དགའ་བ་འཕེལ་གསེར་ཁྲི་ལ་འཁོད་ཚུལ།

ཡོང་ཁུངས་Wikipedia

བེ་རི་འཇིགས་མེད།

དགའ་བ་འཕེལ་གསེར་ཁྲི་ལ་འཁོད་ཚུལ།

རྒྱལ་པོ་དགའ་བ་འཕེལ་གསེར་ཁྲི་ལ་འཁོད་ལོ་ནི་སྤྱི་ལོ་༦༠༦ལོ་ལ་ཡིན། ཁོང་རྒྱལ་སྲིད་ཀྱི་ཁྲི་ལ་འཁོད་དུས་རང་ལོ་༡༨ལས་སོན་མེད། ཁོང་ཉིད་རྒྱལ་སྲིད་ཀྱི་ཁྲི་ལ་འཁོད་པ་ཡང་བཀྲིས་ལམ་ལེགས་ལྟ་བུས་འཁོད་པ་ཞིག་མིན་པར། འུ་ཐུག་ཐབས་ཟད་ཀྱི་སྒོ་ནས་ཁྲི་ལ་འཁོད་པ་ཞིག་ཡིན། ཁོང་ཁྲི་ལ་འཁོད་པའི་སྔ་ལོ་སྟེ། སྤྱི་ལོ་༦༠༥ལོར་མཐའ་མཚམས་ནས་ཧུ་ཎའི་བཙན་འཛུལ་དམག་འཁྲུགས་ལངས། རང་གི་ཕུ་བོ་རྒྱལ་སྲིད་འཕེལ་གྱིས་མཐའ་མཚམས་ཞི་འཇག་གི་དཔུང་ཆེན་བཏེགས་པས་ཧུ་ཎ་མཐའ་བསྐྲོད་ཀྱིས་རྒྱལ་ཁ་ཐོབ། ཡིན་ནའང་སྟབས་མ་ལེགས་པར་ཕུ་བོ་དམག་སར་ཡོད་པའི་སྐབས་ཕོ་བྲང་དུ་ཡབ་ཡུམ་གཉིས་ཀ་གློ་བུར་འདས་གྲོང་སོང་༎ ལོ་དེར་རང་གི་ཕུ་བོ་གསེར་ཁྲི་ལ་འཁོད་ཀྱང་ཡུན་རིང་མ་འགོར་བར། མང་ག་ལའི་རྒྱལ་པའོི་ངན་བསྐུལ་འོག་མ་ལ་ཝའི་རྒྱལ་པོས་ཀནྣཽ་ཛའི་རྒྱལ་པོ་ཁྱིམ་གི་གོ་ཆ་བཀྲོངས། དགའ་བ་འཕེལ་གྱི་གཅུང་མོ་རྒྱལ་སྲས་དཔལ་མོ་ཀནྣཽ་ཛའི་གྲོང་ཁྱེར་དུ་བཙོན་འཇུག་བྱས། དེར་བརྟེན་དཔུང་ཆེན་གཤམ་མོད། དམག་འཐབ་བྱེད་དགོས་མ་བྱུང་བར་མ་ལ་ཝཱི་རྒྱལ་པོ་སྐུ་དངོས་ཀྱིས་མགོ་འདོགས་བྱས་པས་རྒྱལ་ཁམས་ལས་སླ་པོའི་ངང་ནས་བླངས་ཀྱང་། དེའི་བློན་ཆེན་གཡོ་ཅན་མ་རུངས་པ་ཞིག་གིས་མགོ་འདོགས་འདུམ་འགྲིགས་ཀྱི་དུས་སྟོན་མཛད་སྒོའི་ཐོག་ཞལ་ཟས་ལ་དུག་བཏབ་ཏེ་ཕུ་བོ་རྒྱལ་སྲས་འཕེལ་གློ་བུར་དུ་བཀྲོངས། ཕྱིའི་དགྲ་མང་པ་དང་ནང་གི་རྐྱེན་ངན་བསྟུད་མར་འཕྲད་པས།མངའ་རིས་མི་དམངས་རྣམས་ནང་འཁྲུག་ཟིང་སློང་གི་མགོ་ཚུགས་ཏེ་རྒྱལ་སྲིད་འཐོར་བའི་ཉེན་ཁ་སླེབས་པ་དང་། བློན་ཆེན་པོ་པཱ་ཆི་ཡིས་གྲོས་མགོ་བཏོན་ཏེ་དགའ་བ་འཕེལ་གློ་བུར་དུ་རྒྱལ་པོའི་གསེར་ཁྲིར་མངའ་གསོལ་བྱས། ཐང་སན་བླ་མའི་ལམ་ཡིག་ལས། ད་ལྟའི་རྒྱལ་པོའི་མིང་ལ་ཧརྵ་བྷ་ར་ན་ཟེར། དེའི་ཕའི་མིང་ས་ར་ཀྱ་ར་བྷ་ན་ཟེར་རོ། །ཕུ་བོའི་མིང་ཧྲི་ཙ་[56a7]བྷ་ཏ་ན་ཟེར། རྒྱལ་པོ་འདིའི་བཅའ་ཁྲིམས་ལེགས་པས་རྒྱ་གར་ཕྱོགས་ཀྱི་རྒྱལ་པོ་ཀྲྀ་ནུ་ཝ་རྞ་སྟེ་གསེར་སྙན་ཅན་ཞེས་པ་ཕྲག་དོག་སྐྱེས་ཏེ་རང་ལས་ལྷག་པས་རྒྱལ་སྲིད་ལ་གནོད་ཀྱི་དོགས་ནས་བསླུ་[56b1]ཐབས་ཀྱིས་མཛའ་བོ་བྱས་ནས་དགའ་སྟོན་གྱི་ཚུལ་གྱིས་མགྲོན་དུ་བོས་ཏེ་དུག་གིས་བཀུམས་སོ། །དེར་འབངས་རྣམས་ལ་བདག་པོ་མེད་པས་འཁྲུགས་པ་ལངས་ཤིང་བློན་པོ་ཆེན་པོ་པཱ་ཆི་ཞེས་བྱ་བས་བགྲོས་བཏོན་[56b2]ཏེ། ཧརྵབྷ་ར་ན་རྒྱལ་པོར་དབང་བསྐུར། ཞེས་གསུངས་པ་ལྟར་ཡིན། ཁོང་རྒྱལ་པོའི་གསེར་ཁྲིར་བཞུགས་པ་ཡང་བློན་ཆེན་པོ་ཚོས་རྒྱལ་སྲིད་གློ་བུར་དུ་འཐོར་ཞིག་འགྲོ་རྒྱུར་སྐྲག་ནས་གློ་བུར་ཛ་དྲག་གིས་ཁྲི་འདོན་བྱས་པ་ལས།རང་ཉིད་གསེར་ཁྲི་ལ་བཞུགས་རྒྱུའི་འདུན་པ་དེ་ཙམ་མེད་པར་བཤད། ཁོང་གིས་རང་ཉིད་གསེར་ཁྲིར་འཁོད་རྒྱུ་ཁ་ཐུག་ཞལ་བཞེད་མ་གནང་བར། སྔོན་དུ་གངྒའི་འགྲམ་ངོགས་ཀྱི་སྤྱན་རས་གཟིགས་ཀྱི་ལྷ་ཁང་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྐུ་བརྙན་རྩ་ཆེ། འགག་ལ་ཐུག་དུས་ལུང་བསྟན་དངོས་སུ་གནང་མཁན་ཞིག་ཡོད་པ་དེའི་དྲུང་ནས་ལུང་བསྟན་ཐོབ་པའི་རྗེས།གཞི་ནས་གསེར་ཁྲིར་འཁོད་རྒྱུ་ཞལ་བཞེས་གནང་པར་བཤད་དེ། ཐང་སན་ལམ་ཡིག་ལས། ཁོ་བོ་བསོད་ནམས་དམན་པས་ཡབ་ཀྱིས་དྭ་ཕྲུག་ཏུ་བོར། ཕུ་བོ་དགྲ་ལག་ཏུ་ཤོར་རྒྱལ་སྲིད་ཀྱི་བྱ་བ་དཀའ་ཚེགས་ཆེ་བས་ནུས་སམ་མི་ནུས་གྱ་ཚོམ་དུ་མི་བྱེད་[56b3]པར། གཱངྒའི་འགྲམ་ན་སྤྱན་རས་གཟིགས་ཀྱི་ལྷ་ཁང་ན་འཇིག་རྟེན་དབང་ཕྱུག་དངོས་དང་འདྲ་བའི་སྐུ་བརྙན་བརྟགས་པ་སྟོན་པ་ཤིན་ཏུ་རྣོ་བ་ཞིག་ཡོད་པར་ཕྱིན་ཏེ་བརྟགས་པ་བྱའོ་སྙམས་ཏེ། དེར་ཕྱིན་ཏེ་དམོད་བོར་བས་[56b4]ཞལ་དངོས་སུ་བསྟན་ནས་ཅི་འདྲི་ཟེར། དེར་རྒྱུ་མཚན་རྣམས་རྫོགས་པར་གསོལ་བ་དང་། བཀའ་སྩལ་བ། རིགས་ཀྱི་བུ་ཁྱོད་སྐྱེ་བ་སྔ་མར་རི་ནགས་འདིར་དཀའ་ཐུབ་སྤྱོད་པའི་དགེ་སློང་ཞིག་ཏུ་སྐྱེས་ཤིང་རྟུལ་ཞུག་[56b5]མ་ཞིག་མ་རལ་པས་དགེ་བའི་རྩ་བ་དེའི་མཐུ་ལས་རྒྱལ་པོར་འགྱུར་པའི་སྐྱེ་བ་བླངས་པ་ཡིན་གྱིས། རྒྱལ་པོ་གསེར་སྙན་ཅན་གྱིས་ཕུ་བོ་བཀྲོངས་པར་མ་ཟད་སངས་རྒྱས་ཀྱི་བསྟན་པ་བསྣུབ་པར་བྱེད་པས། ཁྱོད་མྱུར་[56b6]བར་ཕ་ཤུལ་བཟུང་ཏེ་བསྟན་པ་དང་སེམས་ཅན་ལ་ཕན་པ་ཅི་ནུས་ཀྱིས། རྒྱལ་པོ་བྱེད་ཀྱང་སེར་ཁྲི་ལ་མ་འདུག་རྒྱལ་པོ་ཆེན་པོའི་མིང་མ་འཛིན། ཁོ་བོས་མི་མངོན་པས་གྲོགས་བགྱིད་དོ་གསུངས་པའི་ལུང་[56b7]ཐོབ་སྟེ། རྒྱལ་སར་བསྡད་པའི་མཚན་ཤྲི་ལྷ་ཏི་རྱ་སྟེ་ཚུལ་ཁྲིམས་ཉི་མའོ། ། ཞེས་གསུང་པ་ལྟར་རོ༎ ད་དུང་ཧརྵའི་སྤྱོད་པ་ལས།སློབ་དཔོན་བཱ་ཎ་བྷ་ཊྚ་ཡིས་དགའ་བ་འཕེལ་གྱི་ཡོན་ཏན་ཐོག་མར་བཤད་ཟིན་པ་ལྟར་ཡུམ་གྲགས་ལྡན་མ་མེ་ལ་ལྕེབས་ལ་སོགས་པའི་མྱ་ངན་གྱི་རྣམ་འགྱུར་ཇི་ལྟར་ཡིན་པ་དེ་ཁོང་ཙམ་མ་ཡིན་པར་གྲོང་བློན་འབངས་རིགས་དང་འཚོ་ཐབས་ཀྱི་རིས་སུ་མ་འཆིས་པ་ཀུན་གྱིས་དགའ་བ་འཕེལ་གྱི་མྱ་ངན་ལ་བལྟས་ནས། ཤིན་ཏུ་སྡུག་བསྔལ་བར་གྱུར་པའི་སྐོར་གྱི་འགྲེལ་བརྗོད་གཟབ་མོ་གནང་ཡོད། དེ་བས་རང་གི་ཕུ་བོ་དམག་ལ་བཞུགས་པ་ཁོང་གི་འཕྲིན་སྤྲིངས་པའི་རྗེས། ཕྱིར་མ་འཁོར་བའི་བར་གྱི་དུས་མཚམས་དེའི་ནང་དགའ་བ་འཕེལ་གྱི་བློ་ངོར་ཕུ་བོ་སངས་རྒྱས་ཀྱི་སྤྱོད་པ་ལྟར་དབེན་པའི་ནགས་ཁྲོད་དུ་གཤེགས་པ་མ་ཡིན་ནམ་ལ་སོགས་པའི་རྟོག་འཆར་འདྲ་མི་འདྲ་བ་བྱུང་བ་ཡང་། ཕུ་ནུའི་འདུ་ཤེས་ཟབ་པ་ཡོད་པ་མཚོན་ཐུབ་པར་བྱས་ཡོད་ཟེར། སློབ་དཔོན་གྱི་དགའ་བའི་སྤྱོད་པའི་ནང་དུ་དེ་ལྟ་བུའི་ཕ་མ་ཕུ་ནུ་ལ་སོགས་ཀུན་ལ་གུས་བརྩེ་ཆེ་བའི་བཟང་སྤྱོད་ཞིག་གི་སྒོ་ནས་དགའ་བ་འཕེལ་དེ་འགྲེལ་བརྗོད་གནང་ཐབས་གནང་ཡོད་པ་དེ་དག་དང་ཁོག་འདྲ། ཁོང་ཉིད་རྒྱལ་ཁྲིར་བཞུགས་འདོད་མེད་ཚུལ་སྐོར་དེ་ལོ་རྒྱུས་ཐོག་ཡོངས་གྲགས་ཡིན་ཡང་། འགྲེལ་བརྗོད་མི་འདྲ་བ་གཞན་ཡང་ཡོད་དེ། དེ་ནི་རང་གི་མེས་པོའི་སྲིད་ཁྲིར་འཁོད་འདོད་མེད་པའི་དོན་མིན་པར།རང་གི་གཅུང་མོའི་མཛའ་བོ་སྟེ་ཀཱནྱ་ཀུབྫ་ (ཀནྣཽ་ཛ)འི་རྒྱལ་པོ་ཁྱིམ་གྱི་གོ་ཆ་ཉིད་དགྲ་བོ་མ་ལ་ཝའི་བློན་པོས་བཀུམ་པའི་ཤུལ་འཛིན་རྒྱལ་སྲས་མེད་པས།ཀནྣཽ་ཛའི་རྒྱལ་ཁབ་སིལ་བུར་མི་འཐོར་བའི་ཆེད་དུ་རྒྱལ་ཁབ་གཉིས་ཀའི་སྲིད་ཁྲི་གཅིག་ལྕོག་དགོས་ཚུལ་རེ་བ་བཏོན་པར།དེ་ལྟར་གནང་འདོད་མེད་པའི་དོན་དུ་འགྲེལ་བ་ཡོད་པ་སྣང་སྟེ། རྒྱ་གར་ལོ་རྒྱུས་ལས།དགའ་བ་འཕེལ་དེ་ཐོག་མར་རྒྱལ་སྲིད་བཞེས་རྒྱུའི་འདོད་པ་མེད་ཅེས་གསུངས་འདུག་པ་དེ་ལོ་རྒྱུས་མཁན་ཚོལ་རང་གི་སྲིང་མོའི་ཁྱོ་གའི་རྒྱལ་ཁམས་ཀནྣཽཇའི་རྒྱལ་སྲིད་བཞེས་འདོད་མེད་པ་ལ་གོ་རྒྱུ་ཡིན་པ་ལས་རང་གི་ཡབ་ཀྱི་རྒྱལ་སྲིད་ཐཱནེཤྭར་གྱི་ཁྲི་ལ་བཞུགས་འདོད་མེད་པ་མ་ཡིན་ཞེས་འདོད། ཅེས་གསུང་པ་ལྟར་རོ༎ ཁོང་གློ་བུར་གསེར་ཁྲིར་འཁོད་པའི་དམིགས་ཡུལ་གཙོ་བོ་ནི།མ་ལ་ཝའི་དོན་རྐྱེན་ཁྲོད་གཞི་རྩའི་རྒྱལ་ཁབ་ཐོབ་ཀྱང་། རང་གི་གཅེན་པོ་བཀྲོངས་མཁན་མ་ལ་ཝཱི་བློན་པོ་མ་རུང་བ་དེ་དང་།དེའི་ངན་ལ་རྒྱལ་ལང་བྱེད་མཁན་བྷངྒ་ལའི་རྒྱལ་པོ་གཉིས་ལ་ཤ་འཁོན་རྩོད་རྒྱུ་དང་། རང་གི་གཅུང་མོ་རྒྱལ་སྲིད་དཔལ་མོ་ཀནྣཽ་ཛའི་བཙོན་ཁང་ནས་བྲོས་བྱོལ་སོང་བ་དེ་ཉིད་སྲུང་སྐྱོབ་ཀྱི་སླད་དུ་ཡིན།དམིགས་ཡུལ་གང་ཞིག་བཟུང་བ་དང་མཐུན་པར།་ཁྲི་ལ་འཁོད་མ་ཐག་ཏུ་ཁོང་གི་སྲིང་མོ་རྒྱལ་སྲིད་དཔལ་མོ་ཀན་ནྣོཛའི་བཙོན་ལས་བྱོལ་ནས་རི་བོ་འབིགས་བྱེད་ཀྱི་ནགས་གསེབ་ཏུ་བྲོས་ཡིབ་བྱས་པ་དེ་རང་སྲོག་འདོར་བའི་བྱ་བ་ལས་བསྐྱབས་ནས་འཁྲིད་ཐུབ་པ་དང་།མ་ལ་བ་ལ་དཔུང་འཇུག་གི་མགོ་འཛུགས་བྱས།དེ་རྗེས་་ཁོང་གིས་མེས་པོའི་རྒྱལ་ཁབ་དང་ཀནྣཽ་ཛའི་རྒྱལ་ཁབ་གཉིས་ཀ་སིལ་བུར་མི་འཐོར་བའི་དོན་དུ་རྒྱལ་སྲིད་གཉིས་ཀ་སྡེབ་གཅིག་ཏུ་བསྐྱངས་པ་མ་ཟད། ཕྱིས་སུ་རྒྱལ་ས་ལྟེ་བ་ཡང་ཀནྣཽ་ཛའི་གྲོང་ཁྱེར་དུ་སྤོས།