ཐོན་མི་སམ་བྷོ་ཊ་

ཡོང་ཁུངས་Wikipedia

སློབ་དཔོན་ཐོན་མི་སམ་བྷོ་ཊ་ནི་སྤྱི་ལོ༦༡༩ལོའི་དབྱར་ཁའི་མཚན་མོ་ཞིག་ལ། ཡུལ་ལྷོ་ཁ་གཉལ་ནང་ཞེས་པའི་ཡུལ་གྲུ་དེ་རུ་ཡབ་གཉལ་བ་སྣང་གྲགས་དང་ཡུམ་གནུབས་བཟའ་གཉིས་སུ་སྲས་སུ་བཀྲ་ཤིས་པའི་མཚན་མ་དང་བཅས་ཏེ་སྐུ་འཁྲུངས་ཤིང་། རིམ་བཞིན་ནར་སོན་ཚེ་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་དུ་བསྐོས་པ་དང་། སྤྱི་ལོ༦༣༣ལོར། ཐོན་མི་འཁོར་དང་བཅས་པ་ལྷོ་ཕྱོགས་རྒྱ་གར་དུ་འབྱོར་ཞིང་། རྒྱ་གར་ལྷོ་ཕྱོགས་ཀྱི་མཁས་པོ་ཆེན་པོ་བྲམ་ཟེ་ལི་བྱིན་སློབ་དཔོན་དུ་བསྟེན་ཏེ་ཡིག་རིགས་དུ་མ་ལ་མཁས་པར་སྦྱངས་པ་མ་ཟད། པཎྚི་ཏ་ལྷ་རིགས་པའི་སེང་གེ་ལས་སྒྲ་པཱ་ཎི་བ་དང་། ཀ་ལཱ་པ། ཙཱནྡྲ་པ་རྣམས་དང་། རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས། རྟོགས་དཀའ་བ་པཎྚི་ཏ་ལུགས་ཀྱི་བསྟན་བཅོས། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་བཅས་པ་མི་ལོ་བདུན་གྱི་རིང་ལ་བསླབས་ཤིང་འདྲིས་པར་བྱས་ཤིང་། ཕྱིར་བོད་དུ་ཕེབས་ནས་བོད་ཡིག་གསར་བཟོ་མཛད་པ་དང་། བརྡ་སྤྲོད་པའི་བསྟན་བཅོས་མཛད་པ། བཀའ་བསྟན་བོད་སྐད་དུ་བསྒྱུར་པ་སོགས་རླབས་ཆེན་གྱི་ཕྱག་རྗེས་མང་པོ་བཞག་གོ།།

བོད་ཡིག་གསར་བཟོ་བྱེད་དགོས་པའི་རྐྱེན།[རྩོམ་སྒྲིག]

དེ་ཡང་སྔོན་འདས་པའི་ལོ་སྟོང་ཕྲག་གཅིག་དང་སུམ་བརྒྱ་ལྷག་ཙམ་སོང་བའི་དུས་རབས་བདུན་པའི་སྟོད་ཀྱི་ཆར། བོད་རྒྱལ་གནམ་རི་སྲོང་བཙན་གྱིས་སྲས་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་བཞེས་པའི་ས་མོ་གླང་གི་ལོར(སྤྱི་ལོ༦༢༩)རྒྱལ་སྲིད་གསར་དུ་སྐྱོང་དུས་དགའ་སྟོན་གྱི་ཡོ་ལང་རྣམ་པར་རྒྱས་པ་ན། མཐའ་བཞིའི་རྒྱལ་པོ་རྒྱལ་ཕྲན་དང་བཅས་པས་སྟོན་ཀའི་སྤྲིན་གྱི་འདུ་འགོད་དང་མཚུངས་པའི་ཕོ་ཉ་ཡང་ཡང་མངགས་ནས། བོད་རྒྱལ་ལ་རང་གི་རྒྱལ་ཁམས་ཀྱི་ཡི་གེར་བཀོད་པའི་འཚམ་ཞུའི་འཕྲིན་ཡིག་དང་འཚམ་སྐྱེས་སུ་རིན་ཐང་གཞལ་དུ་མེད་པའི་རྟེན་མཚོན་འདི་དང་འདི་ཡོད་དོ་ཞེས་སོ་སོའི་ཡུལ་གྱི་ཡི་གེར་བྲིས་ནས་བཀུར་བ་ལ། དེ་དུས་བོད་རང་ལ་ཡི་གེ་མེད་པས་སྐྱེས་ལན་དང་འཕྲིན་ལན་ལ་རྒྱལ་ཁམས་དེ་དང་དེའི་ཡི་གེ་ལྟར་འབྲི་བའམ། ངག་འཕྲིན་ཙམ་ལས་བསྐུར་རྒྱུ་མ་བྱུང་བ་དེར་སྲོང་བཙན་གྱི་དགོངས་པ་ལ། རང་ཅག་གི་ཡི་གེ་མེད་པ་འདིས་རྒྱལ་སྲིད་ཀྱི་བྱ་བ་གང་ཡང་ལེགས་པར་སྒྲུབ་མི་ཐུབ་པ་དང་། རྒྱལ་ཁམས་གཞན་གྱིས་འཕྱ་བའི་གནས་སུ་འགྱུར་ན། ད་ནི་རྒྱལ་ཁམས་གཞན་གྱི་ཡི་གེ་ལ་རག་མ་ལས་པར། བོད་རང་གི་སྐད་དང་མཐུན་པའི་ཆོས་སྲིད་ཀྱི་གཙུག་ལག་རྣམ་གཉིས་ཀྱི་དོན་གསལ་བར་སྟོན་ཐུབ་པའི་ཡི་གེའི་རྣམ་གཞག་ཆ་ཚང་བ་ཞིག་ངེས་པར་ཡོད་དུ་འཇུག་དགོས་སོ་ཞེས་བཟློག་ཏུ་མེད་པའི་ཐུགས་ཀྱི་དམ་བཅའ་བརྟན་པོ་བཅས་སོ།།

རྒྱ་གར་དུ་མངགས་པ།[རྩོམ་སྒྲིག]

དེའི་ཚེ་བོད་ཀྱི་བློན་པོའི་བུ་བློ་རྣོ་བ་བཅུ་དྲུག་ལ་གསེར་གྱི་རྫོངས་པ་དང་བཅས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་ན་ཡང་། ལ་ལ་ལམ་བགྲོད་དཀའ་བར་འཇིགས་ནས་འགྲོ་མ་ནུས། ལ་ལ་རྒྱ་གར་དུ་ཕྱིན་ཀྱང་ཚད་པས་ཤི། ལ་ལས་རྒྱ་སྐད་མ་ཤེས་པར་ཕྱིར་ལོག དེ་ནས་རྒྱལ་པོས་སླར་ཡང་ཐོན་མི་སམ་བྷོ་ཊ་ཞེས་བྱ་བའི་ཁྱེའུ་ངང་ཚུལ་བཟང་བ། བློ་གསལ་བ། དཀའ་བ་དང་དུ་ལེན་པའི་སྙིང་སྟོབས་ཅན། གཞན་ཕན་གྱི་ལྷག་བསམ་དཀར་བ་ཞིག་ཡོད་པ་དེ་ལ་བཀའ་གནང་ཞིང་། གསེར་བྱེ་བྲེ་གང་ལ་སོགས་པའི་རྫོངས་པ་བཅས་རྒྱ་གར་དུ་བཏང་ངོ་།།

བོད་མཁས་པས་བརྩམས་པའི《དམ་ཆོས་གླེགས་བམ་སྒྲུབ་ཚུལ》གྱི་ལུང་མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱི《ཡི་གེའི་བཤད་པ》རུ་བཀོད་པ་ལྟར་ན། དེའི་ཚེ་བློན་པོ་མཆོག་མགར་སྟོང་བཙན་ཡུལ་སྲུང་གཡོག་དང་བཅས་པ་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་སྟེ། ཏ་ལ་ཁ་ཏི་རྣམ་གསུམ་གྱི་སར་ཕྱིན་པ་ན་གཡོག་ཕལ་ཆེར་ས་ཆུ་མ་འཕྲོད་པས་ཤི། མགར་རང་ཉིད་ཀྱང་འཆི་བར་དོགས་ནས་སླར་ལོག དེ་ནས་སྲོང་བཙན་གྱིས་ཐོན་མི་སྣང་གྲགས་ཞེས་བྱ་བའི་བུ་ལོ་བཅོ་ལྔ་ལོན་པ་ཞིག་ལ། ཁྱོད་རྒྱ་གར་དུ་ཡི་གེ་སློབ་ཏུ་འགྲོ་ཐུབ་བམ་ཞེས་དྲིས་པར། ཐོན་མིས་མ་ཤི་ཕན་ཆད་ཅི་ལ་མི་ཐུབ་ཅེས་སྲོང་བཙན་གྱི་བཀའ་དང་དུ་བླངས་སོ།། དེ་ནས་ཕོ་ཉའི་འགོ་དཔོན་དུ་སྟག་རོ་ལོ་ཤོག་ཟེར་བ་བསྐོས་ཏེ་གཡོག་ལྔ་བརྒྱ་སྤྲད་པ་དང་། ཐོན་མིས་ཧ་ཅང་མང་བ་འདི་དག་གིས་ཅི་བྱེད། བཅུས་འཚལ་ལོ་ཞེས་གསོལ་ནས་དཔོན་གཡོག་བཅུ་གཉིས་ལ་མཁོ་བའི་ཆས་ཀ་དང་། རྒྱ་གར་རྒྱལ་པོར་དཔལ་སྦྱིན་བྱེད་བི་ན་ལྷ་ཆེན་ཞེས་པ་ལ་འཚམ་སྐྱེས་ཀྱི་བསྐུར་མ་ངག་འཕྲིན་དང་བཅས་པ་གནང་ནས་བརྫངས། ལམ་ནས་བལ་པོའི་རྒྱལ་པོ་ལ་སྐྱེས་ཕུལ་ཏེ་ཚད་པ་ལ་ཕན་པའི་སྨན་ག་བུར་དང་། ཅུ་གང་། ཙན་དན་གྱི་ཆུ་ལ་སོགས་པ་བསྩལ་བ་བསྟེན་ཅིང་སོང་བས་ཅི་ཡང་མ་གནོད་པར་རྒྱ་གར་དུ་བདེ་བར་བརྟོལ་ཞེས་བྱུང་ངོ་།།

རྒྱ་གར་ནས་སྦྱངས་པ་མཛད་ཚུལ།[རྩོམ་སྒྲིག]

དེ་ནས་ཐོན་མི་རྒྱ་གར་ཡུལ་ཁམས་ཆེ་བ་ཀུན་ཏུ་མྱུལ་ཞིང་། མཐར་ལྷོ་ཕྱོགས་ཀྱི་མཁས་པ་བྲམ་ཟེ་ཆེན་པོ་ལི་བྱིན་སློབ་དཔོན་དུ་བསྟེན་ནས་ཡིག་རིགས་དུ་མ་མཁས་པར་སྦྱངས། པཎྜི་ཏ་ལྷ་རིག་པའི་སེང་གེ་ཞེས་པ་ལས་སྒྲ་པཱ་ཎི་བ་དང་། ཀ་ལཱ་པ། ཙཱནྡྲ་བ་རྣམས་དང་། རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང་། རྟོགས་དཀའ་བ་པཎྜི་ཏ་ལུགས་ཀྱི་བསྟན་བཅོས། དམ་པའི་ཆོས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་བཅས་པ་བསླབས། བོད་མཁས་པའི《དམ་ཆོས་གླེགས་བམ་སྒྲུབ་ཚུལ》ལས། ཐོན་མི་རྒྱ་གར་དུ་བརྟོལ་བའི་རྗེས་སུ་རྒྱ་གར་རྒྱལ་པོས་ཐུགས་ལ་བཏགས་ཏེ། མཁས་པ་ཡ་ཤ་མི་ཏྲ་ཞེས་བྱ་བའི་སློབ་མ་ལྷ་རིག་པའི་སེང་གེ་སློབ་དཔོན་དུ་བཀུར་ནས་ལོ་བདུན་དུ་སྒྲའི་བསྟན་བཅོས་རྣམས་ཚང་བར་བསླབས། དམ་པའི་ཆོས་དགེ་བ་བཅུའི་མདོ་ཡང་ཉན་ཅིང་བསླབས། ཞེས་བྱུང་ངོ་།།

སྦྱངས་པ་མཐར་ཕྱིན་ནས་བོད་དུ་ཕྱིར་ལོག་པ།[རྩོམ་སྒྲིག]

སློབ་དཔོན་ལི་བྱིན་ལ་ཐོན་མིས་གསེར་གྱི་མཆོད་པ་དང་བཅས་བཀའ་དྲིན་ཆེ་བའི་ཆེད་བརྗོད་ཞུས་པ་ནི་འདི་ལྟར། ཐུགས་ལ་བཏགས་སོ་རྒྱལ་བའི་སྲས།། བཀའ་དྲིན་ཆེ་འོ་ངོ་མཚར་ཆེ།། བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན།། རིག་པ་དྲི་མེད་ཀྱི་ནམ་མཁའ་ལ།། ཐབས་ཤེས་གཉིས་ཀྱི་རྒྱུ་སྐར་ཤར།། སྨོན་ལམ་དག་པའི་རླུང་གིས་དྲངས།། སྒྲ་ཚད་ཡི་གེའི་ཉི་ཟླ་ཤར།། འགྲོ་བའི་མ་རིག་མུན་པ་སེལ།། བདེ་གསལ་ཡིད་ཀྱི་རྒྱ་མཚོ་ལ།། རིག་པ་བློ་ཡི་ཆུ་ཕྲན་འཁོར།། སྨོན་ལམ་དག་པའི་ཆུ་བྱ་ལྡིང་།། སྒྲ་ཚད་ཡི་གེའི་ནོར་བུ་བཞུགས།། འགྲོ་བའི་དབུལ་ཕོངས་སེལ་བར་བྱེད།། སྒྱུ་ལུས་དྲི་མེད་ཀྱི་སྡོང་པོ་ལ།། ཐབས་ཤེས་གཉིས་ཀྱི་ཡལ་ག་རྒྱས།། སླབས་ཤེས་ཡོན་ཏན་མེ་ཏོག་ཤར།། སྒྲ་ཚད་ཡི་གེའི་འབྲས་བུ་སྨིན།། བདག་བོད་ཀྱི་བློན་པོ་ཐོན་མི་ལ།། མ་ལུས་གནང་བ་ཐུགས་ལ་བཏགས།། རྒྱ་གར་ཡུལ་དུ་ཕྱིན་པ་ཡིན།། མཁས་གྲུབ་ཁྱེད་དང་མཇལ་བ་ཡིན།། ཡོན་ཏན་གཞི་མ་ཡི་གེ་ཡིན།། མ་ལུས་ཁོང་དུ་ཆུད་པ་ཡིན།། བོད་ཡུལ་དབུས་སུ་འགྲོ་བ་ཡིན།། རྒྱལ་པོས་དགའ་སྟོན་མཛད་པ་ཡིན།། རྒྱལ་སྲིད་ཆོས་བཞི་སྐྱོང་བ་ཡིན།། རྒྱལ་པོས་དབུ་མཛད་བློན་འབངས་ལ།། སྒྲ་ཚད་ཡི་གེ་སྤེལ་བ་ཡིན།། ཀུན་ལ་རྒྱས་པར་བྱེད་པ་ཡིན།། ཐུགས་ལ་བཏགས་སོ་རྒྱལ་བའི་སྲས།། ཞེས་ཞུས་ནས་བཀའ་དྲིན་རྗེས་སུ་དྲན་པར་བྱས་སོ།། དེ་ནས་བོད་དུ་ཕྱིར་ལོག་ཁར་སྒྲ་རིག་པའི་བསྟན་བཅོས་བསླབས་ཚད་ཀྱི་རྒྱ་དཔེ་དང་། གཞན་འདུས་པ་རིན་པོ་ཆེའི་ཏོག མདོ་ཟ་མ་ཏོག་བཀོད་པ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག དགེ་བ་བཅུའི་མདོ་ལ་སོགས་རྒྱ་དཔེ་རྣམས་ཀྱང་གདན་དྲངས་པར་མཛད་དོ།།

ཡི་གེ་བཟོས་པ་ལ་རྒྱལ་པོས་དགའ་སྟོན་མཛད་པ།[རྩོམ་སྒྲིག]

བོད་འབངས་རྣམས་སྒྲ་དང་ཡི་གེའི་རིག་པའི་གནས་ཀྱི་དགའ་ཚལ་དུ་འཇུག་པའི་སླད་དུ་སྲོང་བཙན་རང་ཉིད་ནས་ཐོན་མི་སློབ་དཔོན་དུ་བསྟེན་ཏེ། ལྷ་སའི་ཕ་བོང་ཁའི་སྐུ་མཁར་མ་རུ་ཞེས་བྱ་བར་ལོ་གསུམ་མམ་བཞི་ལ་མཚམས་བཅད་ཀྱི་ངང་ནས་ཡི་གེ་འབྲི་ཀློག་ལ་མཁས་པར་སྦྱངས། དེ་བཞིན་དུ་བློན་འབངས་ཀུན་གྱིས་ཀྱང་རྒྱལ་པོའི་བཀའ་བཞིན་སྒྲ་དང་ཡི་གེ་ལ་གུས་རྟག་བརྩོན་པས་སྦྱངས་པ་རྒྱ་ཆེར་བྱས། ལོ་སྔ་ཕྱི་དེ་དག་ཏུ་ཐོན་མིས་བོད་ཡིག་གསར་བཟོ་དང་བརྡ་སྤྲོད་པའི་བསྟན་བཅོས་རྣམས་ཀྱང་རིམ་གྱིས་བརྩམས་པར་གསལ་ལོ།། དེའི་ཚེ་སློབ་དཔོན་ཐོན་མི་སམ་བྷོ་ཊ་ལ་རྒྱལ་པོས་བཀུར་སྟི་དང་སྲི་ཞུ་བློར་མི་ཤོང་བ་མཛད་དེ། སློབ་དཔོན་ཞེས་པའི་མཚན་ཡང་མཚམས་འདི་ནས་ཐོགས་པར་མངོན། བོད་ཡིག་གསར་བཟོའི་ཕྱག་རྗེས་ལ་གཟེངས་བསྟོད་པའི་དོན་དུ། བོད་ཕྲུག་མཛངས་མི་རིམ་བྱོན་བདུན་ཡོད་པ་ལས་ཐོན་མི་དེའི་གྲས་ཀྱི་མཛངས་མི་བཞི་པར་བསྔགས་སོ།། མཛངས་མི་ཞེས་པ་ནི་མཁས་པའམ་ལག་རྗེས་ཆེན་པོ་ཅན་གྱི་དོན་ནོ།། འདི་ལ་དཔའ་བོ་

གཙུག་ལག་ཕྲེང་བའི་ཆོས་འབྱུང་བ་ལས།[རྩོམ་སྒྲིག]

བོད་ཕྲུག་མཛངས་པའི་མི་བདུན་གྱི།། བཞི་པར་ཐོན་མི་བགྲང་མོད་ཀྱང་།། དེ་ཀུན་མཚུངས་པ་མ་ཡིན་ཏེ།། མཁན་པོ་ལོ་ཙཱའི་ཐོག་མ་འདིའི།། བཀའ་དྲིན་བོད་ཀྱིས་ཇི་ལྟར་འཁོར།། ཞེས་པ་ནི་དེ་ཁོ་ན་ཉིད་དོ།། དེའི་རྐྱེན་གྱིས་བློན་པོ་འགའ་ཞིག་གི་བློ་ལ་མ་བབས་ནས་རྒྱལ་པོས་འབངས་ལ་འདི་ལྟར་བཀུར་བ་མི་རིགས་སོ་ཞེས་ལྐོག་ལབ་གླེང་བ་ཐོན་མིས་གསན་ནས། ཉིན་གཅིག་རྒྱལ་པོ་གྲལ་གྱི་གུང་ན་བཞུགས། བློན་པོ་ཆེ་དགུ་རྣམས་ཀྱིས་མཐའ་བསྐོར་བའི་དབུས་སུ་ཐོན་མི་ཡར་ལ་བཞེངས་ནས་ཕྲག་དོག་འཇོམས་པའི་གླུ་དབྱངས་མཆི་མ་དཀུ་བའི་ང་རོ་དང་བཅས་འདི་ལྟར་བླངས་སོ།། ང་དྲིན་ཅན་གྱི་བློན་པོ་ཐོན་མི་ངས།། ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ།། ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད།། ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ།། ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས།། ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ།། དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟན།། བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས།། ཚིག་དབྱངས་ཡིག་རྣམས་ལ་མཁས་པར་སྦྱངས།། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།། བོད་ཡིག་སུམ་ཅུར་གཏན་ལ་ཕབ།། རང་མཁས་པའི་ངེས་ཤེས་བློ་ལ་ཤར།། འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད།། དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད།། ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར།། མི་མཁས་པ་སླེབས་པའི་སྔོན་མ་ཡིན།། ང་མུན་པ་སེལ་བའི་སྒྲོན་མེ་ཡིན།། རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས།། གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད།། བོད་ཁ་བ་ཅན་པའི་མི་རྣམས་ལ།། ང་ཐོན་མི་བཀའ་དྲིན་མི་ཆེའམ།། ཞེས་དེ་སྐད་གླུར་བླངས་པས་ཕྲག་དོག་བྱེད་པའི་བློན་པོ་རྣམས་གཅིག་གིས་གཅིག་ལ་བལྟས། ཐོན་མིས་གང་གསུངས་ཐམས་ཅད་མདེའུ་རྩེ་རྣོན་པོས་གནད་ལ་ཕོག་པ་བཞིན་དུ་གྱུར་ནས་འགྲན་སེམས་ཞི་ཞིང་། ཐོན་མིའི་བཀའ་དྲིན་གྱི་རི་མོ་བློན་འབངས་ཐམས་ཅད་ཀྱི་སེམས་ལ་གསུབ་ཏུ་མེད་པར་གྱུར་ཏོ།།


ཐོན་མིའི་འཁྲུངས་ཡུམ་གྱི་མཚན་ལ་དོགས་པ་ཕྲན་ཙམ་སློང་པ་[རྩོམ་སྒྲིག]

དེ་ཡང་རྒྱ་མཚོའི་ཕྱི་ནང་གི་རིག་གནས་འདྲ་མིན་གྱི་བཙུར་གནོན་དང་ལྟ་བ་སོགས་དམིགས་ཡུལ་ཐ་དད་པའི་ཀླན་ཀའི་བར་ནས་སློབ་དཔོན་ཐོན་མི་ཟེར་བ་ལ་རྩོད་རྙོག་གི་མདའ་མོ་དཔྱིད་ཀྱི་དྲག་ཆར་བཞིན་འཕེན་བཞིན་ཡོད་ལ། ཡོད་པ་ལ་ལྷ་སྒྲུང་གི་ཤུབས་བསྐོན་ནས་དངོས་ཡོད་ལོ་རྒྱུས་ཀྱི་གཟུགས་རིས་མཐོང་མི་ཐུབ་པའམ། མེད་པ་ལ་དགོས་དབང་གིས་དྲི་མ་གོས་ཏེ་བདེན་པའི་གནས་ལུགས་དང་ར་འཕྲོད་དཀའ་བ་སོགས་ཅི་ཡིས་ལན་ཡིན་པ་མི་ཤེས་མོད། ད་བར་དུ་མཐའ་ཆོད་པ་དང་གཏིང་ཕྱིན་པའི་མཐའ་དཔྱད་ཅིག་ལར་ནས་མཐོང་མ་སོང་། འོན་ཀྱང་བབས་ལྟ་ཙམ་བྱས་ན་དེ་དག་གིས་རྐྱེན་བསླངས་པའི་ཐོན་གྱི་མི་ཆུང་གི་སྐོར་ལ་དོགས་པ་མི་འདྲ་བ་གཉིས་བསླངས་ཡོད་པར་སྙམ་མོ། དང་པོ་དེ་ནི་ཐོན་མི་ཟེར་བ་ཞིག་དོན་དངོས་སུ་སྲོང་བཙན་སྐབས་སུ་བྱུང་ཡོད་མེད་དང་། གཉིས་པ་ནི་གལ་ཏེ་བྱུང་ཡོད་ཀྱང་བོད་ཡིག་དེ་ཐོན་མིས་གསར་བཟོ་བྱས་མིན་གྱི་སྐོར་དེ་རེད།

སྤྱིར་ང་ཚོས་ལོ་རྒྱུས་གླེང་བ་ནི་བདེན་པའི་མཐའ་བརྟོལ་བ་དང་དངོས་དོན་གྱི་ངོ་གདོང་ཕྱི་རུ་ཕུད་རྒྱུ་དེ་ཡིན་པ་སྨྲོས་མ་དགོས་མོད། འོན་ཀྱང་ལོ་རྒྱུས་གླེང་སྟངས་ཀྱི་སྐོར་ནས་གཅིག་གྱུར་དང་འཛུགས་སྐྲུན་རང་བཞིན་གྱི་ཕྱོགས་ལ་བསྐྱོད་ཅི་ཐབས་བྱེད་དགོས། དེའི་རྒྱུ་མཚན་གྱིས་ཐོན་མིའི་སྐོར་ནས་ཀྱང་ང་ཚོ་ལ་གཅིག་གྱུར་གྱི་གླེང་སྟངས་ཤིག་ཡོད་ན་དེ་ནི་ཁུ་བྱུག་གི་གནམ་ཆུ་ལ་སྒུག་པ་ལྟ་བའི་རེ་བ་ཤིན་ཏུ་ཆེ། ང་ལ་མཚོན་ནའང་ཐོན་མི་ཡོད་མེད་ཀྱི་སྐོར་ལ་དམིགས་ཡུལ་གཞན་པ་དང་སྦྱོར་བ་ཡ་མ་ཟུང་གང་ཡང་མེད་ལ། དེ་ལས་ཀྱང་ཐོན་མི་ཡོད་པར་འདོད་པའི་རྗེ་སུ་འབྲང་བཞིན་ཡོད་ཅིང་། རང་གི་སློབ་མ་རྣམས་ལའང་བོད་ཡིག་ནི་ཐོན་མིས་གསར་བཟོ་བྱས་པ་རེད་ཅེས་གླེང་བཞིན་ཡོད། དེ་ལ་རྒྱུ་མཚན་གྱི་ཁུངས་ལུང་གཞན་གང་ཡང་མ་དགོས་པར་གཙོ་བོ་གཅིག་གྱུར་གྱི་ཕྱོགས་སུ་འབད་ཁུལ་ཙམ་དུ་ཟད་དོ།། གཞན་ཡང་ཁ་ཅིག་གིས་བོད་ཡིག་ནི་ཐོན་མིས་གསར་བཟོ་བྱས་པ་མིན་ལ་དེ་ལས་གོང་དུ་ཞང་ཞུང་སྨར་ཆེན་སོགས་ཀྱིས་མཚོན་པའི་ཡི་གེ་ཞིག་ཡོད་པར་འདོད་པའི་སྐད་ཆ་ནི་རྦད་དེ་ཁུངས་མེད་བབ་བཅོལ་གྱི་གཏམ་ཞིག་མིན་ལ། དེ་ལ་ལོ་རྒྱུས་ཀྱི་དཔྱད་རིན་ཡོད་པ་མ་ཟད་དེ་ལྟར་ཀྱང་ཡིན་ཤས་ཆེའོ།། འོན་ཀྱང་ཏུན་ཧོང་ཡིག་རྙིང་ནང་དུ་ཐོན་མིའི་མཚན་གྱི་ཟུར་ཙམ་ཡང་མེད་པས་གཏན་ཏུ་ཐོན་མི་ཟེར་བ་ཞིག་མེད་དགགས་བྱེད་པ་ནི་དོན་ལ་མ་གནས་པའི་སྐད་ཆ་ཞིག་གོ།། རྒྱུ་མཚན་ཏུན་ཧོང་ཡེ་གེ་ཟེར་བ་ནི་ས་གནས་ཉི་ཚེ་བ་ཞིག་གི་ཡུལ་སྐད་རང་ཕབ་པའི་ཡིག་ཚགས་ཤིག་ཡིན་ལ། དེའི་ནང་དུ་ཡོད་པ་བརྒྱ་དང་མེད་པ་སྟོང་། དཔེར་ན་བོད་ལ་དབྱར་འདུན་དང་དགུན་འདུན་ཞེས་འཚོགས་ཆེན་གཉིས་ཡོད་པའི་དེའི་བསྡུ་མཁན་རྣམས་ཀྱི་མིང་ལས་གཞན་བློན་ཆེན་རྣམས་ཀྱི་མིང་མེད་པ་ལྟ་བུ། ཡང་གཅིག་བཤད་ན་ཏུན་ཧོང་ཡིག་རྙིང་ནི་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཁ་འཐོར་དུ་སོང་བའི་ཡི་གེ་ཞིག་ཡིན་པས་སུ་ཞིག་གིས་དེའི་ནང་དུ་ཐོན་མིའི་མཚན་མེད་ཅེས་ཁ་ཚོད་གཅོད་ཐུབ། དེའི་ཕྱིར་ན་སྐད་ཆ་འདི་དག་ནི་ཁུངས་མེད་འུར་སྒྲོག་དང་ཨ་འཕྲེགས་ཀྱི་བསམ་བློའི་བསླངས་པ་འབའ་ཞིག་གོ། སྤྱིར་འདིའི་སྐོར་ནས་ཅུང་རྒྱས་པ་ཞིག་བཤད་འདོད་མོད། འོན་ཀྱང་སྐབས་ཀྱི་གླེང་བྱ་གཙོ་བོ་ནི་ཐོན་མི་ལགས་ཀྱི་འཁྲུངས་ཡུམ་གྱི་སྐོར་ཡིན་པ་ལས་ཐོན་མི་རང་མིན་པས་འདིར་གླེང་གཞི་ཙམ་བསླངས་པ་ལས་རྒྱས་པ་གཞན་དུ་གསལ།

དེ་ཡང་མང་པོ་ཞིག་གིས་ཐོན་མི་སམ་བྷོ་ཊ་དེ་དངོས་ཡོད་ལོ་རྒྱུས་ཀྱི་མི་སྣ་ཞིག་དུ་སྒྲུབ་ཆེད།ཁོང་གི་ཡབ་ཡུམ་དང་འཁྲུངས་ཡུལ་སོགས་ངོས་འཛིན་བྱེད་པར་ཤིན་ཏུ་བྲེལ་བཞིན་ཡོད་མོད།འོན་ཀྱང་ཐོན་མའི་འཁྲུངས་ཡུམ་གྱི་སྐོར་ནི་སྔོན་གྱི་དེབ་ཐེར་དང་ཡིག་ཚང་སོགས་སུ་ཤིན་ཏུ་དཀོན་ལ་ཕལ་ཆེལ་མེད་ཅེས་བཤད་ནའང་འགྲིག་པའི་ཚོད་དུ་སླེབས་འདུག ཡིན་ཡང་ཉེ་ཆར་དེབ་ཐེར་དྭངས་གསལ་མེ་ལོང་ཟེར་བ་ཞིག་གི་ནང་དུ་ཐོན་མིའི་འཁྲུངས་ཡུམ་གྱི་མཚན་བུད་ཅིང་། དེ་ལ་གཞི་བཅོལ་ནས་རྒན་ཤེས་རབ་ཡེ་ཤེས་ལགས་ཀྱིས་ཀྱང་«ཐོན་མིའི་ལོ་རྒྱུས་བློ་གསལ་ཐེམ་སྐས།»སུ། དབུས་ཀྱི་སྙེ་མོར་འཁྲུངས་པའི་ཐོན་མི་ཡི།། ཡབ་ནི་སྣང་གྲགས་ཡུམ་ནི་དབྱངས་ཅན་མཚན།། རིགས་ཀྱི་སྲས་སུ་དྲུག་བརྒྱ་བཅུ་དགུར་བལྟམས།། རྗེ་ཡི་བློན་ཆེན་བཞི་ཡི་ཡ་གྱལ་གྲགས།། ཞེས་ཐོན་མིའི་ཡབ་ཡུམ་དང་འཁྲུངས་ཡུལ་སོགས་གསལ་བོ་ངོས་བཟུང་ཡོད་པ་མ་ཟད། ཐོན་མིའི་འཁྲུངས་ཡུམ་གྱི་མཚན་ལ་གནུབས་བཟའ་དབྱངས་ཅན་ལྷ་མོ་ཞེས་ཁ་གསལ་དུ་བྲིས་ཡོད། དེ་ཡང་བསམ་བློ་རྣལ་དུ་ཕབས་ནས་སྐད་ཆ་འདིའི་ཚིག་རྗེས་དོན་འདེད་ཅིག་བྱས་ན་དོགས་པ་ཕྲན་བུ་ཞིག་མ་བསྐུལ་ངང་གིས་སྐྱེས་ཡོང་། སྤྱིར་ཐོན་མིའི་འཁྲུངས་ཡུམ་ངོས་འཛིན་བྱེད་རྒྱུ་ནི་ཐོན་མི་སམ་བྷོ་ཊ་དེ་ལོ་རྒྱུས་ཀྱི་དངོས་ཡོད་མི་སྣར་སྒྲུབ་པར་ཤིན་ཏུ་གལ་འགང་ཆེ་བ་བདེན་མོད། འོན་ཀྱང་དེ་ངོས་འཛིན་ཡག་པོ་ཞིག་མ་ཤེས་ན་དེ་ནི་ཐོན་མི་སམ་བྷོ་ཊ་དེ་ལོ་རྒྱུས་སུ་བྱུང་མ་མྱོང་བའི་སྒྲུབ་བྱེད་དུའང་འགྱུར་ཉེན་ཆེའོ།།

དེ་ཡང་དབྱངས་ཅན་ལྷ་མོ་ཞེས་པའི་མིང་འདི་ནི་རྒྱ་གར་ལས་འགྱུར་བའི་ཕྱི་ཡོང་ཐ་སྙད་ཅིག་ཡིན་ལ། རྒྱ་གར་སྐད་དུ། སྭ་རཿདེ་ཝཱི་ཟེར། དེའི་འབྱུང་ཁུངས་ནི་རིག་བྱེད་གཏམ་རྒྱུད་ཡིན་ཞིང་། «མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས།»ལས། སྒྲ་དབྱངས་ལྷ་མོ་ཚངས་སྲས་མ།། ཟླ་བའི་སྲིང་མོ་མཚོ་བྱུང་མ།། ཤེས་རབ་ལྷ་མོ་དབྱངས་ཅན་མཚན།། ཞེས་སྒྲ་དབྱངས་ལྷ་མོ་དང་ཚངས་སྲས་མ། དབྱངས་ཅན་ལྷ་མོ་བཅས་ནི་མི་གཅིག་མིང་གི་རྣམ་གྲངས་ཡིན་ལ། དེ་དག་གི་བྱུང་རབས་ཀྱང་«མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་མཆན་འགྲེལ།»ལས། སྔོན་བསྐལ་པ་ཐོག་མའི་དུས་ཤིག་ན་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་རླུང་གིས་གཡོས་པ་ལས། དེའི་ནང་དུ་བརྟན་གཡོའི་སྒྲ་ཐམས་ཅད་རབ་ཏུ་སྙན་པར་གྲགས་པས་ཚངས་པ་ཆེན་པོས་ལོ་དུ་མར་སྒྲ་དེ་ལ་མངོན་པར་དགའ་ཞིང་རོ་མྱང་བས་མཐར་སྒྲ་དབྱངས་དེ་རྣམས་གཅིག་ཏུ་འདུས་པ་ལས་ལྷ་མོ་འདི་ཉིད་བྱུང་བར་གྲགས་སོ།། ཞེས་ལྷ་སྒྲུང་གི་ཚུལ་གྱིས་བཤད་ཡོད། དེ་ལྟར་ན་རྒྱ་གར་གྱི་རིག་གནས་འདི་དག་ནི་སྲོང་བཙན་དུས་སུ་གཟོད་བོད་དུ་ནང་འདྲེན་བྱས་པ་ཞིག་ཡིན་ལ། དེ་སྔོན་རྒྱ་གར་དང་ཕྱི་འབྲེལ་ཡོད་ཀྱང་རིག་གནས་ཀྱི་བརྗེ་རེས་ནི་སྲོང་བཙན་དུས་སུ་གཞི་ནས་དབུ་བརྩམས་པ་མ་ཟད། དེའི་ཚབ་མཚོན་མི་སྣའམ་བསྒྱུར་མཁན་གྱི་ལོ་ཙཱ་བ་ཐོག་མ་ཡང་ཐོན་མི་ཁོང་རང་རེད་འདུག «བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོའི་»ནང་དུ། སྲོང་བཙན་སྐབས་སུ་ཐོན་གྱི་མི་ཆུང་སམ་བྷོ་ཏྲས་ཡི་གེ་བསྒྱུར། ཙིནྡ་མ་ཎི་རིན་པོ་ཆེའི་འདུས་པ་བཏོག ། དགེ་བ་བཅུའི་མདོ་ལ་སོགས་པ་ཆ་ཤས་ཙམ་བསྒྱུར། ཞེས་རྒྱ་གར་གྱི་རིག་གནས་ཆེ་ཤོས་སྟེ་སངས་རྒྱས་ཆོས་ལུགས་ནི་སྐབས་འདིར་བསྒྱུར་མགོ་བརྩམས་ན། ཐོན་མིས་ནང་ཆོས་མ་བསྒྱུར་སྔོན་ནས་ཀྱང་ཐོན་མིའི་མ་ཡུམ་གྱི་མཚན་ལ་དབྱངས་ཅན་ལྷ་མོ་ཞེས་ཆོས་མིང་ཞིག་འདོགས་པ་འདི་ཡང་ཇི་འདྲའི་ལོ་རྒྱུས་ཀྱི་འགྲོས་དང་འགལ་བའི་ལས་ཤིག་གོ། ད་དུང་ཕར་ཚིག་གི་རྒྱུ་མ་ལ་དོན་གྱིས་ཕུ་འདེད་བྱས་ན་དབྱངས་ཅན་ལྷ་མོ་ཞེས་པའི་ཆོས་མིང་འདི་ནི་བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པའི་ཐ་སྙད་ཅིག་ཀྱང་ཡིན་པར་འཕྱངས་མོ་ཉུག རྒྱུ་མཚན་ལྷ་མོ་དབྱངས་ཅན་མ་ཞེས་པའི་མིང་རྐྱང་བ་འདི་དུས་ནམ་ཞིག་ལ་བོད་དུ་འགྱུར་བ་དང་བསྒྱུར་མཁན་གྱི་ལོ་ཙྰ་བ་སོགས་གང་ཡིན་ཆ་མ་འཚལ་མོད། འོན་ཀྱང་དབྱངས་ཅན་མའི་མིང་གི་བྱུང་རབས་དང་མཚན་གྱི་རྣམ་གྲངས་སོགས་རྣམ་ཐར་མང་ཤོས་ནི་དབྱངས་ཅན་སྒྲ་མདོའམ་《དབྱངས་ཅན་མའི་བརྡ་སྤྲོད་པའིམདོའི》་ནང་དུ་གསལ་གཤིས། གཞུང་དེའི་འགྱུར་ནི་《བརྡ་སྤྲོད་པ་དབྱངས་ཅན་གྱི་མདོའི་འགྲེལ་པ་ཉུང་ངུ་རྣམ་གསལ།》ལས་བརྗོད་པ་བཞིན། འཕགས་ཡུལ་ཤར་ནུབ་ཀུན་ཏུ་གྲགས་ཤིང་དར་རྒྱས་ཆེ་བ་ཀ་ཙན་དབྱངས་གསུམ་དང་། རྩ་བ་པྰ་ནི་པ་བཅས་བཞིའོ།། ཞེས་པ་ལས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ཉིད་ཀྱིས་བྲམ་ཟེའི་སློབ་དཔོན་ཨ་ནུ་བྷྰུ་ཏི་སྭ་རུ་པ་ལ་དངོས་སུ་བསྩལ་བའི་དབྱངས་ཅན་མའི་བརྡ་སྤྲོད་པའི་མདོ་འདི་ནི། དུས་རབས་བཅུ་གསུམ་པའི་ནང་དུ་ལྷ་མཐོང་ལོ་ཙྰ་བས་ཕྱེད་ཙམ་ཐོག་མར་བསྒྱུར་ཞིང་། དེ་ནས་ཇོ་ནང་ཏྰ་ར་ན་ཐས་ཆ་ཚང་བསྒྱུར། ལྔ་བ་ཆེན་པོའི་སྐབས་སུ་འདར་ལོ་ཅྰ་བ་ངག་དབང་ཕུན་ཚོགས་སམ་ཚེ་དབང་རབ་བརྟན་རྡོ་རྗེ་ལགས་ཀྱིས་ཆ་ཚང་བསྐྱར་བསྒྱུར་བྱས་པ་ཞིག་རེད།

དེ་ལས་ཀྱང་ཅུང་ཁ་གསལ་དུ་སྨྲས་ན། སངས་རྒྱས་ཆོས་ལུགས་དེ་བོད་ལ་མ་དར་བའི་སྔ་རོལ་དུ་བོད་མི་རྣམས་ཀྱི་མིང་ནི་ཧ་ཅང་རྫིག་ཆེ་ལ་རྩུབ་རེག་དང་ལྡན་པ་ཞིག་རེད། དཔེར་ན། འབྲོང་གཉན་ལྡེའུ། སྟག་རི་གཉན་གཟིགས། དབའ་དབྱི་ཚབ་སོགས་རྫ་རྡོ་ལྟ་བུའི་མིང་དག་རྗེས་མ་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཞུགས་ནས་རིམ་གྱིས་དབྱངས་ཅན་ལྷ་མོ་དང་དབྱངས་ཅན་གྲུབ་པའི་རྡོ་རྗེ་ལྟ་བུའི་ཆོས་མིང་དུ་གྱུར་སོང་། ད་དུང་གྲུབ་མཐའ་མི་འདྲ་བའི་དབང་གིས་མིང་འདོགས་སྟངས་ལའང་འགྱུར་བ་སོང་བ་ཡོད་དེ། དཔེར་ན། དགེ་ལུགས་པའི་མིང་རྣམས་ལ་བློ་བཟང་དང་འཇམ་དབྱངས་ལྟ་བུ། རྙིང་མ་པའི་མིང་ལ་གུ་རུ་ལྟ་བུ། དེ་བཞིན་ས་སྐྱ་པའི་མིང་རྣམས་ལ་ཀུན་དགའ་སོགས་ཆོས་རྒྱུད་ཀྱི་མིང་གཏགས་སྟངས་ཀྱང་ཤིན་ཏུ་མང་ངོ་། དེའི་རྒྱུ་མཚན་གྱིས་དབྱངས་ཅན་ལྷ་མོ་ཞེས་པའི་མིང་འདི་ཡང་སངས་རྒྱས་ཆོས་ལུགས་བོད་ལ་དར་རྗེས་སུ་གཟོད་བྱུང་བའི་མིང་ཞིག་ཡིན་པ་བསྙོན་མེད་རེད། གཞན་སངས་རྒྱས་ཆོས་ལུགས་དེ་བོད་ལ་ཇི་ལྟར་དར་བའི་ལོ་རྒྱུས་ཀྱི་སྤྱི་ཁོག་ལ་བལྟས་ན་ཡང་། དང་པོ་ལྷ་ཐོ་ཐོ་རུའི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས་ཤིང་། སྲོང་བཙན་སྒམ་པོའི་རིང་ལ་སྲོལ་བཏོད། ཁྲི་སྲོང་ཡབ་སྲས་ཀྱི་རིང་ལ་དར་ཞིང་རྒྱས་པར་མཛད་ཅེས་ཀུན་གྱི་སྣང་ངོར་གཅིག་མཐུན་དུ་གྲུབ་ན། ཐོན་མི་སམ་བྷོ་ཊ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་མི་ཞིག་ཡིན་ལ། ཐོན་མི་སམ་བྷོ་ཊས་རྒྱལ་པོའི་བཀའ་བཞིན་རྒྱ་གར་ལ་ཕྱིན་ནས་སློབ་གཉེར་མཛད་ཅིང་སངས་རྒྱས་བསྟན་པའི་སྙིང་པོ་བོད་སྐད་ལ་བསྒྱུར་འགོ་བརྩམས། དེ་བཞིན་སྲོང་བཙན་སྐབས་སུ་སངས་རྒྱས་ཆོས་ལུགས་ཀྱི་སྲོལ་ཙམ་ཕྱེས་ཟེར་བའང་ཐོན་མིས་ནང་ཆོས་བསྒྱུར་རོ་ཅོག་ལ་བརྟེན་ནས་ཐོགས་པ་ཞིག་ཡིན་པས། ཐོན་མི་རང་གི་དུས་སུ་ཀྱང་སངས་རྒྱས་ཆོས་ལུགས་ཀྱི་སྲོལ་ཙམ་ཕྱེ་བ་ལས་དམངས་ཁྲོད་དུ་ཁྱབ་བརྡལ་སོང་མེད་སྟབས། ཐོན་མི་མ་བྱུང་སྔོན་ནས་ཀྱང་གཉལ་གྱི་ཡུལ་གྱི་བུད་མེད་ཅིག་ལ་དབྱངས་ཅན་ལྷ་མོ་ཞེས་ཆོས་མིང་ཞིག་འདོགས་པ་ནི་ལོ་རྒྱུས་ཀྱི་འགྲོས་དང་འགལ་ཞིང་ཕྱིས་ཀྱི་ཆོས་འབྱུང་མཁན་པོ་དག་གིས་ཆགས་ཞེན་གྱི་གོ་ཁྲབ་གྱོན་ནས་ཡར་བཏགས་པའི་མིང་ཞིག་ཡིན་པར་གདོན་མི་ཟའོ།།

ཡང་འགའ་ཞིག་གིས་དེ་ལ་རིག་བསྒྲེས་ནས་ཐོན་མིའི་འཁྲུངས་ཡུམ་གྱི་མཚན་དབྱངས་ཅན་ལྷ་མོ་ཞེས་པའི་ཐོག་མའི་མིང་ལ་གཡུང་དྲུང་ལྷ་མོ་ཞེས་བྱ་ལ། རིམ་གྱིས་ཡི་གེའི་གཟུགས་འགྱུར་བར་བཤད་ཀྱང་དེ་ནི་རིགས་འདེད་ཀྱི་ཐབས་ཙམ་ལས་རྒྱུ་མཚན་གྱི་མདའ་གཞུ་ཞིག་ཐོགས་ཡོད་པ་ངས་ནི་ལར་ནས་མ་མཐོང་ངོ་།། འོན་ཀྱང་ཁོ་བོས་མ་མཐོང་བ་ན་མེད་པས་ཀྱང་མ་ཁྱབ་ཕྱིར། རེ་ཞིག་མཁས་པ་རྣམས་ཀྱི་སྤྱན་བསྟར་དཔྱད་གཞིའི་ཚུལ་དུ་ཕུལ་ལོ།། དེ་མིན་ལོ་རྒྱུས་ཀྱི་འགྲོས་དང་འགལ་ཞིང་མཚན་ཉིད་རིག་པའི་གཤལ་ནས་ཤིན་ཏུ་བརྣག་པར་དཀའ་བའི་བྱུང་རྒྱལ་གྱི་གཏམ་ཉོག་འདི་དག་ནི། ཐོན་མི་དངོས་ཡོད་མི་སྣར་འགྱུར་བའི་སྒྲུབ་བྱེད་ལྟ་ཅི་སྨྲོས། རང་གི་སྒྲུབ་བྱ་དེ་གཞན་གྱི་སྒྲུབ་བྱེད་དུ་འགྱུར་བའི་ཉེན་ཁ་ཆེན་པོ་ཞིག་གི་ལྟས་སུ་ཤར་རོ།།