Jump to content

ཐོན་མིའི་གཞིས་ཀ་

ཡོང་ཁུངས་Wikipedia

མུན་སེལ་གྱི་སྒྲོན་མེ་ཕེབས་པའི་ཤུལ་ལམ་ལས་རྙེད་པའི་ངག་ཐོག་གི་རི་མོ་འགའ་ཞིག་གླེང་བ་ལ་ཐོག་མར་གླེང་བའི་གནས་ནི་ཡུལ་གངས་ཅན་གྱི་ལྗོངས་ལས་སྙེ་མོ་ཐོན་གྲོང་ཚོའི་ཉེ་སྐོར། བསམ་འགྲུབ་སྒང་ཞེས་པ།  བྲག་གཟར་སེང་ཁྲི་ལྟ་བུའི་ཁྲི་སྟེང་། རི་མཛེས་པོ་གནམ་ལྷ་དཔེ་སྟོན་གྱི་མདུན།  དྭངས་ཤིང་གཙང་བ་རྟ་རྨིག་ཆུ་མོའི་གཡས་ཕྱོགས།  ངག་རྒྱུན་གྱི་རི་མོ་མཛེས་པ་སྦས་དོན་གཡང་ཞིང་ཕྱུག་མོའི་གཡོན་ཕྱོགས།  ཞོགས་པའི་ཉི་ཟེར་གཞོན་ནུའི་འཛུམ་མདངས་ཐོག་མར་ངོམ་སའི་གནས་མཆོག་དེ་ནས་བཤད་པར་བྱ།  གནམ་ལྷ་དཔེ་སྟོན་ཞེས་པའི་རི་ཆེན་དེའི་གཡས་ཀྱི་རི་གཟར་ཞིག་གི་ངོགས་སུ་བསམ་གྲུབ་ཕོ་བྲང་གི་ཤུལ་ཡོད་ལ་དེའི་གཡས་སུ་སྦས་དོན་སྒང་དང་མདུན་དུ་རྟ་རྨིག་ཆུ་མོ། མདུན་ཐད་དུ་ཐོན་ལུག་ར་ཐང་ཞེས་པའི་གྲོང་ཆུང་སྐྱིད་ཉམས་ཅན་ཞིག་ཡོད། ཐོན་པ་གཙང་ཆུ་དང་ཐོན་མིའི་གཞིས་ཀ་སོགས་ནི་རི་དེའི་རྒྱབ་ཕྱོགས་སུ་གནས་ཤིང་འདི་དག་ནི་རྩོམ་འདིའི་ནང་དུ་ཐ་སྙད་མང་ཤོས་དང་གླེང་བྱ་གཙོ་བོ་ཞིག་ཀྱང་ཡིན་པས། ཐོག་མའི་གླེང་སློང་གི་སྐབས་སུ་ས་ཁྲ་རགས་རིམ་ཙམ་ཞིག་བྲིས་པའི་ཚུལ་ཡིན། མཁས་དབང་ཚེ་བརྟན་ཞབས་དྲུང་སོགས་མཁས་པ་མང་པོས་བློན་ཐོན་མིའི་འཁྲུངས་ཡུལ་ཐོན་ལུག་ར་ཐང་ཞེས་པ་དང་། ཡང་རང་སྒྲ་སོགས་མཁས་པ་འགའ་ཞིག་གིས་ལྷོ་ཁ་གཉལ་གྱི་ཡུལ་གྲུར་བསམ་གྲུབ་ཆོས་ཀྱི་ཕོ་བྲང་ཞེས་པ་རུ་འཁྲུངས་ཚུལ་སོགས་བཞེད་ཚུལ་མང་དུ་ཡོད་པ་ལས་དེ་དག་ལ་འདི་ཡིན་དང་འདི་མིན་གྱི་ཁ་ཚོན་གཅོད་པར་དཀའ་ཡང་འདིར་སྙེ་མོ་ཐོན་ལུང་པའི་གཡས་གཡོན་དང་དེར་གནས་པའི་ངག་ཐོག་གི་ལོ་རྒྱུས་དང་སྦྲགས་ནས་ཅུང་ཙམ་ཞིག་གླེང་བར་འདོད་དོ།།

                                        བསམ་གྲུབ་སྒང་།

ངག་རྒྱུན་དུ་བསམ་འགྲུབ་སྒང་ནི་ཐོན་མི་སྣང་གྲགས་ཀྱི་གཞིས་ཁྱིམ་དྲོན་མོ་དེ་ཡིན་པར་འདོད་ལ། ཕོ་བྲང་དེ་ཡང་འགྱུར་ལྡོག་གི་ཁྲོད་དུ་གནས་ཤིང་། དང་ཐོག་ཕོ་བྲང་འདི་ལ་བསམ་གྲུབ་ཕོ་བྲང་དཀར་པོ་ཞེས་བརྗོད་ཀྱང་སྤུར་རྒྱལ་གྱི་ལྗོངས་སུ་དམ་ཆོས་དར་བ་ནས་བསམ་གྲུབ་ཆོས་ཀྱི་ཕོ་བྲང་ཞེས་མཚན་བརྗེས་པར་དེང་གི་མཁས་པ་རྣམས་ཀྱིས་བཞེད་ལ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་གྱིས་མཛད་པའི་སུམ་རྟགས་དྲིན་ལན་བརྒྱ་པ་ལས། གངས་ཅན་སྒྲ་གཞུང་ཉིན་བྱེད་ཐོན་མི་མཆོག།ཨ་ནུ་ར་ག་ཏ་ཡི་སྲས་མཆོག་ཏུ།།སྙེ་མོ་ཐོན་གྱི་ལུག་ར་ཁ་འོག་གི།ཁྱིམ་མིང་བསམ་གྲུབ་སྒང་དུ་སྐུ་མཆོག་བལྟམས། །ཞེས་ཁྱིམ་མིང་བསམ་གྲུབ་སྒང་དུ་འབོད་པར་བཞེད་པ་སོགས་མང་ཙམ་ཡོད་ཀྱང་འདིར་མ་བཀོད་དོ།།ད་ལྟའི་ཆར་བསམ་འགྲུབ་སྒང་ཞེས་པ་དེ་ནི་དུད་ཚང་ཞིག་གིས་ཁང་གསར་བརྒྱབས་ནས་སྔར་གྱི་ས་མིང་ཙམ་ལས་ཤུལ་དང་དཔང་པོ་གཞན་གང་ཡང་སྟོན་རྒྱུ་མེད་ཚོད་འདུག། མཁར་གྱི་ཆགས་ས་ལ་གཞིགས་ན་དེང་རབས་ཀྱི་འཁོར་རིགས་ལྟ་ཅི་སྤྱིར་གཏང་གི་མི་ཞིག་འགྲོ་དགོས་ཀྱང་སླེབས་དཀའ་བའི་རི་གཟར་ཞིག་གི་ངོས་སུ་གནས་ཡོད།

ཞིང་དྲི་བ་ཆེན་པོའམ་སྦས་དོན།

བསམ་འགྲུབ་སྒང་གི་གཡས་ཕྱོགས་སུ་སྔར་ཞིང་ས་ཡིན་ལ་ད་ལྟ་ཞིང་དེ་ནི་སྤང་རྒོད་དུ་འགྱུར་ནས་སེར་ལྟེམ་མེར་མཆིས། དེང་སྐབས་ས་ཆ་དེའི་མིང་ལ་སྦས་དོན་ཞེས་འབོད་ལ། ཡབ་ཆེན་སྣང་གྲགས་ཀྱི་བུ་སྦས་ས་ཡིན་པས་དེ་ལྟར་བཏགས་པར་འདོད། དེ་ལ་ངག་རྒྱུན་དུ་བོད་ཆེན་པོའི་རྒྱལ་ཁབ་དེ་ཉིད་བསྐྱར་དར་ཡོང་བ་ལ་དང་ཐོག   བློ་རིག་གི་དཔལ་འབར་བའི་གཞོན་ནུ་མང་པོ་གསོ་སྐྱོང་དགོས་པའི་འདུན་པ་ལྷོད་མེད་བྱུང་བར་ཐོན་མི་སྣང་གྲགས་ཀྱི་སྲས་ཀྱང་དེའི་གྲལ་དུ་གཏོགས་པས། ཐོན་མི་སྣང་གྲགས་ཀྱིས་བུ་གཏང་མ་ནུས་པར་ཞིང་རྨོ་ས་རུ་བུ་སྦས་ནས་རྨོ་འདོར་བྱེད་སྐབས། མི་ཞིག་གིས་ཐོན་མི་སྣང་གྲགས་ལ་ཞིང་འདི་ག་དུས་རྨོ་འགོ་ཚུགས་པ་ཡིན་ནམ་ཞེས་དྲིས་པས་སྣང་གྲགས་ཀྱིས་ཞོགས་པ་ནས་འགོ་བཙུགས་པའི་ལན་བཏབས།  འོ་ན་ཞིང་འདི་རྨོས་རོལ་ག་ཚོད་ཡོད་དམ་ཞེས་དྲིས་པར་སྣང་གྲགས་རྒས་པོ་ཁ་སྐྱེངས་ནས་བཞུགས་སྐབས་སྲས་ཐོན་མི་ཨ་ནུ་འམ་སྦས་པའི་བུ་དེ་ཡར་ལངས་ནས། ལྡོག་འདྲི་སུར་པན་ལས་ཚ་བ་ཞིག་སྦྱིན་པ་ནི། ཁྱེད་རང་ནང་ནས་འདི་རུ་ཕེབས་པའི་ལམ་དུ་རྟའི་རྨིག་རྗེས་ག་ཚོད་ཡོད་པ་གསལ་བོར་གསུང་དང་ངེད་ཚང་གི་ཞིང་འདིའི་རྨོས་རོལ་གྱི་གྲངས་གསལ་པོར་ཞུ་ཆོག་ཅེས་དྲི་བ་དང་དྲི་ལན་མཛད་པའི་ངག་རྒྱུན་འདུག་ལ་ས་མལ་དེ་རུ་སྦས་དོན་སྒང་ཞེས་བརྗོད་ཀྱི་ཡོད་པ་ལས་ཞིང་དྲི་བ་ཆེན་པོ་ཞེས་པ་དེ་ནི་ད་ལྟ་ལུག་ར་ཐང་གི་མདུན་ཕྱོགས་སུ་ཡོད་པའི་ཞིང་ཞིག་ལ་བརྗོད་ཀྱི་འདུག  ཡུལ་དེའི་ངག་རྒྱུན་དུ་སྦས་དོན་སྒང་དང་ཞིང་དྲི་བ་ཆེན་པོ་གཉིས་ཐ་དད་དུ་འདོད་ཀྱིན་འདུག་ཀྱང་དོན་དུ་དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་ཡིན་པར་སེམས།  ད་དུང་ཡུལ་མིའི་ངག་རྒྱུན་དུ་སློབ་དཔོན་གྱི་ཡབ་ཡུམ་གཉིས་ཀྱི་མཚན་ལ་མི་འདྲ་བ་ཡབ་ཀྱི་མཚན་ལ་ཀུན་དགའ་བློ་གྲོས་དང་། ཡུམ་གྱི་མཚན་ལ་པདྨ་མཁའ་འགྲོ་ཞེས་བརྗོད་ཀྱིན་འདུག་གོ།

                                          ལུག་ར་ཐང་།

ལོ་རྒྱུས་ཀྱི་ཡིག་ཚང་ནང་དུ་བློན་ཐོན་མིའི་འཁྲུངས་ཡུལ་ཅུང་གྲགས་ཆེ་བ་ནི་ཐོན་ལུག་ར་ཐང་ཞེས་འབོད། དེ་ཡང་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་ཐོན་ལུག་ར་ཁ་བ་ནས་བློན་པོ་ཐོན་མི་ཨ་ནུ། ཞེས་དང་། དུང་དཀར་ཚིག་མཛོད་ཆེན་མོའི་ནང་དུ་ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་ནི་སྙེ་མོ་ཐོན་ནས་ཡིན་པ་དང་ས་གནས་དེར་ཐོན་ལུག་ར་ཁ་བྱ་བའི་གྲོང་དང་དེའི་ས་ཞིང་ཡང་ངོས་འཛིན་རྒྱུ་ཡོད།ཅེས་མཁས་དབང་མང་པོ་ཞིག་གིས་ཐོན་མིའི་འཁྲུངས་ཡུལ་སྙེ་མོ་ཐོན་ལུག་ར་གྲོང་ཡིན་པ་གསལ། ཡུལ་དེའི་རྒན་པོ་འགའ་ཞིག་གིས་བཤད་ཚུལ་ལ་སྔོན་རིག་གསར་མ་ཚུགས་སྐབས་ཐོན་མིའི་གསུང་འབུམ་པོད་གཅིག་ཡོད་ཚུལ་གླེང་བཞིན་འདུག  ལོ་རྒྱུས་ཀྱི་ཡིག་ཆ་དང་མཁས་པ་རྣམས་ཀྱི་ངག་ལས་ཐོན་པའི་ལུག་ར་ཐང་ངམ་ལུག་ར་ཁ་བྱ་བ་ནི་རི་གནམ་ལྷ་དཔེ་སྟོན་གྱི་མདུན། ཐེམ་ཞིང་མཛེས་པོའི་མཐོངས་སུ་ལོ་རྒྱུས་ཀྱི་བསང་བ་མང་པོ་རུམ་དུ་བཅུག་ནས་ཡིད་དུ་འོང་བའི་རྡོ་མཁར་ལས་གྲུབ་པའི་དུད་ཚང་བཅུ་ལྷག་གི་བདག་ཉིད་ཅན་གྱི་ལུང་ར་ཐང་གྲོང་ཚོ་ནི་དེ་ལྟར་དུ་ལྷམ་མེར་འགྱིང་བཞིན།ལུག་ར་ཐང་ནི་འདི་ན་ཡོད།། ཐོན་མི་འཁྲུངས་ཡུལ་ངས་མི་ཤེས། །ཞེས་པའི་འགུར་གླུ་འགའ་ལེན་བཞིན་པ་དང་གཉིས་སུ་མི་མེད་དོ།།

                      སྲོག་མི་བཅོད་པའི་ཆུ་དང་ཐོན་མིའི་གཞིས་ཀ།

ཐོན་པ་གཙང་ཆུ་དང་འབྲེལ་བའི་ངག་རིས་ལས་བཟོ་རིགས་འགའ་གསར་དུ་གཏོད་པའི་སྐོར་དང་འབྲེལ་ནས་གླེང་ན། རི་གནམ་ལྷ་དཔེ་སྟོན་གྱི་རྒྱབ་ཕྱོགས་སུ་བློན་ཐོན་མི་ཚང་གི་གཞིས་ཀ་དང་དེའི་ཡར་ཙམ་ལ་རྒྱལ་པོ་སྲོང་བཙན་གྱིས་བཞེངས་པར་གྲགས་པའི་བློན་ཐོན་མིའི་བཞུགས་གནས་གནའ་ཉམས་ཀྱིས་སྤོབ་པ་ལྡན་པའི་ཁང་བཟང་ཉིས་ཐོག་ཅན་དེ་ནི་ལོ་ངོ་༡༣༠༠ ལྷག་གི་ལོ་རྒྱུས་ལྡན་པའི་བཤད་སྲོལ་མཆིས། དེའི་གཡོན་དུ་ད་ལྟ་གསར་དུ་བཞེངས་པའི་བཀྲམ་སྟོན་ཁང་ཆེན་ཞིག་བསྐྲུན་འདུག་པར་དེའི་ལྡེབ་བྲིས་ལ་བློན་ཐོན་མིའི་སྐུ་བརྙན་མང་པོ་བྲིས་པ་དེ་དག་ནི་ལོ་རྒྱུས་ལ་མནོ་བསམ་མ་བཏང་བའི་རི་མོ་མང་། གཞིས་ཀ་དང་བཤམ་སྟོན་ཁང་གི་མདུན་ནས་བཞུར་བཞིན་པའི་དྭངས་གཙང་གི་ཆུ་མོའི་མིང་ལ་ཐོན་པ་གཙང་ཆུ་ཟེར། བློན་ཐོན་མི་རྒྱ་གར་གྱི་ཡུལ་ནས་རང་ཡུལ་ཕྱོགས་ལ་ཕེབས་མཐར་ཤུག་པ་སོགས་སྨན་སྣ་དུ་མ་སྦྱར་ནས་བོད་སྤོས་གསར་དུ་བཟོ་སྐབས་ཐོན་པ་གཙང་ཆུའི་ནང་དུ་གནས་པའི་ཉའི་ལུས་སྲོག་ལ་གནོད་པ་བྱུང་བས། བློན་ཐོན་མིས་ཐོན་པ་གཙང་ཆུའི་ནང་གི་སེམས་ཅན་ཆེ་ཆུང་ཚང་མ་ལ་གནོད་འཚེ་མི་ཡོང་བའི་ཆེད་དུ། བཀའ་ཆེན་ཕབ་ནས་ལུང་མདོ་འདི་ནས་ཡར་ཡོང་མི་ཆོག་པའི་བཀའ་བསྒྲགས་པ་ནས་བཟུང་ཐོན་པ་གཙང་ཆུའི་ནང་དུ་འབུ་རིགས་གང་ཡང་མེད་པ་ད་ལྟ་ཡང་དངོས་སུ་མཐོང་ཆོས་རེད་ཟེར་གྱི་འདུག  བཀའ་ཕབ་པའི་དུས་དེ་ནས་བཟུང་ཆུ་དེའི་མིང་ལ་སྲོག་མི་གཅོད་པའི་ཆུ་ཞེས་པའི་མཚན་སྙན་འབར་བ་རེད་ཅེས་པའི་ངག་རྒྱུན་འདུག  

                              འཇུག་བསྡུ་བའི་གཏམ།

ཡུལ་གངས་རིའི་ལྗོངས་ཀྱི་ལོ་རྒྱུས་ཀྱི་འབབ་ཆུའི་ངོགས་སུ་མནོ་བསམ་གྱི་ཁ་ཕྱོགས་གཏད་ན།  ལྗོངས་འདི་ཡི་མུན་པ་བསལ་བའི་སྒྲོན་མེ། སྐད་གཉིས་ཀྱི་འབྲུག་སྒྲ་བསྒྲོག་མཁན་ལཱོ་ཙ་བའི་ཐོག་མ། འཚེ་མེད་ཞི་བདེའི་རྩ་བ་དམ་པ་ཆོས་ཀྱི་སྦྲང་ཆར་འབེབ་མཁན་གྱི་དང་པོ།  མཁས་མཛངས་ཀྱི་སྙིང་སྟོབས་ལྡན་པའི་མི་བུ།  བོད་བཙན་པོའི་རྒྱལ་ཁབ་ཀྱི་ཆབ་དཔལ་རིག་གསུམ་འཕེལ་བའི་རྩ་བ་ལྟ་བུར་གྱུར་པ་བློན་ཐོན་མིའི་འཁྲུངས་ཡུལ་སྐོར་ལ་བཞེད་ཚུལ་མང་དུ་མཆིས་ཀྱང་། ཁོ་བོ་དེ་རིང་སློབ་གསེང་གི་གོ་སྐབས་བེད་སྤྱད་དེ་སྙེ་མོ་ཐོན་དུ་ཕྱིན་པའི་མཐོང་ཚུལ་འགའ་གོང་དུ་ཞུས་ཡོད་ལ། ལོ་རྒྱུས་དང་བརྡ་སྤྲོད་ཀྱི་གཞུང་མང་པོའི་ནང་དུ་བསམ་གྲུབ་སྒང་དང་། ལུག་ར་ཐང་། ཞིང་དྲི་བ་ཆེན་མོ་སོགས་ཀྱི་ཐ་སྙད་ནི་རྒྱུན་དུ་མཇལ་རྒྱུ་ཡོད་པ་ཞིག་རེད། དེར་བརྟེན་ཡུལ་དེའི་མིའི་ངག་སྒྲོས་ལ་བེ་རོ་ཙ་ནའི་རྣམ་ཐར་དང་འདྲེས་པ། རྣ་བར་མི་འགྲོ་བའི་ལོ་རྒྱུས་མང་པོ་ཤོད་རྒྱུ་འདུག་ཀྱང་། དེ་དག་ཟིན་བྲིས་སུ་བཀོད་མེད་ལ་གོང་གི་ཐ་སྙད་དེ་དག་དང་འབྲེལ་བའི་གཏམ་འགའ་ཞིག་ཟིན་བྲིས་སུ་བཏབ་པ་ལགས་སོ། ། དེ་རིང་ཁོ་བོ་སྙེ་མོ་ཐོན་ལུག་ར་གྲོང་དུ་སོང་བའི་ཚོར་སྣང་ཉུང་ངུ་ཞིག་གླེང་ན། ལུང་པ་དེ་ཡི་གཡས་གཡོན་ཕུ་མདའ་གང་ལ་གཞིག་ཀྱང་བློན་ཐོན་མིའི་འཁྲུལ་ཡུལ་སྙེ་མོ་རུ་ཡིན་པའི་ཚོར་བ་དང་དཔང་རྟགས་ལྷུ་ལག་འགྲིག་པོ་ཞིག་གམ་ཡིད་ཚིམས་པ་ཞིག་གང་ཡང་རྙེད་མ་སོང་། གང་ལགས་ཞེ་ན་གཙོ་བོ་བསམ་གྲུབ་སྒང་ཟེར་བ་དེ་ནས་དེང་སང་གི་ཞིབ་མཇུག་གི་རྣམ་པ་ལྟར་གཞིགས་ན་དཔང་རྟགས་ཀྱི་གཙོ་བོ་རིགས་གསུམ་དགོས་པ་རེད། གཅིག་གནའ་རྫས། གཉིས་གནའ་བོའི་ཡིག་རིགས། གསུམ་རིག་པའི་སྒྲུབ་བྱེད་བཅས་དགོས་པ་རེད། ཡིག་རྙིང་མང་པོའི་ནང་དུ་བསམ་འགྲུབ་སྒང་ཞེས་པ་ཙམ་ཡོད་ཀྱང་དེ་ཡང་མང་པོ་ཞིག་གིས་ལྷོ་ཁའི་བསམ་གྲུབ་ཕོ་བྲང་ཞེས་སྦྱར་ཡོད་པས་དེ་ཙམ་གྱི་དཔང་པོ་ཁུང་བཙན་པ་ཞིག་མེད། ཐོན་མིའི་གཞིས་ཀ་དེ་ནི་བཙན་པོ་སྲོང་བཙན་གྱིས་བཞེངས་པར་གྲགས་པ་ལྟར་སྐུ་ཚེའི་སྨད་བཞུགས་ཡུལ་ཙམ་ལས་དཔང་རྟགས་ཁུངས་བཙན་དེ་བས་དཀའ། དེས་ན་མ་འོངས་པའི་ལོ་ཟླའི་ནང་དུ་བསྐྱར་དུ་གླེང་བའི་གོ་སྐབས་འདྲ་བྱུང་ན་ལྷོ་ཁའི་གཉལ་ལུང་པ་ནས་གླེང་རྒྱུའི་འདུན་པ་ཡོད་དོ།།