ་རྒྱུས་སྨྲ་བ་ཚོས་ཁུངས་བཅོལ་ས་དང་གདེངས་འཇོག་ཆེན་པོ་གནང་བ་ཡིན་ཏེ། ཨཅརྱ་ཐུབ་བསྟན་མཆོག་གྲུབ་ཀྱིས་ཀྱང་། ཧུཝེནསྰངྒ་ཞེས་པ་དེ་རྒྱ་ནག་གི་གནས་སྐོར་བ་ཞིག་ཡིན་ཞིང་།ཕྱི་ལོ་༦༣༠དང་༦༤༤བར་གྱི་དུས་སྐབས་སུ་རྒྱ་གར་དུ་ཕེབས་པ་རེད།དགུང་ལོ་༢༦སྐབས་ཁོང་རྒྱ་ནག་ལས་ཐོན་ཏེ་སྔར་རྒྱ་ནག་གི་གནས་སྐོར་བ་ཕྰ ཧྱཱན་ཕེབས་ལམ་གྱི་རྗེས་སུ་འབྲངས་ནས་དབུས་ཨེཤིཡྰ་བརྒྱུད་རྒྱ་གར་དུ་འབྱོར།ཁོང་ནི་ཆོས་རྒྱལ་དགའ་བ་འཕེལ་དང་འབྲེལ་བ་ཐག་ཉེ་པོ་ཡོད་པར་མ་ཟད་དགའ་བ་འཕེལ་གྱིས་ཁོང་ལ་གུས་བཀུར་ཆེན་པོ་ཞུས་ཡོད་པ་རེད།ཧུཝེནསྰངྒ་ནི་དཔལ་ནཱལནྡྲ་ལ་སློབ་ཕྲུག་དང་དགེ་རྒན་གཉིས་ཀའི་ཚུལ་དུ་བཞུགས་པར་གྲགས།ཁོང་རྒྱ་གར་ལྷོ་ཕྱོགས་ཝཱཏཱཔྰི་དང་ཀཱ ཉྩཱི་སོགས་ཡུལ་མང་པོར་ཕེབས་ནས་རང་ཡུལ་དུ་ཕྱིར་ལོག་སྐབས་སངས་རྒྱས་ཀྱི་གཞུང་ལུགས་ཁག་དང་།རིང་བསྲེལ་དུ་མ་བསྣམས་ཕེབས་ཐུབ།ཁོང་ནི་སྲོག་ལྡན་དང་སྲོག་མེད་ཚང་མ་ལ་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་ཡིན་པས་ཁོང་གི་ལམ་ཡིག་རྒྱ་ནག་སྐད་དུ་ཅི་ཡུ་ཀི་ཞེས་པ་དེ་ཁུངས་ཚད་ལྡན་ཞིག་ཡིན།ཁོང་རྒྱ་གར་དུ་ཕེབས་པ་དེ་རྒྱ་གར་གྱི་བྱུང་རབས་རྩད་འཚོལ་ཆེད་མིན་པར་སངས་རྒྱས་ཀྱི་ཆོས་འཚོལ་དུ་ཕེབས་པ་ཡིན་ན་ཡང་།ཁོང་གི་ལམ་ཡིག་དེས་བྱུང་རབས་ཤེས་པར་ཤིན་ཏུ་ཕན་ཐོགས་ཆེ་ཞིང་།ཁུངས་ཡིད་རྟོན་འཕེར་བ་ཡིན།ཁོང་གིས་རྒྱལ་པོ་ཧརྵ་དང་ཁོང་གི་འཛིན་སྐྱོང་སྐོར་བྲིས་ཡོད་པར་མ་ཟད་གྲོང་ཁྱེར་ཁག་དང་།གྲོང་གསེབ་ཁག་དང་།དཔལ་འབྱོར་དང་།ཆོས་དང་།སྤྱི་ཚོགས་གི་གནས་སྟངས་དང་།ཕུན་ཚོགས་དང་།མི་དམངས་ཀྱི་གོམས་གཤིས་སྐོར་ཞིབ་གསལ་བྲིས་འདུགཁོང་རྒྱ་གར་དུ་ལོ་མང་པོར་བཞུགས་ཏེ་གསན་བསམ་སོགས་གནང་ནས་ཚུར་ཕེབས་སའི་ལམ་དེ་ག་རང་ནས་རྒྱ་ནག་ཏུ་ཕྱིར་ལོག་གནང་བ་རེད། ཅེས་པའི་འགྲེལ་གནང་འདུག 3.སྐབས་དེའི་རྐོས་རིས་དང་ཊམ་ཀའི་རི་མོ་ཁག་སོགས་ནི། མཁས་པ་ཆེན་པོ་ཨཅཱརྱ་ཐུབ་བསྟན་མཆོག་སྒྲུབ་ཀྱི་འཕགས་ཡུལ་ལོ་རྒྱས་ལས། ཧརྵའི་སྲིད་དབང་སྐབས་ཀྱིས་བརྐོས་བྲིས་འགའ་ཤས་ཀྱང་ཡོད་པ་ནི། མདྷུཝན་གྱི་བྱང་བུའི་བརྐོས་བྲིས་དང་། སོནཔཏ་ ཡི་བརྐོས་བྲིས་དང་། བནསཁརཱ་བྱང་བུའི་བརྐོས་བྲིས་བཅས་ནི་གལ་ཆེ་ཤོས་ཡིན་ ཞིང་། ལྷོ་ཕྱོགས་ཀྱི་རྒྱལ་པོ་པུལཀེཤིན་གྱི་ཨཡིཧོལ་ (Aihole) བརྐོས་ཡིག་ལས་ཀྱང་ ཧརྵའི་སྲིད་ཀྱི་མཛད་རྗེས་སྐོར་གསལ་ཐུབ། ཧརྵའི་སྐབས་ཀྱི་དོང་ཙེ་ཁག་ཀྱང་རྒྱལ་རབས་དེའི་ཁུངས་གཏུགས་ས་བྱེད་ཆོག། ཅེས་གསུངས་པ་ལྟར་ཡིན།