Jump to content

དཀྱུས་དམངས་

ཡོང་ཁུངས་Wikipedia

【དཀྱུས་དམངས】ནི་སྲིད་གཞུང་གི་མི་སྣའི(ཉེན་རྟོག་པ་དང་དམག་མི་ གཞུང་ཞབས་པ)ལྡོག་ཕྱོགས་ཏེ། འོས་འཕེན་དང་འོས་ཐོབ་གཉི་གའི་ཆ་ཤས་ལེན་རུང་ཞིང་། སྲིད་གཞུང་ལ་ལྟ་རྟོག་བྱེད་མཁན་གྱི་རིགས་ཅན་གང་ཡིན་པ་དེའོ།། དཀྱུས་དམངས་ནི་སྲིད་གཞུང་གི་བཀའ་བརྩི་དང་ལེན་བྱེད་དགོས་ངེས་ཀྱི་སྲིད་གཞུང་གི་མི་སྣའི་ལྡོག་ཕྱོགས་སུ་གྱུར་བརྟེན། དེ་ཉིད་ཆབ་སྲིད་ལམ་ལུགས་དང་ཁྲིམས་དང་འབྲེལ་བའི། བརྡ་སྐད་ཅིག་ཡིན་པ་རེད། དཀྱུས་དམངས་ཀྱི་སྐད་ཁུངས་ནི་ལ་ཏིན་གྱི་སྐད་ལས་བྱུང་ཞིང་། བརྒྱུ་ལོ14པའི་ནང། ལ་ཏིན་སྐད་ཀྱི་བུ་མོར་གྱུར་པའི་ཧྥ་རན་སིའི་སྐད་དུ་གྱུར་ནས་དར་ཁྱབ་ཏུ་ཕྱིན་འདུག ལ་ཏིན་སྐད་ཀྱི་མིང་ཚིགcivitas ཟེར་ན། གྲོང་ཁྱེར་གྱི་ནང་གི་ཆབ་སྲིད་ལམ་ལུགས་དང་། རྒྱན་ཚིགcivilisཟེར་ན། གྲོང་ཁྱེར་ནང་གི་མི་དང་འབྲེལ་བ་ཡོད་པའི་གནས་བབ་ཅིག་གི་དོན་ལ་འཇུག དེང་སྐབས་ཧྥ་རན་སིའི་སྐད་ཀྱིcivilམིང་ཚིག་ཡིན་ན་དམག་མིའི་ལྡོག་ཕྱོགས་ཡིན་པ་དང་། རྒྱན་ཚིག་ཡིན་ན་ཡ་རབས་དང་གཤིས་ཀ་འཇམ་པོའི་དོན་རེད་འདུག དེ་བས། civil-དམག་མིའི་ལྡོག་ཕྱོགས་དང civilian-སྲིད་གཞུང་གི་མི་སྣའི་ལྡོག་ཕྱོགས་གཉིས་ཀྱི། བརྡ་སྐད་ཀྱི་འབྱུང་ཁུངས་གང་ལ་བལྟས་ཀྱང། དེ་དག་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལམ་ལུགས་ཤིག་དང་འབྲེལ་ཡོད་པ་ཤེས་འོང་ལ། ད་དུངcivilisationདཔལ་ཡོན་རིག་གནས་ལ་འབྲེལ་བ་ཡོད་པའང་རྟོགས་ཐུབ། གང་ཡིན་ཞེ་ན། གྲོང་ཁྱེརcitéནི་ཆབ་སྲིད་དང་རིག་གནས་ཀྱི་འབྱུང་ཁུངས་ཡིན་པས་རེད། གནའ་བོའི་ཀེ་རི་སེའི་མཁར་བཙན་རྒྱལ་ཁབ་དག་གིས་མཁར་གྱི་མངའ་ཁོངས་ནང་ལོག་གི་མཁར་དམངས-citizenམ་གཏོགས། མཁར་གྱི་མངའ་ཁོངས་ཕྱི་ལོག་གི་དཀྱུས་དམངས-civilianརྣམས་ལ། ལྟ་རྟོག་དང་འགན་སྲུང་བྱེད་ཀྱིན་མེད། ཡིན་ནའང་། མཁར་གྱི་ཕྱི་ལོག་གི་དཀྱུས་དམངས་དག་ཇག་རྐུན་གྱིས་བཅོམ་བརླག་སྐབས། མཁར་གྱི་ནང་ལོག་ལ་ཉེན་གཡོལ་དུ་འོང་ཆོག་པ་དང་། དེའི་སླད་དུ་མཁར་བཙན་རྒྱལ་ཁབ་དེར་ ཁྲལ་འཇལ་དགོས་པ་རེད་མོད། དེ་ཙམ་གྱིས། མཁར་བཙན་རྒྱལ་ཁབ་དེའི་ཆབ་སྲིད་ཐོབ་ཐང་སྟེ་བགོ་སྐལ་འཐོབ་རུང་གི་གང་ཟག་ཏུ་གྱུར་མེད། ཡིན་ནའང་། མཁར་བཙན་རྒྱལ་ཁབ་ཕན་ཚུན་གཡུལ་འགྱེད་སྐབས་མཁར་དམངས་ཀྱི་ཚེ་སྲོག་གྲངས་མེད་ཅིག་ཤོར་བཞིན་ཡོད་སྟབས། མཁར་དམངས་ཀྱི་ཁྲོད་ནས། གཡུལ་འགྱེད་ཀྱི་ཆ་ཤས་ལེན་འདོད་མེད་པའི་རྣམ་འགྱུར་སྟོན་མཁན། མང་ནས་མང་དུ་འཕེལ་བས། དཔལ་རྟུལ་དང་མཁར་དམངས་གཉིས་ཀྱི་བར་ཐག་ཕྱེས་པ་མ་ཟད' སྲིད་གཞུང་དང་མི་སྒེར་གཉིས་ཀྱི་ཧེ་བག་ཀྱང་འཐོན་པ་རེད། དེ་མཚུངས་སུ་ངོ་བོའི་ཆ་ནས། དམག་མི་མ་ཡིན་པའི་མཁར་དམངས་དང་། དཀྱུས་དམངས་གཉིས་ཕན་ཚུན་འདྲེས་རུང་དུ་གྱུར་འདུག་མོད། མཁར་བཙན་རྒྱལ་ཁབ་དེ་ཉིད་མི་རིགས་རྒྱལ་ཁབ་ཏུ་མ་གྱུར་པའི་སྔ་ལོག་ཏུ། རྒྱལ་ཁབ་ཀྱི་དོན་གྱི་བདག་པོ་དཀྱུས་དམངས་ཡིན་པའི་ངོས་ཟིན་རྙེད་མི་འདུག ཡིན་ནའང་། དམངས་གཙོའི་རླབས་རྒྱུན་དང་པོ་ནས་བཞི་པའི་དབར་གྱི་རིག་གནས་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་དུ། མི་རིགས་རྒྱལ་ཁབ་ཀྱི་བདག་དབང་ནི་དེའི་དཀྱུས་དམངས་ལ་བདག་པ་ལས། སྲིད་འཛིན་གཙོས་པའི་སྲིད་ཞུ་པ་ཡོངས་དང་། སྲིད་གཞུང་གི་མི་སྣ་བཅས་ལ་དེའི་བདག་དབང་མེད་པའི་ཁྲིམས་གཞི་གཏན་ལ་ཕབ། གང་ཡིན་ཞེ་ན། དེ་དག་ནི་དཀྱུས་དམངས་ཀྱི་གླས་པའི་སྲིད་ཞུ་པ་དང་། འགན་སྲུང་པ་ཙམ་ཡིན་པས་སོ།། ལྷག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཚུགས་ཚུན་ནས་དཀྱུས་དམངས་ཀྱི་ཐོབ་ཐང་དང་། དཀྱུས་དམངས་ཀྱི་ཁྲིམས། དཀྱུས་དམངས་ཀྱི་མི་འཁུར་པ་བཅས་ཀྱི་བརྡ་སྐད་འདྲ་མིན་བྱུང་ཡོད་ལ། དེ་དག་ཀུན་གྱིས་གཙི་འཇོག་དང་ཁྲིམས་ཀྱིས་འགན་སྲུང་བྱེད་པའི་རིག་གནས་ཀྱི་ཁ་དབུགས་ཤིག་གྲུབ་ནས་ཡོད་པ་རེད། ཡིན་ནའང་། རང་ཅག་བོད་ཀྱི་སྐད་དུ“སྤྱི་དམངས”དང“ཞི་བའི་མི་མང”ཞེས་འབྲི་སྲོལ་ཞིག་དར་འདུག སྔ་མ་ནི། རྒྱ་ནག་གི་སྐད公民 ལས་འགྱུར་ཞིང་། དེ་ཡང་ཉི་ཧོང་གི་སྐད་ལས་ཇི་བཞིན་བཤུས་འདུག ཡེ་ལོ767ལོར་ཉི་ཧོང་གི་སྐད་ལ་ཐོག་མར་འགྱུར་ནས་བཀོལ་སྤྱོད་གནང་བ་དང་། རྒྱ་ནག་གི་སྐད་དུ་ཐང་རྒྱལ་རབས་ཀྱི་རྗེས་སུ་བཤུས་པར་ཉི་ཧོང་སྐད་ཀྱི་ཝེ་ཁེའི་རིག་མཛོད་དུ་གསལ་འདུག ཡིན་ནའང་། རྒྱ་ནག་གིས་ཇི་བཞིན་བཤུས་པའི་ཉི་ཧོང་གི་སྐད公民ཞེས་པ་དེ་དབྱིན་ཡིག་གིcitizenཟེར་པ་འདི་ལས་བསྒྱུར་ཅིང་། དེ་ལ་ཉི་ཧོང་གི་འགྱུར་ཚིག་མི་འདྲ་བ་གསུམ་འདུག་སྟེ། 1国民、2公民、3市民 བཅས་སོ།། དེ་ལྟ་ནའང་། ད་ལྟར་གླེང་གིན་པའི་དབྱིན་ཡིག་གི་བརྡ་སྐད་ནིcivilianཟེར་པ་འདི་ཡིན་པ་ལས། དབྱིན་ཡིག་གིcitizenཟེར་པ་དེ་མ་ཡིན། འོ་ན། ཉི་ཧོང་གི་སྐད་དུcivilianཟེར་པ་དེ་ཇི་ལྟར་འགྱུར་འདུག་ཟེར་ན། དེ་ལའང་འགྱུར་ཚིག་མི་འདྲ་བ་གསུམ་འདུག་སྟེ般市民、民間人、文官བཅས་སོ།། གཙོ་རྒྱུགས་ནིcivilian-民間人འདི་གྱུར་ཡོད་ཅིང་། དེ་ནི་དམག་མི་དང་ཉེན་རྟོག་པ། གྲྭ་པ་བཅས་ཀྱི་ལྡོག་ཕྱོགས་ཡིན་པར་དབྱིན་ཉིའི་ཚིག་མཛོད་ཁག་ཏུ་གསལ། དེར་བརྟེན། ཁོ་བོས་ལ་ཏིན་དང་ཧྥ་རན་སི། དབྱིན་ཇི། ཉི་ཧོང་བཅས་ཀྱི་སྐད་ཡིག་སྟེང་མངོན་པའི་བརྡ་སྐད་དེའི་དོན་སྤྱི་དང་བསྟུན་ཏེ། ད་རེབ་བོད་ཀྱི་སྐད་དོད་དུcivilian-དཀྱུས་དམངས-སྲིད་གཞུང་གི་མི་སྣ་དང་། གཞུང་ཞབས་པའི་ལྡོག་ཕྱོགས་སུ་ངོས་འཛིན་ཕབ་སྒྱུར་བྱས་པ་ཡིན། སྤྱི་དམངས་ཞེས་པ་ནི་བརྡ་སྐད་འདི་དང་སྦྱར་ཚེ། རྡོ་ཆག་བཙན་སྒྲིག་གི་རང་བཞིན་ཤུགས་ཆེ་བས། རང་དབང་ཤེས་ཡོན་ཅན་ཞོགས་དུང་གི་དཔེ་དེབ་ལ་བསྟུན་མེད་ལ། སྨོན་ལམ་ཚིག་མཛོད་ཀྱི་བརྡ་འགྲེལ་ལའང་དེ་བས་ཁུངས་གཏུག་བྱས་མེད། རྒྱུ་མཚན་ནི་དེ་དག་གིས་རྒྱ་ཡིག་གི་བརྡ་འགྲེལ་ལ་བསྟུན་པ་ཤུགས་ཆེ་འདུག ཡིན་ནའང་། ཁྱེད་ཀྱིས་བོད་ཀྱི་རྒྱུན་སྐད་དུ་ཆགས་པའི་ངེད་རང་མི་དཀྱུས་མ་ཞིག་དང་སློབ་བུ་དཀྱུས་མ་ཞིག་ཡིན་ལྟ་བའི་རྒྱུན་སྐད་ཀྱི་བག་ཆགས་ངོས་ནས་གོ་བ་བླངས་ཚེ་ཁྱེད་རང་རྦད་དེ་གོ་འཛོལ་བྱུང་ཡོད་པ་རེད། ཆབ་སྲིད་མཚན་ཉིད་རིག་པའི་བརྡ་སྐད་ནི་དེ་ལུགས་ཀྱིས་འགྲེལ་དགོས་པ་ལས། ཡོངས་ཀྱིས་སྤྱོད་ཤུགས་ཆེ་མིན་གྱི་རྗེས་སུ་འབྲངས་ཏེ་གཏན་འཁེལ་གནང་ཚེ། འུ་ཅག་དངོས་གནས་ལོག་ལམ་དུ་འཕྱན་པར་ཉེ། སྔར་བོད་ཀྱི་ལོ་པན་དག་གིས་གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པ་ཕབ་སྒྱུར་གནང་སྐབས། གཞུང་ལུགས་ཀྱི་བརྡ་སྐད་རང་ལྡོག་ངོས་ནས་ཕབ་སྒྱུར་མཛད་པ་ལས། ཡོངས་ཀྱིས་སྤྱོད་ཤུགས་ཆེ་མིན་གྱི་ཆ་ནས་རྣམ་གཞག་མཛད་མེད་པ་ཀུན་ལ་གསལ་ཆ་ཡོད་ངེས་རེད། མདོར་ན་དཀྱུས་དམངས་ནི་སྲིད་གཞུང་གི་མི་སྣའི་ལྡོགས་ཕྱོགས་ཏེ་འོས་འཕེན་ཐོབ་ཐང་དང་། འོས་ཐང་ཚང་རུང་གི་རིགས་སུ་གནས་པའི་སྐྱེ་བོ་གང་ཡིན་པ་དེའོ།།