དགག་སྒྲ་

ཡོང་ཁུངས་Wikipedia

དགག་སྒྲ་བཤད་པ། མ་མི་མེད་མིན་མེན་རྣམས་ཏེ། མ་ནི་བྱུང་ཟིན་བཀག་པའི་དགག་སྒྲ་དང་། མི་ནི་འབྱུང་འགྱུར་འགོག་པའི་དགག་སྒྲ་དང་། མེད་དང་མིན་ནི་དུས་གསུམ་གར་སྦྱོར་རུང་བའི་དགག་སྒྲ་ཡིན་ལ། མ་མི་གཉིས་ནི་མིང་གི་ཐོག་མར་སྦྱོར་བ་དང་། མེད་མིན་གཉིས་ནི་མིང་གི་མཐར་སྦྱོར་བ་ཡིན་ཏེ། དཔེ་བརྗོད་རིམ་བཞིན་བཞག་ན། མ་སྐྱེས་། མ་འགག། མ་མཐོང་། ལྟ་བུ་དང་། མི་སྐྱེ། མི་རུང་། མི་འགྲོ་ལྟ་བུ་དང་། སྐྱོན་མེད། དགྲ་མེད། བར་ཆད་མེད། ཡོད་པ་མིན། ཡོང་རྒྱུ་མིན། ལོག་སྤྱོད་པ་མིན། ལྟ་བུ་སྟེ་སྐྱེས་པ་དང་མཐོང་བ་སོགས་དགག་པའི་སྒྲའོ། སྒྲོལ་མ། མཛེས་མ། ཆང་མ། ཁྱིམ་བདག་མ། བུ་གསོ་མ་སོགས་དོན་མོ་བརྗོད་པ་ལ་གཙོ་ཆེར་མ་ཡིག་སྦྱོར་བའི་རྒྱུ་མཚན་གྱིས་དེ་ལ་མོ་རྟགས་སམ་བུད་མེད་ཀྱི་རྟགས་ཞེས་བྱ་ཞིང་། ཕལ་ཆེར་མོར་གོ་བར་བྱེད་པའི་མོ་རྟགས་མ་ཡིག་དེ་མིང་གི་ཐོག་མར་སྔར་མེད་གསར་དུ་སྦྱར་ཚེ། དགག་སྒྲར་འགྱུར་བ་ཡིན་གྱི་ཕོ་མོའི་རྟགས་གང་ཡིན་ཐམས་ཅད་བདག་སྒྲ་དང་དགག་སྒྲར་བཤད་པ་མིན་ཏེ། མ་མོ། མ་ཧེ་ལྟ་བུའི་མིང་གི་ཆ་ཤས་སུ་ཐོག་མ་ནས་གྲུབ་པའི་མ་ཡིག་ལྟ་བུ་དགག་སྒྲ་མ་ཡིན་པ་དང་། བླ་མ། སློབ་མ། གྲོ་མ། ཉ་མ། ལྟ་བུའི་མ་ཡིག་མོ་རྟགས་དང་དགག་སྒྲ་གང་ཡང་མ་ཡིན་པའང་ཡོད། ལྷ་ཞེས་པ་དང་། མི་ཞེས་པ་ལྷ་བུ་ཕོ་མོ་གཉིས་ཀའི་སྤྱི་བརྗོད་པ་ཡིན་སྟབས། རེ་རེའི་རྟགས་སུ་མི་འགྱུར་མོད། ལྷ་མོ་ཞེས་བྱ་བའི་ཟླ་དང་ཚོགས་ན། ལྷ་ཞེས་པ་ཕོར་གོ་བ་དང་། དེ་བཞིན་དུ་བུ་དང་བུ་མོ། མི་དང་མི་མོ། རྒྱ་དང་རྒྱ་མོ་སོགས་ཀྱི་ཟླ་བོ་ཕྱི་མ་ལ་མོར་རྟགས་སྦྱར་བའི་ནུས་པས། སྔ་མ་ཕོར་གོ་བ་ལྟ་བུའོ། །