ཉེ་རབས་ཟློས་གར།

ཡོང་ཁུངས་Wikipedia

བེ་རི་འཇིགས་མེད།

དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་ཚོགས་གསུམ་གསལ་བ་ བཀོད་པའི་སྐབས་བཞུགས་སོ། །

༄༅༎ ཚོགས་གསུམ་གསལ་བ་བཞུགས་སོ། ། ཨོཾ་སྭ་སྟི་སི་དྡྷིར་སྟུ། དཔལ་ལྡན་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། གསུང་གི་ཡན་ལག་ཚད་མེད་པས། །སྣ་ཚོགས་བརྗོད་པ་སྟོན་མཛད་ཀྱང་། །བརྗོད་མེད་ཆོས་དབྱིངས་ལེགས་རྟོགས་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ཏེ། །ཐ་སྙད་ཚུལ་ལ་འཁྲུལ་བ་འགའ། །མཐོང་བས་དེ་རྣམས་བསལ་བ་དང་། །དོན་གཉེར་རྣམས་ལ་ཕན་ཆེད་དུ་། །དེ་ཚུལ་ཕྱོགས་འགའ་བྲི་བར་བྱ།

༈ འདིར་ཕལ་ཆེར་སཾ་སྐྲི་ཏ་དང་འབྲེལ་བའི་ཡི་གེ་དང་མིང་དང་ཚིག་གི་ཚོགས་གི་ཚོགས་ཀྱི་རྣམ་པར་གཞག་པ་བཤད་པར་བྱ་བ་ལས། དེ་ལ་དང་བོར་ཡི་གེའི་དབྱེ་བ་བརྗོད་པར་བྱ་སྟེ། དབྱངས་ནི་བཅུ་བཞི་གསལ་བྱེད་ནི།།སུམ་ཅུ་གསུམ་དུ་མཁས་པས་གསུངས།། སྡེ་བ་ལྔ་ཚན་ལྔ་དང་ནི། མཐར་གནས་བཞི་དང་དྲོ་བ་བཞི། དབྱངས་རྣམས་བཅུ་བཞི་སྟེ། ཨ་ཨཱ། ཨི་ཨཱི། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽའོ། སྡེ་བའི་ཡི་གེ ཀ་ཁ་ག་རགྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ་སྟེ། སྡེ་བ་ལྔ་ཚན་ལྡ་དང་། མཐར་གནས་ཡ་ར་ལ་ཝ་དང་། དྲོ་བ་ཤ་ཥ་ས་ཧ་རྣམས་ཏེ། གསལ་བྱེད་སུམ་ཅུ་རྩ་གསུམ་མོ།། འོ་ན་ལ་ཡིག་ནི་སཾསྐྲྀ་ཏ་ལ་ཀླྀཔྟ་ཞེས་པ་ལས་གཞན་ན་མེད་ཅིང་། དེ་ཡང་མདོ་གཞན་གྱིས་བཀག་པས་ན་མི་དགོས་སོ་ཞེ་ན། ལྕེ་མི་བདེ་བས་རྀ་ཡིག་ལྀ་རུ་བརྗོད་པ་ལ་དཔྱས་པ་ན། ལྀ་ཡིག་ཉེ་བར་མཁོའོ་ཞེས་སློབ་དཔོན་ཆོས་འབངས་འཆད་དོ་། འོ་ན་ལྀ་ལ་རིང་བ་མེད་པས་བཅུ་གསུམ་དུ་འགྱུར་རོ་ཞེ་ན། སློབ་དཔོན་བགྲོད་སེང་གེས། ཇི་ལྟར་རྗེས་ཟློས་བྱེད་པས་དཔྱས་པ་ལ་ལྀ་ཡིག་ཐུང་ངུ་ཡོད་པ་ལྟར་དེ་ལ་རིང་བོའང་ཡོད་དོ་ཞེས་འཆད་དོ། །གཞན་དུ་གསུངས་རྣམས་རིགས་ཀྱིས་ན། འདི་རྣམས་ཉིད་དུ་འདུས་པ་ཡིན། བཞི་བཅུ་རྩ་བདུན་པོ་འདི་ལས་གཞན་པ་བརྡ་སྤྲོད་པ་དང་སྡེབ་སྦྱོར་གྱི་གཞུང་ལ་སོགས་པར་གསུངས་པ་རྣམས་ནི་བཞི་བཅུ་རྩ་བདུན་པོ་འདི་ཉིད་དུ་རིགས་ཀྱི་སྒོ་ནས་འདུས་སོ༎ གཞན་པའང་ཅི་ལྟ་བུ་ཞེ་ན། ཨ་ཨི་ཨུ་རྀ་བཞི་རྣམས་ལ། ཐུང་རིང་པླུ་ཏ་གསུམ་གསུམ་སྟེ། །རེ་རེ་ལ་ཡང་ཨུ་དཏ་ཏ། །ཨ་ནུ་དཏ་སྭ་རི་ཏིའོ། །དབྱངས་ཀྱི་ཡི་གེ་བཞི་པོ་དེ་ལ་སོ་སོར་རེ་རེ་ལ་ཐུང་ངུ་དང་རིང་བོ་དང་པླུཏ་ཞེས་པའི་ཤིན་ཏུ་རིང་བོར་ཕྱེ་བས་གསུམ་གསུམ་སྟེ། དེ་གསུམ་རེ་རེ་ལའང་ཨུ་དཏྟ་དང་ཨནུ་དཏྟ་དང་སྭ་རི་ཏ་སྟེ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བས་དགུ་དགུའོ་། དེ་ཡང་སྣ་ལྡན་སྣ་མེད་དུ། །ཕྱེ་བས་བཅོ་བརྒྱད་རྣམས་སུ་འགྱུར། །དགུ་བོ་རེ་རེ་ལ་ཡང་སྣ་ལྡན་དང་སྣ་ལྡན་མ་ཡིན་པ་གཉིས་གཉིས་སུ་ཕྱེ་བས་ཨ་ལ་སོགས་པ་རེ་རེ་ཡང་བཅོ་བརྒྱད་དུ་འགྱུར་རོ། །མཚམས་སྦྱོར་ཡི་གེ་ཐུང་ངུ་མེད་། ལྀ་ཡིག་རིང་བོ་མེད་པས་ན། ལྔ་བོ་བཅུ་གཉིསབཅུ་གཉིས་སོ། ཨེ་ཨཻ་ཨོ་ཨཽ་རྣམས་མཚམས་སྦྱོར་གྱི་ཡི་གེའི་མིང་ཅན་ཡིན་ཞིང་དེ་བཞི་ལ་ཐུང་ངུ་མེད་ལ། ལྀ་ལ་རིང་བོ་མེད་པས་བཅུ་གཉིས་རེ་སྟེ། བསྡོམས་པས་བརྒྱ་དང་སུམ་ཅུ་གཉིས། བརྡ་སྤྲོད་པའི་གཞུང་ཆེ་བ་རྣམས་སུ་དབྱངས་བརྒྱ་སུམ་ཅུ་རྩ་གཉིས་སུ་བཤད་དོ།། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སུ། གསལ་བྱེད་རྣམས་ནི་སུམ་ཅུ་བདུན། འདི་ནི་དབྱངས་ཡིག་ཉི་ཤུ་གཉིས། འདི་རྣམས་ཡི་གེ་ལྔ་བཅུ་དགུ ཞེས་གསུངས་པས། ཨ་ཨི་ཨུ་རྀ་བཞི་ལ་ཐུང་ངུ་དང་གསུམ་ཡིག་གི་ཉ྄་རྟགས་ཀྱིས་མཚོན་པའི་ཤིན་ཏུ་རིང་དང་། ལྀ་ལ་རིང་བོ་མེད་པས་གཉིས་དང་། ཨེ་ཨཻ་ཨོ་ཨཽ་རྣམས་ལ་ཐུང་ངུ་མེད་པས་གཉིས་གཉིས་ཏེ།- བསྡོམས་པས་དབྱངས་ཉི་ཤུ་རྩ་གཉིས་སོ། གསལ་བྱེད་ནི་སྔར་བཤད་པའི་སུམ་ཅུ་རྩ་གསུམ་དང་རྗེས་སུ་ང་རོའི་མིང་ཅན་ཀླད་གོར་དང་། རྣམ་པར་གཅད་བྱའི་མིང་ཅན་ཚེག་དྲག་དང་། ལྕེ་རྩ་ཅན་གྱི་མིང་ཅན་ཀ་དང་ཁའི་སྟེང་དུ་འབྱུང་བའི་ ཌ་མ་རུའི་རྣམ་པ་ཅན་ྈྐ་ྈྑ་ཞེས་པ་ལྟ་བུ་དང་། མཆུ་དང་ཉེ་བ་ཅན་པ་དང་ཕའི་སྟེང་དུ་འབྱུང་བའི་གླང་བོ་ཆེའི་མྱོས་བུམ་གྱི་རྣམ་པ་ཅན་ྉྥ་དང་ཕ་ཞེས་པ་ལྟ་བུ་སྟེ་སུམ་ཅུ་རྩ་བདུན་ནོ་ཞེས་བཤད་དོ། ། གསང་སྔགས་ཀྱི་རྒྱུད་སྡེ་འགའ་ཞིག་ཏུ་གསུངས་པ་དང་། སྤྱིར་ཡི་གེས་རྩེན་པ་རྣམས་ལ་ཨཾ་ཨཿགཉིས་བསྣན་པས་དབྱངས་བཅུ་དྲུག་ཅེས་གྲགས་ཏེ། །གཉིས་སུ་ཕྱེ་བ་ནི་རྣམ་པར་ཕྱེ་བ་ཙམ་ཡིན་གྱི་རིགས་བཅུ་བཞི་བོ་ལས་གཞན་པ་མེད་དོ།། རྗེས་སུ་ང་རོ་སྡེ་བའི་ལྔ་རྣམས་ཇི་ལྟར་རིགས་པར་འདུས་ཤིང་། ཚེག་དྲག་ནི་ར་དང་ས་ཉིད་ལ་ཡིན། དེ་དག་བརྗོད་པའི་རྟེན་ཨ་ཡིག་ནི་དབྱངས་དང་བོ་ཉིད་ཡིན་ནོ། གསལ་བྱེད་ལ་ཡང་ཀྵ་ནི་ཀ་དང་ས་འདུས་ལ། ལྕེ་རྩ་ཅན་དང་མཆུ་དང་ཉེ་བ་ཅན་ཚེག་དྲག་ཉིད་དོ་། དེ་དག་བརྗོད་པའི་རྟེན་ཀ་ཁ་དང་པ་ཕ་འོག་ཏུ་སྦྱར་བའོ། སྨྲ་སྒོའི་འགྲེལ་བ་ལ་སོགས་པར་བསྡུ་བའི་ཚུལ་དུ་མ་ནི་ཡི་གེ་ཉེར་ལྔ་དང་བཅུ་གཅིག་དང་བདུན་དུ་དབྱངས་རྣམས་དང་ གསལ་བྱེད་ཐམས་ཅད་འདུས་ཤིང་། དེ་ཡང་ཨ་(ཨུ)རུ་འདུས་ཞེས་འཆད་པ་ནི་སྙིང་བོ་མེད་པ་སྟེ། གསལ་བྱེད་དབྱངས་སུ་འདུས་ཞེས་སྨྲ་བ་ནི་གྱང་རི་མོར་འདུས་ཞེས་པ་དང་འདྲའོ༎ གཞན་ཡང་དེ་ན་དཔྱད་མི་བཟོད་པ་མང་བོ་སྣང་སྟེ་རང་བཟོས་བླུན་པོ་མགོ་བསྐོར་བའོ།། གང་ཡང་དཔལ་དུས་ཀྱི་འཁོར་ལོར་། ཨ་ཨི་རྀ་ཨུ་ལྀ་ཞེས་པ་དབྱངས་ཐུང་ངོ་ལྔ་དང་ཨཱ་ཨཱི་ཨཱུ་རཱྀ་ལཱྀ་ཞེས་རིང་བོ་ལྔ་དང་། དེ་ལྔའི་རིམ་པ་བཞིན་གྱི་ཡོན་ཏན་ཨ་ཨེ་ཨར྄་ཨོ་ཨལ྄་ཞེས་པ་དབྱངས་ཐུང་ངུ་ཞེས་པ་དང་། དེ་ལྔ་འཕེལ་བ་ཨཱ་ཨཱེ་ཨཱར྄་ཨཽ་ཨཱ་ལ྄་དང་། དེ་ལྔའི་ཡ་ཎར་བསྒྱུར་བ་ཐུང་བ་ཧ་ཡ་ར་ཝ་ལ་ཞེས་པ་དང་། དེ་རིང་བ་ཧཱ་ཡཱ་རཱ་ཝཱ་ལཱ་ཞེས་པ་སྟེ། དབྱངས་སུམ་ཅུར་གསུངས་པ་ནི་རྣམ་པར་གཞག་པར་གཞན་ཁོ་ནོ་ཡིན་པས་སྤྱི་སྐད་དང་མི་མཐུན་ཏེ། ཡོན་ཏན་དང་འཕེལ་བའི་ཨ་ཡིག་གསུམ་དང་། ཨཱ་ཡིག་གསུམ་རྣམས་ཨའི་ཡི་གེ་རུ་འདུས་ཤིང་། ར་ལ་དབྱངས་མེད་དང་ཧ་སོགས་བཞི་གསལ་བྱེད་ཡིན་པའི་ཕྱིར་རོ། ད་ནི་ཡི་གེའི་རྒྱུ་བརྗོད་པ། བརྗོད་འདོད་དབང་གིས་རླུང་གཡོས་ཤིང་། དེ་ཡིས་གནས་དང་བྱེད་པ་དང་། རྩོལ་བ་བསྐྱེད་དེ་དབུགས་དབྱུང་དང་། ལྷན་ཅིག་ཡི་གེ་གདངས་རྣམས་སྐྱེ། སློབ་དཔོན་ཆོས་མཆོག་གིས། ངག་གི་དོན་སྣང་བའི་སེམས་པ་ལས་བརྗོད་འདོད་སྐྱེ་ལ། དེ་ལས་གནས་དང་བྱེད་པ་ཕྲད་ཅིང་དེ་ལས་སྒྲ་སྐྱེའོ་ཞེས་གསུངས་མོད་གནས་ཕྲད་པར་བྱེད་པ་ལ་རླུང་ཡང་དགོས་པར་གསོལ་ལོ། ཐུན་མོང་མ་ཡིན་པའི་རྒྱུའི་དབང་དུ་མཛད་ནས། སློབ་དཔོན་ཆེན་པོ་ཙནྡྲགཽ་མིས་ཡི་གེའི་མདོར། གནས་དང་བྱེད་པ་དང་རྩོལ་བ་རྣམས་ལས་ཡི་གེ་རྣམས་སྐྱེའོ། ཞེས་གསུངས་སོ། དེ་ལ་གནས་བཤད་པའི་ཆེད་དུ་བཤད་པ་ནི། ཨ་ཀུ་ཧ་ཀ་མགྲིན་པ་ལས༎ ཨི་ཙུ་ཡ་ཤ་རྐན་ལས་འབྱུང་༎ ཨཱིཏ་ཨེཏ་ཨཻཏ་རྣམས་མགྲིན་རྐན་ལས།། ཝ་ནི་མཆུ་དང་སོ་ལས་འབྱུང་༎ རྗེས་སུ་ང་རོ་སྣ་ལས་ཏེ། སྣ་དང་རང་གི་གནས་དག་ལས༎ སྡེ་བའི་ལྔ་བ་རྣམས་འབྱུང་ངོ་། འདི་རྣམས་བཙུན་པ་ཟླ་བས་གསུངས༎ ཨའི་ཡི་གེ་དང་། ཙནྡྲ་བའི་མདོ་ལ་སོགས་པར་ཨུཏའི་སྡེ་དང་བཅས་པའོ། །ཞེས་གསུངས་པས་སྡེ་བའི་དང་བོ་ལ་དབྱངས་ཨུ་ཡིག་སྦྱར་བསདེའི་སྡེ་བ་གོ་བར་བརྡ་ཆད་བྱས་པའི་ཕྱིར༎ ཀུ་སྟེ་ཀ་སྡེ་དང་། ཧ་ཡིག་དང་ལྕེ་རྩེ་ཅན་གཡིས་མཚོན་པའི་ཚེག་དྲག་རྣམ་འགྱུར་དང་བཅས་པ་རྣམས་མ་ཡིན་པ་ལས་འབྱུང་ངོ་། དེ་བཞིན་དུ་གཞན་རྣམས་ལའང་སྦྱར་བར་བྱ་སྟེ་སླའོ། ཙུ་ཊུཏུཔུརྣམས་ཀྱིས་སྔ་མ་ལྟར་རང་རང་གི་སྡེ་དང་བཅས་པ་རྟོགས་པར་བྱའོ་།

བྱེད་པ་བཤད་པའི་དོན་དུ་བརྗོད་པ། བྱེད་པ་ལྕེ་ཡི་རྩ་བ་ནི། ལྕེ་རྩེ་ཅན་གྱི་ཡིན་པར་བཤད༎ ལྕེ་དབུས་རྐན་ལས་འབྱུང་རྣམས་ཀྱིའོ། ལྕེ་རྩེ་དང་ཉེ་སྟེང་འབྱུང་བའི༎ སོ་ལས་འབྱུང་བའི་ལྕེ་རྩེ་སྟེ། ལྷག་མའི་རང་གི་གནས་ཉིད་དོ་། ཞེས་སློབ་དཔོན་ཙནྡྲ་གཽ་མིས་སོ། ལྕེ་རྩེ་ཅན་གྱི་བྱེད་པ་ལྕེའི་རྩ་བ་སྟེ། རྐན་ལས་འབྱུང་བ་རྣམས་ཀྱི་བྱེད་པ་ལྕེའི་དབུས་ཡིན་ཞེས་སྦྱར་ཏེ། ཕྱི་མ་དག་ཀྱང་དེ་དང་འདྲའོ། །སྟེང་ལས་འབྱུང་བ་ནི་སྤྱི་བོ་ལས་འབྱུང་བའོ། །དངོས་སུ་བྱེད་པའི་ལྷག་མ་རྣམས་ཀྱི་བྱེད་པ་ནི་རང་རང་གི་གནསཁོ་ན་ཡིན་པས་ལོགས་པ་མེད་དོ།། 

རྩོལ་བ་བཤད་པ། རྩོལ་བ་ནང་དང་ཕྱི་རོལ་ཏེ། ནང་གི་ཕྱེ་དང་བཙུམ་པ་དང་། ཕྲད་དང་ཅུང་ཟད་ཕྲད་པའོ་། ཕྱི་རོལ་སྒྲ་མེད་སྒྲ་ལྡན་དང་། སྲོག་ཆུང་བ་དང་སྲོག་ཆེན་དང་། དྲོ་བ་ཞེས་བྱ་རྣམས་སུ་བཤད་། །རྩོལ་བ་ཞེས་བྱ་བ་ནི་བྱེད་པ་རྣམས་ཀྱི་ནང་དུ་རྟོགས་པའི་ཡོན་ཏན་གྱི་ཁྱད་པར་ཏེ་། དེ་ཡང་ནང་དང་ཕྱི་གཉིས་སོ༎ ནང་ནི་ནང་དུ་འཇུག་པའི་བྱེད་པའི་ནང་དུ་སོན་པའོ་། དེ་ལས་བཟློག་ན་ཕྱི་རོལ་ལོ་། ཕྱེ་བ་ཞེས་པ་ནི་མགྲིན་པ་མ་བསྡམས་པར་བརྗོད་པ་དབྱངས་རྣམས་དང་བོ་བ་རྣམས་དང་སྡེ་བའི་གཉིས་པ་དང་བཞི་བ་རྣམས་ཀྱི་ཡིན་པར་གསུངས་ཤིང་། དེ་རྣམས་ལས་ལྷག་པར་ཕྱེ་བ་ཡིན་པ་ཨཻཏ་ཀྱི་ཡིན་པ་དང་། དེ་དག་པས་ཀྱང་ལྷག་པར་ཆེས་ཆེར་ཕྱེ་བ་ཨོཏ་དངཨཽཏ་དག་གི་ཡིན་ལ། དེ་དག་པས་ཀྱང་ལྷག་པར་ཕྱེ་བ་ཡིན་པ་ཨཱ་ཡིག་གིའོ།། ཕྲད་པ་ནི་ཡི་གེ་འབྱུང་བའི་གནས་དེ་རྣམས་རྩོལ་བ་ཆེན་པོས་བཙིར་བ་སྟེ། ཨ་ཡིག་ཐུང་ངུའི་ཡིན་པར་རྣམ་པར་གཞག་པར་བྱའོ་། སྡེ་བ་ལྔའི་ཡི་གེ་རྣམས་དེ་ལྟ་བུ་ལས་འབྱུང་ངོ་། ཅུང་ཟད་ཕྲད་པ་ནི་ཕྲད་པ་ལས་བཟློག་པ་མཐར་གནས་བཞིའི་ཡིན་ནོ༎ ནང་གི་རྩོལ་བ་བཤད་ཟིན་ཏོ། སྒྲ་མེད་མི་བགྲིན་པ་ཕྱེ་བས་སྒྲ་རྗེས་སུ་རྟོགས་པར་གྱུར་བ། སྒྲ་ཞེས་པའི་ཡོན་ཏན་འདི་རྣམས་ལ་མེད་སྟེ། སྡེ་བའི་དང་བོ་གཉིས་པ་དང་ཤ་དང་ཥ་དང་ས་དང་ཚེག་དྲག་དང་ལྕེ་རྩེ་ཅན་དང་ཉེ་བ་ཅན་རྣམས་ཡིན་ནོ། དེ་ལས་གཞན་པའི་གསལ་བྱེད་རྣམས་སྒྲ་ལྡན་ཡིན་པར་དོན་གིས་གོ་སྟེ། ཡི་གེའི་མདོ་རུ་སྡེ་སྡེ་བའི་གསུམ་པ་དང་བཞི་བ་དང་ལྡ་བ་དང་མཐར་གནས་དང་རྗེས་སུ་ང་རོ་དང་ཧ་ཡིག་རྣམས་ཏེ་མགྲིན་པ་བཙུམ་པས་སྒྲ་རྗེས་སུ་རྟོགས་པར་འགྱུར་བ་རྣམས་ཡིན་པར་གསུངས་ཤིང་། འགྲིལ་བར་སྒྲའམ་དབྱངས་ཞེས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ༎ ཞེས་འཆད་དོ༎ སྲོག་ཆུང་བ་ནི་སྡེ་བའི་དང་བོ་ལྔ་བ་དང་མཐར་གནས་རྣམས་ཏེ།འགྲེལ་བར་སྲོག་ཅེས་བྱ་བའི་རླུང་འདི་རྣམས་ལ་ཅུང་ཞིང་ཕྲ་བས་སོ། །ཞེས་བཤད་དོ་། དེ་དག་ལས་ཅིག་སོས་རྣམས་སྲོག་ཆེན་པོ་སྟེ། སྡེ་བའི་གཉིས་པ་དང་བཞི་བ་དང་དྲོ་བ་རྣམས་ཡིན་ཞིང་། འགྲེལ་བ་སྔ་མ་ལས་བཟློག་པས་སོ་ཞེས་སོ། །གང་ཡང་སྨྲ་སྒོ་ལ་སོགས་པར། ཨལ་པ་པྲཱ་ཎ་གཉིས་གཅིག་ཡིན། མཧཱཔྲཱ་ཎ་གཅིག་གཉིས་ཡིན། ཞེས་དང་། སྲོག་ཆུང་བ་དང་ཆེ་བའི་དཔེར་བརྗོད་ཕཊའི་ཊ་ལྟ་བུ་དང་། སྡེ་བའི་ཞེས་པ་རྣམས་ལ་བྱས་པ་ནི་མི་ཤེས་བཞིན་དུ་རང་བཟོ་བྱས་པ་ཡིན་ཏེ། སློབ་དཔོན་ཙནྡྲ་གཽ་མིས་གཞུང་དང་འགལ་བས་སོ།

ད་ནི་སྔར་གྱི་དབྱེ་བ་འགའི་ངོ་བོ་བརྗོད་པར་འདོད་པས་སྨྲས་པ། ཐུང་ངུ་ཕྱི་མོ་གཅིག་པ་སྟེ། རིང་བོ་ཕྱི་མོ་གཉིས་པའོ། །པླུཏ་ཕྱི་མོ་གསུམ་པར་གསུང། །རིམ་པ་ལྟར་ཡི་གི་གཅིག་གི་ཡུན་དུ་བརྗོད་པ་དང་། གཉིས་ཀྱི་ཡུན་དུ་བརྗོད་པ་དང༌༎ གསུམ་ཀྱི་ཡུན་དུ་བརྗོད་པའོ། ཞེས་གསུངས་མོད་། པླུ་ཏ་རྒྱང་རིང་བོ་ནས་འབོད་པ་དང་། ངུ་བ་དང་། གླུ་ལེན་པ་ལ་སོགས་པ་ལ་བྱས་པ་ལ་ཡི་གེ་ཤིན་ཏུ་མང་བོའི་ཡུན་དུ་བརྗོད་པའང་ཡོད་དོ་། མཐོན་པོ་རྣམས་ཀྱི་ཨུ་དཏ་ཏ། ཡི་གེ་ང་རོ་མཐོ་བས་བརྗོད་པར་བྱ་བ་དེ་ནི་ཨུ་དཏ་ཏ་ཞེས་བྱ་བའོ། དམའ་བས་མཚུངས་གཉིས་གཅིག ཨ་ནུ་དཏ་ཏ་ཕྱེད་ཆ་ཡིན། ཞེས་འཆད་པ་ནི་སྔ་མ་ལྟར་འཁྲུལ་བ་ཡིན་ནོ༎ དེ་དག་བར་མ་སྭ་རི་ཏའོ་། སྭ་རི་ཏ་ང་རོ་མཐོ་དམན་མ་ཡིན་པར་བར་མས་བརྗོད་པར་བྱ་བའོ་། རང་གི་གནས་དང་སྔ་ལས་བྱུང་། སྣ་ལྡན་ཅིག་ཤོསདེ་ལས་བཟློག །ཡི་གེ་རང་རང་གི་གནས་དང་སྣ་ལས་བྱུང་བ་ནི་རྗེས་སུ་སྣ་ལྡན་ཏེ། སྣའི་གནས་དང་བྲལ་བ་ནི་རྗེས་སུ་སྣ་ལྡན་མ་ཡིན་ནོ། མཐར་གནས་དེ་ལྟར་གཉིས་སུ་དབྱེ༎ རྗེས་སུ་སྣ་ལྡན་དང་སྣ་ལྡན་མ་ཡིན་པ་གཉིས་སོ༎

ད་ནི་དབྱངས་གསལ་བྱེད་ཅི་རིིགས་པའི་བཀླག་ཐབས་བརྗོད་པར་བྱ་སྟེ། འགྲེང་བུ་ཅན་དང་ན་རོ་ཅན། རིང་ཆ་ཅན་རྣམས་གཉིས་ཡུན་བཀླག །ཤིན་ཏུ་རིང་རྣམས་གསུམ་ཡུན་བཀླག །ལྷག་མ་གཅིག་ཡུན་ཐུང་བ་འོ་། དབྱངས་རྐྱང་པའམ་ཀི་ནས་ཀཷ་ཀཹ་ཞེས་པའི་བར་གསལ་བྱེད་ལ་ཞུགས་པའང་རུང་སྟེ། ཨེ་ཨཻ་ཨོ་ཨཽ་རྣམས་དང་། ཨཱ་ཨཱི་ཨཱུ་ར྄ྀ་རྣམས་རིང་བོ་རཡིན་པས་དབྱངས་ཡིག་ཐུང་བ་གཉིས་ཀྱི་ཡུན་དུ་བཀླག་པར་བྱའོ་། ཤིན་ཏུ་རིབ་བོ་པླུ་ཏའི་རྟགས་ཅན་རྣམས་ནི་གསུམ་གྱི་ཡུན་དུ་བཀླག་པར་བྱ་ཞིང་། ལ་སོགས་པས་སྔར་བཤད་པ་ལྟ་ཆེས་བསྲིངས་ཏེ་ཀློག་པའང་ཡོད་དོ་། གཞན་ཨ་ཨི་ཨུ་རྀ་ལྀ་རྣམས་རིང་ཅ་མེད་པས་དཀྱུས་མར་བཀླག་གོ ཨཻ་ཨཽ་དག་ནི་ཨེ་ཨཻ་དག བོད་ཡིག་ལ་དེ་མཚོན་པའི་ཆེད་དུ་འགྲེང་བུ་དང་ན་རོ་ཉིས་བརྩེགས་ཡོད་པ་ནི་ཨེ་གེ་ལ་ཀཻ་ཤ་རལ་བསྟེང་ན་ཡོད་པ་དང་། བོད་ཡིག་ལ་དེ་མཚོན་པའི་ཆེད་དུ་འགྲེང་བུ་དང་ན་རོ་ཉིས་བརྩེགས་ཡོད་པ་ནི་ཨེ་རིག་ཆ་མེད་པ་ལ་ཨེས་བརྒྱན་པ་ཨེ་ཨུ་ཞེས་པ་ལྟ་བུ་དང་། ཨོ་རིང་ཆ་མེད་པ་ལ་ཨུས་བརྒྱན་པ་ཨོ་ཨུ་ཞེས་པ་ལྟ་བུར་བཀླག་ཅིང་གཉིས་ཡུན་ཉིད་ཡིན་ནོ། ད་ནི་གསལ་བྱེད་ཀྱི་བཀླག་ཐབས་བསྟན་པོའི་ཆེད་དུ་སྨྲས་པ། གསལ་བྱེད་སྲོག་མེད་ཕྱི་མོའི་མགོར། བརྩེགས་པའམ་ཚེག་མེད་ཡར་སྦྱར་བཀླག །གསལ་བྱེད་དབྱངས་མེད་པ་ཡི་གེ་ཕྱི་མའི་སྟེང་དུ་བརྩེགས་པ་བུདྷ་ཞེས་པ་སྟ་བུ་དང་། སྔ་མའི་ཡི་གེ་དང་ཚེག་གི་བར་མ་བཅད་པ་ཕགས་ལྟ་བུ་ཡི་གེ་སྔ་མ་ལ་སྦྱར་བར་བྱའོ་། སྡེ་བའི་དང་བོ་དབྱངས་མེད་ཛ་། བོད་ཀྱི་ག་སོགས་བཞིན་ཡར་སྦྱར་། སྡེ་བའི་དང་བོ་ཀ་ལ་སོགས་པ་དང་། ཛ་ཡིག་སྲོག་མེད་རྣམས་ཡར་ཡི་གེ་སྦྱར་བར་བྱ་ཞིང་། དེ་ཡང་བོད་ཀྱི་ག་བཞིན་དུ་ཀ་དང་། ད་ཡིག་བཞིན་དུ་ཙ་པ་ཊ་དང་མཛྫ་ཞེས་པ་ལྟ་བུ་ཛ་ཡིག་དང༌། བ་བཞིན་དུ་པ་ཡིག་བཀླག་པར་བྱ་སྟེ། དཔེར་ན། ཋཀྐུ་ར། གཙྪ། ཨཊྚ། ཨུཏྠ། ཨཔྶར་ཞེས་པ་ལྟ་བུའོ། །ཉ་ཎ་ཡར་སྦྱར་ན་ལྟར་བཀླག །ཉ་དང་ཎ་སྲོག་མེད་པ་ཡར་སྦྱར་ན་ནི་ན་ལྟར་བོད་པར་བྱ་སྟེ། པཉྩ། ཙནྡྲ་ལྟ་བུའོ། །གཞན་སྦྱར་ཕལ་ཆེར་བོད་དང་འདྲ། །སྡེ་བའི་གཉིས་པ་སྦྱར་བ་ཤས་ཆུང་བས། གསུམ་པ་སྦྱར་བ། ཨགྣི། བུདྡྷ། སབྷ། སོགས་དང༌། ལྔ་བ་སྦྱར་བ། སངྒྷ། ནནྡྲ། ཨམྦ་སོགས་དང༌། ཡ་སྦྱོར་བ་སཾསྐྲ໏ཏ་ལ་མི་སྲིད་ཅིང༌། ར་སྦྱར་བ། དྷརྨ་ལྟ་བུ་དང༌། ལ་སྦྱར་བ། ཀལྤ་ལྟ་བུ་སྟེ། ཝ་སྦྱར་བ་མེད་དོ། །ས་སྦྱོར་བོད་ལྟར་འདོན་པའང་ཡོད། །ས་སྲོག་མེད་འགའ་ཞིག་ནི་འང་ཞེས་པའི་གོང་མ་ལ་ཡར་སྦྱར་བ། ནམ་སྟཱརཱཡ་ཞེས་པ་ལྟ་བུ་དང༌། འགའ་ཞིག་བོད་དང་འདྲ་བ་སྐནྡྷ་དང༌། ཤསྟྲཱ་དང༌། བསྣ་དང༌། སྤཥྛ་དང༌། ཏསྨ་དང༌། ས་ཧ་སྲ་ལྟ་བུའོ། །ཛ་ལ་ཉ་བཏགས་འགྱ་གཉར་བཀླག །ཀློག་ལུགས་དེ་གཉིས་རྒྱ་གར་དབུས་པ་དང་ཁ་ཆེའི་ལུགས་སོ་ཞེས་གསུངས་ཏེ་ངེས་པ་ཡོད་མེད་ཐེ་ཚོམ་ཟའོ། །ཤ་ཥ་ཡར་སྦྱར་ས་དང་མཐུན། །ཥ་ལ་བཏགས་པ་གདངས་གཅིག་པའང༌། །ཤ་དང་ཥ་ཡིག་སྟེང་དུ་བརྩེགས་པ་ཡི་གེ་གོང་མ་ལ་སྦྱར་ན་ས་དང་རྣམ་པ་མཐུན་པ་ཙམ་སྟེ། ནམཤྩཎྚ་ཞེས་པ་དང༌། ཀཥྚིཀ་ཏེ་ཞེས་པ་ལྟ་བུའོ། །ཥ་ལ་ཡི་གེ་གཞན་བཏགས་པ་སྟེང་འོག་གཉིས་ཀ་ལ་སྐད་གདངས་གཅིག་ཏུ་ཀློག་པ་ཡིཥྚ་ཞེས་པ་དང༌། ཥྵཱན་ཞེ་པ་ལྟ་བུ་འང་ཡོད་དོ། །བླ་མ་འགའ་ཞིག རྒྱ་གར་ལུགས་ལ་གསལ་བྱེད་ཀྱི། །ཡི་གེ་ཐམས་ཅད་བརྩེགས་ཡོད་པས། །གཅིག་སྟོང་གཅིག་བརྒྱ་ལྔ་བཅུ་དྲུག །ཅེས་པ་ལ་སོགས་པ་གསུངས་པ་ནི། ཙནྡྲ་བའི་མདོར་ཡང༌། ཡའི་ཝ་ལ་དབྱིའོ་ཞེས་ཡ་ལ་ཡི་གེ་གཞན་བཏགས་མེད་པར་གསུངས་པ་ལ་སོགས་པ་དང་འགལ་བས་ན་ཆ་མེད་ཀྱི་རྒྱུས་གཏམ་གསུངས་པར་ཟད་དོ། །ཡ་བཏགས་འགྲེང་བུ་རིང་ཆ་མང༌། །ཝ་བཏགས་ན་རོ་གཅིག་ཡུན་ཅན། །ཡི་གེ་ཕལ་ཆེར་ཡ་བཏགས་པ་ནི། ཡི་གེ་དེ་དང་དེ་ལ་ཨེ་སྲོག་ཏུ་ཞུགས་པ་ལྟ་བུ་ལ་ཐུང་ངུ་གཅིག་ཡུན་དུ་བཀླག་གོ །དེ་བཞིན་དུ། ཝ་བཏགས་པ་ས་ཏྭ་ཞེས་པ་ལྟ་བུ་རྣམས་ཨོ་ཡིག་གཅིག་ཡུན་དུ་བཀླག་པར་བྱའོ། ། ད་ནི་དེའི་དམིགས་བསལ་བསྟན་པ། ཀ་ཁ་ཡ་བཏགས་བོད་བཞིན་ཏེ། །ར་ལ་ཡ་བཏགས་ར་ཡར་སྦྱར། །ཀ་དང་ཁ་ལ་ཡ་བཏགས་པ་ནི་བོད་རྣམས་ཀློག་པ་དང་ཚུལ་མཐུན་པར་བྱ་སྟེ། ཤཱཀྱ་སཾཁྱ་ཞེས་པ་ལྟ་བུའོ། །ར་ལ་ཡ་བཏགས་པ་ཨཱརྱ་ཞེས་པ་ལྟ་བུ་ར་ཡིག་ཡར་ཡི་གེ་གོང་མ་ལ་སྦྱར་ཏེ། འོག་མ་ཡ་ཉིད་དུ་བཀླག་གོ །ར་ལ་ཝ་བཏགས་པ་ཤིན་ཏུ་ཤས་ཆུང་ཞིང༌། གལ་ཏེ་སྲིད་ན་དེ་བཞིན་དུ་སྟེ། ཁ་ཅིག་སརྦ་སརྭ་ཞེས་ཀློག་པ་མཐོང་ངོ་། །ར་བཏགས་ཕལ་ཆེར་བོད་གདངས་མཚུངས། །ར་བཏགས་པ་ཕལ་ཆེར་ཏེ། ཀྲ་གྲ་གྷྲ་པྲ༌བྲ་བྷྲ་མྲ་ཤྲ་ཧྲ་རྣམས་སཾསྐྲ໏ཏ་ལ་ཡོད་པ་ནི་བོད་ཀྱི་ཀློག་པ་ལྟར་བཀླག་ཅིང༌། ཛྲ་ཞེས་པ༌བོད་སྐད་ལ་མེད་པའང་ཡོད་དོ། །མིང་ཐོག་སྡེ་བའི་གསུམ་པ་རྣམས། །འ་ཡིས་འཕུལབ་ལྟར་བཀླག །དབུས་མཐར་ཡོད་པ་བོད་དང་མཚུངས། །སཾསྐྲ໏ཏའི་སྐད་ཀྱི་མིང་རྣམས་ཀྱི་ཐོག་མ་ན་ཡོད་པའི་སྡེ་བའི་གསུམ་པ། གུ་ཎ༌དང༌། ཛ་ན་དང༌། ཌཱི་ན་དང༌། དཱ་དང༌། བཛྲ༌ཞེས་པ་ལྟ་བུ་ནི་བོད་ཀྱི་ཚུལ་ལ་ད་རྣམས་འས་འཕུལ་བ་ལྟ་བུ། འགའ། འཛའ། འདྲ། འདའ། འབའ་ལྟ་བུར་བཀླག་པར་བྱའོ། །མིང་གི་དཀྱིལ་ན་ཡོད་པ་ག་ག་ན་དང༌། བྷ་ཛ་ན་དང༌། ཝད་ན་དང༌། ཨརྦཎ་ལྟ་བུ་དང༌། མིང་གི་མཐའ་ན་ཡོད་པ། བྷ་ག ག་ཛ། བནྡ། ཝ་ད། གན་དྷརྦ་ལྟ་བུ་རྣམས་ནི་བོད་ཀྱི་གདངས་ཅི་ལྟ་བ་བཞིན་དུ། ག་དང་ཛ་དང་ད་དང་བ་ཉིད་དུ་བཀླག་གོ །ཡར་སྦྱོར་བ་མ་གཏོགས་པ་ཀུན་འས་འཕུལ་བཞིན་ནོ་ཞེས་སྨྲ་བ་ནི་འཁྲུལ་བའོ། །བཞི་བ༌རྣམས་ནི་གསུམ་པ་ལ། །ཧ་སྒྲ༌ཅུང་ཟད་ལྡན་པར་བྱ། །གྷ་ལ་སོགས་པ་ལྔ་སྟུག་ཅིང་བྱིངས་ཆེ་བ་ཧའི་སྒྲ་ཅུང་ཟད་དང་ལྡན་པ་སྟེ། འཁའ། འཆའ། འཋའ། འཐའ། འཕའ་འདྲ་བར་བཀླག་གོ་ཞེས་གསུང་བ་ནི་རྒྱ་གར་བའི་ཀློག་ཚུལ་མ་གཟིགས་པའོ། །སྡེ་བ་གསུམ་པའི་དང་བོ་བཞི། །ཏ་སྡེ་ར་བཏགས་ཆ་མཐུན་ཏེ། །ལྕེ་རྩེ་ཅུང་ཟད་ནང་བཀུག་བཀླག །ཊའི་སྡེ་བའི་དང་བོ་བཞི་ནི་ཏ་སྡེ་བའི་དང་བོ་བཞིར་བཏགས་དང་ལྡན་པ་དང་ཆ་མཐུན་ཏེ། ཏ་སྡེའི་བྱེད་པ་ལྕེའི་རྩེ་མོ་ཡིན་ཞིང༌། ཊ་སྡེའི་བྱེད་པ་ལྕེ་རྩེ་དང་ཉེ་བ་ཡིན་པས་ན། སྡེ་བ་ལྔ་ཆར་ཡང་ལྕེ་རྩེ་ཅུང་ཟད་ནང་དུ་བཀུག་ཏེ་བཀླག་པར་བྱའོ། །ཥ་ཡང་དེ་དང་འདྲ་བ་སྟེ། །ཀྵ་ནི་ཁྱ་དང་ཆ་མཐུན་པའོ། །ཥ་ཡིག་ཀྱང་སྤྱི་བོ་ལས་འབྱུང་ཞིང་དེའི་བྱེད་པ་ལྕེ་རྩེ་དང་ཉེ་བ་ཡིན་པས་ཊ་སོགས་དང་འདྲའོ། །ཀྵ་ཡིག་ནི་ཀ་དང་ཥ་ཡིན་ཡང་རྣམ་པ་འོལ་སྤྱི་འདྲ༌ཞིང༌། ཥ་ཡོད་པས་ལྕེ་རྩེ་ཅུང་ཟད་སྟེང་དུ་དགུག་གོ །གསལ༌བྱེད་ལྷག་མ་བོད་དང་མཚུངས། །ལྷག་མ། ཀ་ཁ་ང༌། ཙ་ཚ་ཉ། ཏ་ཐ་ན། པ་ཕ་མ། ཡ་ར་ལ་ཝ། ཤ་ས་ཧ༌སྟེ་བཅུ་དགུ་རྣམས་བོད་ཀྱི་གདངས་ཅི་ལྟ་བུར་བཀླག་པར་བྱའོ། ། རྗེས་སུ་ངོ་སྡེ་བ་ལ། །རང་རང་སྡེ་བའི་ལྔ་བར་བཀླག །ཡ་སོགས་བརྒྱད་ནི་ང་རུ་འོ། །ཚེག་དྲག་བཅད་དེ་དྲག་པོར་བཀླག །ཀླད་གོར་བྱུང་ན་དེའི་རྗེས་སུ་ཀ་སྡེ་བྱུང་ན་ང་རུ་ཀློག་པ་ནས། པ༌སྡེ་བྱུང་ན་མ་རུ་བོད་པའི་བར་རང་རང་གི་སྡེ་བའི་ལྔ་བར་བོད་དོ། །མཐར་གནས་བཞི་དང་དྲོ་བ་བཞིའི་རྗེས་སུ་བྱུང་ན་ང་ཉིད་དུ་བོད་དོ། །ཨཀ་ཨཔ་ཅེས་པ་ལྟ་བུར་བཀླག །སྐ་ཞེས་པ་ཀ་ལྕེ་རྩ་ཅན་དང༌། ཕ་ཞེས་པ་པ་མཆུ་ཅན་དག་གི་བྱེད་པ་ལྕེའི་རྩ་བ་ཡིན་པས་ཨག་ཅེས་པ་དང༌། ཨཔ་ཅེས་པ་དང་ཆ་མཐུན་པར་བཀླག་པར་བྱའོ། །ཁ་ཅིག ཡི་གེ་ལ་དེ་འདྲའི་ཡི་གེ་མེད་དོ་ཞེས་གསུངས་པ་ནི་མ་བསླབ་པའི་ཤེས་བྱ་ལ་རྣམ་གཞག་བྱེད་པའོ། །བརྗེད་དུ་མི་རུང་མང་དང་ཉུང༌། །བརྩམས་པ་རང་སྒྲ་དྲན་ཙམ་དུ། །ཕྲལ་བཀླག་དབྱངས་ནི་འོག་མ་དབང༌། །འདྲ་གཉིས་བརྩེགས་པའམ་མི་འདྲ་བའང༌། །དུས་ཀྱི་འཁོར་ལོའི་རྣམ་བཅུ་དབང་ལྡན་དང་གདན་བཞིའི་སྒོ་འགེགས་པའི་ས་བོན་ ཧྐྵྨླྺྼྻྃ ་ལྟ་བུ་ཕྲལ༌ཏེ་བཀླག་ཅིང༌། ཡི་གེ་འདྲ༌བ་གཉིས་བརྩེགས་ཀྐ་ཞེས་པ་ལྟ་བུ་དང༌། མི་འདྲ་བ་བརྩེགས་པ་ཏྶ་ཞེས་པ་དང༌། ཨཛྫྷལཽ་དང༌། བི་གྷྣ་དང༌། དཏྣ་ཞེས་པ་དང༌། བྲ༌ཧྨ༌ཞེས་པ༌ལྟ༌བུའང་ཕྲལ་ཏེ་བཀླག་ཅིང༌། དབྱངས་ནི་ཡི་གེ་འོག་མའི་སྲོག་ཉིད་དོ། །སྤྱིར་ན་དབྱངས་ལྟར་ངག་ལས་བསླབ། །ཡི་གེ་བྲིས་པ་འདི་ལྟ༌བུ་ཡིན་ནོ་ཞེས་པ་དང༌། དེ་བཤད་པས་ཇི་ལྟ་བ་བཞིན་ཤེས་པར་མི་ནུས་ཀྱི། མདོ་དབྱངས་དང་ཡི་གེའི་དབྱངས་སློབ་པ་བཞིན་དུ་ལེགས་པར་སློབ་དཔོན་གསུང་ལས་འབད་པས་བསླབ་པར་བྱའོ། །དེ་ཡང་བོད་རྣམས་སྔགས་མོས་པས་ཀློག་པ་ཙམ་ཡིན་གྱི། རྒྱ་གར་བ་ལྟ་བུའི་གདངས་ཤེས་པ་ཤིན་ཏུ་དཀོན་ལ། དེ་ཤེས་ཀྱང་རྒྱ་གར་གྱི་སྐད་མ་ཤེས་ན་གཅོད་མཚམས་ལོག་པས་དོན་འཛོལ་བར་འགྱུར་ཏེ། དཔེར་ན་བརྟེན༌འབྲེལ་སྙིང་བོ་ལ། ཡོ་ཞེས་པ་གང་ཞེས་པ་དང༌། ནི་རོ་དྷ་ཞེས་པ་འགོག་པ་ཞེས་པ་ཡིན་ལ། ཡོ་ནི་ཞེས་བཅད་པས་མོ་མཚན་གྱི་མིང་དུ་འགྱུར་བ་ལྟ་བུའོ། །དེས་ན་དོན་ཡོད་གཤེགས་པའི་གཟུངས་ཞེས་པ་ལྟ་བུ་ཡང་སཾསྐྲ໏ཏའི་སྐད་ལ་ཞེན་པ་མ་བྱས་པར་སྔོན་གྱི་ལོ་ཙཱ་བ༌ཆེན་པོ་རྣམས་ཀྱིས་བོད་སྐད་དུ་རུང་ཚད་བསྒྱུར་བ་དེ་ལྟ་བུ་བཀླགས་ན་འཐད་པར་མཐོང་ངོ་། །ཡི་གེའི་ཚོགས་ཆ་ཙམ་བཤད་ཟིན་ཏོ། །


མིང་གི་ངོ་བོ་བཤད་པ། ཡི་གེ་གཉིས་སམ་མིང་འདུས་པའི། །དོན་གྱི་ངོ་བོ་རྗོད་བྱེད་པ། །མིང་ཡིན་དོན་ལ་བློ་གཞོལ་ཕྱིར། །དེ་ཡང་དངོས་དང་བཏགས་པ་ཡིན། །ཡི་གེ་གཉིས་འདུས་ནས་བརྗོད་བྱའི་དོན་གྱི་ངོ་བོ་རྗོད་པར་བྱེད་པ། སཾསྐྲ໏ཏ་ལ་ཀུ་ནེས་པ་ཀ་དང་ཨུ་འདུས་པས་ས་གཞིའི་མིང་དང༌། བོད་ལའང་ཁ་དང་ཨ་འདུས་པས་ཁའི་བུ་གའི་མིང་དང༌། ཉ་ཞེས་པ་ཉ་ཡིག་དང་ཨ་འདུས་པས་སེམས་ཅན་གྱི་བྱེ་བྲག་གི་མིང་ཡིན་པ་ལྟ་བུའོ། །ཡི་གེ་མང་བོ་འདུས་པས་དོན་གྱི་ངོ་བོ་བརྗོད་པ་སུགཏ་དང༌། དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པ་ཤིན་ཏུ་མང་ངོ་། །དེའི་ངེས་པའི་ཚིག་ནི། ནམཿཞེས་པ་ཕྱག་འཚལ་བ་དང་བྱིངས་གཅིག་པས་ནི་ཕྱག་གི་ཡུལ་ལས་འདུད་པ་བོ་དམའ་བར་བྱེད་པ་ཡིནཔ་དང་འདྲ་བར། དོན་ལ་བློ་གཞོལ་ཞིང་འབབ་པར་བྱེད་པས་ན་མིང་ཞེས་བྱའོ། །དེ་ལ་དབྱེ་ན་རྣམ་པར་གཏན་ལ་དབབ་པ་བསྡུ་བར། ཉེ་བར་འདོགས་པ་དང༌། ཡང་དག་པའི་དངོས་ཅན་ཞེས་གསུངས་པ་ལྟར་བཏགས་མིང་དང་དངོས་མིང་ངོ་། །དེ་ལ་དངོས་མིང་དགོས་པ་དང་རྒྱུ་མཚན་ལ་མ་ལྟོས་པར་དོན་དེ་དང་དེ་ལ་རྒན་པོ་རྣམས་ཀྱིས་བཏགས་པ། བུམ་པ་བ་ལང་སེང་གེ་ཞེས་པ་ལ་སོགས་པ་ལྟ་བུའོ། ། བཏགས་མིང་ནི་དོན་མ་ཡིན་པ་ལ་དེར་བོད་པ། བྲམ་ཟེའི་ཁྱེའུ་ལ་སེང་གེ་ཞེས་བཏགས་པ་ལྟ་བུའོ། །ཚད་མ་རྣམ་འགྲེལ་དུ། དོན་མེད་ན་ཡང་འགྲོ་བ་ཡིས། །གང་ལ་གྲགས་པའི་སྒྲ་བཀོད་པ། །དེ་ལ་དེ་དངོས་ཞེས་པ་དང༌། །རྟག་ཏུ་དངོས་དང་སྒྲ་འདོགས་ལ། །སེང་གེ་བྲམ་ཟེའི་ཁྱེའུ་ལ། །དེ་ལྟར་བརྗོད་པའང་འཇིག་རྟེན་ཡོད། །ཅེས་གསུངས་པ་ལྟར་རོ། །དེ་ལ་བཏགས་མིང་ལ་ནི། དེ་དང་དེར་འདོགས་པའི་རྒྱུ་མཚན་དགོས་ཏེ། རྣམ་འགྲེལ་དུ། གལ་ཏེ་འདིར་ནི༌བཏགས་འདོད་ན། །རྒྱུ་མཚན་གང་གིས་དེ་འདོད་པ། །དེ་ནི་དངོས་པོ་ཐམས་ཅད་ལ། །དེ་དག་གིས་རྒྱུར་ཅིས་མི་འདོད། །ཅེས་གསུངས་པ་ལྟར། རྒྱུ་མཚན་མེད་པ་ཡང་འདོགས་ན་ཀུན་ལ་འདོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་འདྲ་བ་ལས་འདོགས་པ། བྲམ་ཟེའི་ཁྱེའུ་ལ་སེང་གེ་ཞེས་པ་ལྟ་བུ་དང༌། རྒྱུ་ལ་འབྲས་བུས་བཏགས་པ། སངས་རྒྱས་འབྱུང་བ་བདེ་བ་སྟེ། །ཞེས་པ་ལྟ་བུ་དང༌། འབྲས་བུ་ལ་རྒྱུས་བཏགས་པ། རེག་པའི་སྐྱེ་མཆེད་དྲུག་པོ་འདི་རྣམས་ནི་སྔོན་གྱི་ལས་སུ་རིག་པར་བྱའོ། །ཞེས་པ་ལྟ་བུ་དང༌། ཆ་ཤས་ལ་ཚོགས་པས་བཏགས་པ་རས་ཡུག་གི་ཕྱོགས་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་ལྟ་བུ་དང༌། དེ་ཉིད་ཚོགས་པ་ལ་ཕྱོགས་གཅིག་གིས་བཏགས་པར་ཡང་འགྱུར་བ་དང༌། རྟེན་ལ་བརྟེན་པར་བཏགས་པ་མཚོ་མ་དྲོས་པ་ལྟ་བུ་དང༌། གྲོགས་ལ་གྲོགས་ཅན་གྱིས་བཏགས་པ་བདུན་པ་དང་ལྷན་ཅིག་པའི་སེམས་ལ་འདུན་པར་བཏགས་པ་ལྟ་བུ་ཡིན་པ་གསུངས། རྣམ་འགྲེལ་གྱི་འགྲེལ་བར། དགོས་པ་མེད་པའི་ཕྱིར་ཉེ་བར་གདགས་པར་མི་བྱའོ་ཞེ་ན། མ་ཡིན་ཏེ། ཞེས་གསུངས་པ་ལྟར་བཏགས་པའི་དགོས་པ་དགོས་ཏེ། དེ་མེད་ན་འདོགས་པ་བོ་རྟོགས་ལྡན་མ་ཡིན་པར་འགྱུར་བས་སོ། །དངོས་ཡིན་པ་ལ་གནོད་བྱེད་དགོས་ཏེ། དེ་མེད་ན། ཕྲེང་སོགས་ལ་ནི་ཆེན་པོ་སོགས། །ཉེར་བཏགས་ལས་འདོད་གང་ཡིན་པ། །དངོས་དང་ཁྱད་མེད་རྣམཤེས་ཀྱི། །གཟུང་བྱ་ཉིད་ཕྱིར་ཉེར་བཏགས་ན། །ཞེས་པ་ལྟར་བཏགས་པ་བ་ཉིད་དུ་མི་འགྲུབ་པས་སོ། །སྨྲ་སྒོར། དང་བོ་གཞན་གྱི་མིང་ལ་མ་བརྟེན་པར་དེ་ཉིད་ལ་བཏགས་པ་ཀ་བ་ཞེས་པ་ལྟ་བུ་ཐོགས་པ་འདོད་རྒྱལ་བ་ཞེས་བྱ་བ་དང༌། དེ་ལ་བརྟན་པ་སྐྱེས་བུ་བརྟན་པ་ལ་ཀ་བ་ཞེས་པ་ལྟ་བུའི་མིང་ནི་རྗེས་སུ་གྲུབ་པའོ་ཞེས་འཆད་པའང་དངོས་དང་བཏགས་མིང་གཉིས་སུ་ཟད་དོ། །རྗེས་སུ་གྲུབ་པ་ལ་ཡང་དོན་དང་ལྡན༌པ་ཁྱི༌དཀར་པོ་ལ་དུང་ཞེས་པ་ལྟ་བུ་དང༌། འདོད་རྒྱལ་ལ་ཁྱི་ནག་པོ་ལ་དུང་ཞེས་བརྗོད་པ་ལྟ་བུ་ཡོད་དོ་ཞེས་ཀྱང་འཆད་པ་ནི། མིང་ཇི་ལྟར་འདོད་པ་བྱེད་ལ་རག་གོ །ཡང་མིང་གཅིག་དོན་མང་འཇུག་པ་དང༌། །དོན་གཅིག་རྣམ་གྲངས་མང་བོ་ཅན། །ཞེས་འདོན་པ་ལྟར། རིམ་པ་ལྟར། གཽའི་སྒྲ་གཅིག་པུས། ངག་ཕྱོགས་ས་དང་འོད་ཟེར་དང༌། །གས་དང་མིག་དང་རྡོ༌རྗེ་དང༌། །མཐོ་རིས་ཆུ་སྟེ་དོན་དགུ་ལ། །མཁས་པས་གཽ་སྒྲ་ངེས་པར་བརྟག །ཅེས་དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཀྱིས་ཞིབ་མོ་རྣམ་འཐག་ཏུ་གསུངས་པ་ལྟར་དོན་དགུ་རྗོད་པར་བྱེད་པ་དང༌། ཉི་མ་གཅིག་པུའི་དོན་ལ་ཡང༌། ནམ་མཁའི་ནོར་བུ་དང༌། འོད་ཀྱི་ནོར་ཅན་དང༌། རྟ་ལྗང་ཅན་ལ་སོགས་པ་མིང་སུམ་ཅུ་རྩ་བདུན་འཆི་མེད་མཛོད་དུ་བཤད་པ་ལྟ་བུའོ། །གཞན་ཡང་ཕོ་དང་མོ་དང་མ་ནིང་གི་རྟགས་ཀྱི་དབྱེ་བའི་མིང་གསུམ་དང༌། དབྱངས་ཀྱི་མཐའ་ཅན་དང་གསལ་བྱེད་ཀྱི་མཐའ་ཅན་གཉིས་སུ་དབྱེ་བ་སཾསྐྲ໏ཏའི་སྐད་ལ་ཡོད་དེ། རྒྱ་ཆེར་མངོན་བརྗོད་ཀྱི་བསྟན་བཅོས་སུ་ཤེས་པར་བྱའོ། །མིང་གི་ཚོགས་ཙམ་བཤད་ཟིན་ཏོ། ། ཚིག་གི་ཚོགས་སྨྲ་བར་བྱ་བའི་ཆེད་དུ། དེའི་ངོ་བ་དམ་པའི་ཆོས་ཀྱི་གཞུང་དུ་གསུངས་པ་བརྗོད་པ། མིང་གཉིས་སམ་ནི་མང་བོ་ཡིས། །དོན་གྱི་ཁྱད་པར་བརྗོད་བྱེད་པ། །དམ་ཆོས་མངོན་པར་གསུངས་པ་ཡི། །ཚིག་ཡིན་ཡི་གེ་འདུས་པ་ཉིད། །མིང་གཉིས་འདུས་པས་དོན་གྱི་ཁྱད་པར་བརྗོད་པ་སངས་རྒྱས་ནི་སྐྱབས་སོ་ཞེས་པ་ལྟ་བུ་དང༌། མིང་མང་བོ་འདུས་པས་དོན་གྱི་ཁྱད་པར་བརྗོད་པ་ཆོས་ཐམས་ཅད་བདག་མེད་པའོ་ཞེས་པ་ལྟ་བུའོ། །དེ་བཞིན་དུ་འདུས་བྱས་མི་རྟག་པའོ་ཞེས་མིང་གཉིས་དང༌། མྱ་ངན་ལས་འདས་པ་སྡུག་བསྔལ་ཐམས་ཅད་ཞི་བའོ། །ཞེས་པ་མིང་མང་བོ་འདུས་པ་ཡིན་ཏེ། དེ་ནི་ཆོས་མངོན་པར་གསུངས་པའི་ཚིག་ཡིན་ནོ། །བརྡ་སྤྲོད་པ་བོ་ལ་གྲགས་པའི་ཚིག་ནི། མིང་ལ་རྣམ་དབྱེ་བརྒྱད་ཕྱེ་བ། །ཉི་ཤུ་རྩ་བཞི་སྦྱར་བ་དང༌། །བྱིངས་ལ་ཏི་སོགས་སྦྱར་བ་ཡིས། །རང་རང་དོན་རྣམས་འབྱེད་པའི་ཚིག སྒྲ་བ་རྣམས་ཀྱི་ལུགས་ཀྱིས་ཀ་ལཱ་བའི་མདོར། སྔ་མ་དང་ཕྱི་མ་དག་གི་དན་ཉེ་བར་དམིགས་པ་ན། ཞེས་འབྱུང་བ་ལྟར། རང་བཞིན་ཞེས་བྱ་བ་རྐྱེན་སྦྱར་བར་བྱ་བའི་ཡུལ་མིང་དང་བྱིངས་དག་ལ་རྣམ་དབྱེའི་མིང་ཅན་གྱི་རྐྱེན། ཙནྡྲ་བའི་ཐ་སྙད་དུ་སུཔ྄་དང་ཏིང྄་དག་དང༌། ཀ་ལཱ་བའི་ཐ་སྙད་ཀྱི་ཏི་སོགས་དང་སི་སོགས་དག་སྦྱར་བ་ནི་ཚིག་ཡིན་ཏེ། བརྒྱད་སྟོང་འགྲེལ་ཆེན་དུའང༌། ཚིག་ཅེས་པ་ནི་སུཔ྄་ཀྱི་ཐམས་ཅད་དང་ཏིང྄་གི་ཐམས་ཅད་ཀྱི་ཡི་གེ་ཚོགས་པའོ་ཞེས་གསུངས་སོ། །དེ་དག་སཾསྐྲ໏ཏ་ལ་རྐྱེན་གྱི་ཡི་གེ་གང་ཡིན་པ་དང༌། རང་བཞིན་དང་རྐྱེན་ཕུད་པའི་རྣམ་འགྱུར་ལ་སོགས་པ་ནི། འདིར་བརྗོད་ཀྱང་མགོ་རྨོངས་པར་འགྱུར་བས་ན། ཤེས་པར་འདོད་པ་རྣམས་ཀྱིས་ཙནྡྲ་བ་དང༌། ཀ་ལཱ་བ་སོགས་པར་ཤེས་པར་བྱའོ། ། འདིར་བོད་ལ་ཉེ་བར་མཁོ་བའི་མིང་ལ་སྦྱར་བའི་རྣམ་དབྱེའི་རྣམ་པ་ཙམ་བཤད་པར་བྱ་སྟེ། ངོ་བོ་ལས་དང་བྱེད་པ་ཆེད། །འབྱུང་ཁུངས་འབྲེལ་བ་གནས་གཞི་དང༌། །བོད་པའི་དོན་ལ་རྣམ་དབྱེ་བརྒྱད། །རེ་རེའང་གཅིག་གཉིས་མང་ཚིག་ཅན། །དེ་ལ་རྣམ་དབྱེ་དང་བོ་ངོ་བོ་ཙམ་སྟོན་པ། ཤིང༌། མེ། བུམ་པ་ཞེས་པ་ལྟ་བུ་སྟེ། སཾསྐྲ໏ཏའི་ཕལ་ཆེ་བ་ལ་རྐྱེན་གྱི་རྫས་ཡོད་པས། འདི་དང་བོ་གཅིག་ཚིག་སྦྱར་བའོ། །ཞེས་བཤད་མོད་ཀྱང༌། བོད་སྐད་ལ་དང་བོའི་གཅིག་ཚིག་ལ་དེ་མེད་པས། དེ་དང་མིང་ལ་ཁྱད་པར་མེད་དོ། །དང་བོ་གཉིས་ཚིག་ཤིང་དག་ཅེས་པ་ལྟ་བུ་དང༌། མང་བོ་ཚིག་ཤིང་རྣམས་ཞེས་པ་ལྟ་བུ་དག་ལ་བོད་སྐད་ལ་ཡང་མིང་དང་ཁྱད་པར་ཡོད་དོ། །གཉིས་པ་ལས་སུ་བྱ་བའི་རྣམ་དབྱེ་གཅིག་ཚིག་དང༌། གཉིས་ཚིག་དང༌། མང་བོའི་ཚིག་སྦྱར་བ་ནི་རིམ་པ་ལྟར། ཤིང་ལ། ཤིང་དག་ལ། ཤིང་རྣམས་ལ་རླུང་གིས་བསྐྱོད་ཅེས་པ་ལྟ་བུ་སྟེ། རླུང་གིས་བསྐྱོད་པའི་བྱ་བ་ཡིན་ཞིང༌། དེའི་ལས་ཤིང་ཡིན་པས་བྱ་བའི་ལས་ཞེས་ཀྱང་བྱའོ། །གསུམ་པ་བྱེད་པའི་རྣམ་དབྱེའི་ཚིག་གསུམ་སྦྱར་བ་རིམ་པ་ལྟར། ཤིང་གིས། ཤིང་དག་གིས། ཤིང་རྣམས་ཀྱིས་ནགས་ཚལ་མཛེས་ཞེས་བ་ལྟ་བུའོ། །བཞི་བ་དགོས་ཆེད་ཀྱི་རྣམ་དབྱེའི་ཚིག་གསུམ་སྦྱར་བ། ཤིང་གི་ཆེད་དུ། ཤིང་དག་གི་ཆེད་དུ། ཤིང་རྣམས་ཀྱི་ཆེད་དུ་ཆུ་དྲོངས་ཞེས་བ་ལྟ་བུའོ། །ལྔ་བ་འབྱུང་ཁུངས་ཀྱི་རྣམ་དབྱེ་སྦྱར་བ། ཤིང་གི་ཤིང་དག་ཤིང་རྣམས་ཀྱི་ཡལ་ག་མཐོ་ཞེས་པ་ལྟ་བུའོ། །རྣམ་དབྱེ་བདུན་པ་གནས་གཞིའི་དོན་ཅན་སྦྱར་བ། ཤིང་ལ། ཤིང་དག་ལ། ཤིང་རྣམས་ལ་བྱ་ཚང་བཅས་ཞེས་པ་ལྟ་བུའོ། །བརྒྱད་པ་བོད་པའི་རྣམ་དབྱེ་ནི། སྐྱེས་བུ་ ཧྐྵྨླྺྼྻྃ

འགའ་ཞིག་ལྗོན་ཤིང་ཞེས་པར་མིང་བཏགས་ཏེ། དེ་བོད་པ། ཀྱེ་ཤིང༌། ཀྱེ་ཤིང་དག ཀྱེ་ཤིང་རྣམས་ཞེས་པ་ལྟ་བུའོ། །དེ་ལ་ཤིང་ཞེས་པ་ཤིང་ཡིན་ཞིང༌། ལ། གིས་ཞེས་སོགས་རྣམ་དབྱེ་སྟེ། རླུང་གིས་བསྐྱོད་ཅེས་པ་ནས་ཚང་བཞག་ཅེས་པའི་བར་ནི། རྣམ་དབྱེ་དེ་དང་དེར་གསལ་བར་བྱེད་པའི་ཚིག་ཡིན་ནོ། །དེ་ལྟ་བའི་རྣམ་དབྱེ་རྣམས་ནི་མིང་ཐམས་ཅད་ལ་སྦྱར་དུ་རུང་བ་ཡིན་ནོ། །དེ་བདུན་དངོས་སུ་བརྗོད་པ་གང༌། །མི་མངོན་བྱས་པ་ཚིག་སྡུད་གཉིས། །རྣམ་དབྱེ་སྔ་མ་བདུན་པོ་རྣམ་དབྱེ་དངོས་སམ། དེ་བསྒྱུར་བའི་ཡི་གེ་དངོས་སུ་ཡོད་པ་དང༌། ཚིག་སྔ་ཕྱིའི་བར་མ་རྣམ་དབྱེ་ཕྱིས་ཏེ་མི་མངོན་པར་བྱས་པ་ཚིག་སྡུད་གཉིས་སཾསྐྲྀའཏ་ལ་ཡོད་ཅིང༌། བོད་སྐད་ལ་ནི་རྒྱ་སྐད་ལ་ཚིག་སྡུད་ཡོད་པ་རཱ་ཛཱ་པུ་རུ་ཞེས་པ་རྣམ་དབྱེ་དྲུག་པ་ཕྱིས་པ་ཡོད་པ་ལ། བོད་སྐད་ལ་རྒྱལ་བོའི་སྐྱེ་བུ་ཞེས་རྣམ་དབྱེ་དྲུག་པ་དངོས་སུ་ཡོད་པར་བསྒྱུར་བ་དང༌། རྒྱ་སྐད་ལ་དོན་གཅིག་གི་ཁྱད་པར་མང་བོ་རྣམས་སོ་སོ་ལ་རྣམ་དབྱེ་རེ་རེ་སྦྱར་བ། དུས་འཁོར་གྱི་གླིང་གཞིར། སརྦཛྙཱཾཛྙཱནཀཱཡཾདིནཀཝཔུཥཾཞེས་པ། ཡཾ། ཤཾ་ཞེས་ཁྱད་པར་རེ་རེ་ལ་རྣམ་དབྱེ་གཉིས་པའི་གཅིག་ཚིག་རེ་སྦྱར་བ་ཡོད་མོད་ཀྱང༌། བོད་སྐད་ལ། ཐམས་ཅད་མཁྱེན་ལ། ཡེ་ཤེས་སྐུ་ལ། ཉིན་བྱེད་ལ། ཞེས་རྣམ་དབྱེ་མང་ན་མི་བདེ་བར་དགོངས་ནས་མཁས་པ་འགའ་ཞིག་གིས་ཁྱད་ཆོས་ཀུན་རྗེས་འབྲངས་པའི་འཇུག་ཏུ། ལྷ་མཆོག་རྣམས་ཀྱིས་བཏུད་ལ་ཞེས་པ་གཅིག་ཏུ་བསྡུས་པ་ཡོད་དེ། དེ་ལ། ལེགས་སྦྱར་སྐད་ལ་རྣམ་དབྱེ་རྣམས། །བསྡུས་པ་དབྱེ་དང་སོ་སོ་བ། །བསྡུ་དང་གཞན་དུ་བསྒྱུར་བ་ནི། །བོད་ལ་བདེ་ཆེད་སྐབས་བཞིན་བྱ། །ཞེས་འདོན་ནོ། ། དེ་ལ་ཚིག་སྡུད་རྣམ་པ་དྲུག། །འབྲུ་མང་བོ་དང་ལས་འཛིན་དང༌། །བ་གཉིས་པ་དང་དེའི་སྐྱེས་བུ། །ཟླས་དབྱེ་བ་དང་གྲངས་མེད་པའོ། །དེ་རྣམས་ལས་འབྲུ་མང་བོ་བཤད་པ། །ཚིག་གཉིས་དག་གམ་མང་བོ་རྣམས། །དོན་གཞན་སྟོང་པ་འབྲུ་མང་བོའམ། །གཞན་གྱི་དོན་ཞེས་བྱ་བ་སྟེ། །ཚིག་གཉིས་པའི་འབྲུ་མང་བོ་བ་བ་ཁྲ་མོ་ཅན་ཞེས་པ་ལྟ་བུ་དང༌། མང་བོའི་འབྲུ་མང་བོ་བ་རྟོགས་པའི་དྲ་བ་རྣམས་གསལ་ཅིང་རྒྱ་ཆེའི་སྐུ་མངའ་བ། ཞེས་པ་ལྟ་བུ། དངོས་སུ་བརྗོད་པའི་ཚིག་གི་དོན་ལ། དོན་གཞན་རིམ་པ་ལྟར་བ་ཁྲ་མོ་ཡོད་པའི་ཕྱོགས་སམ། བདག་པོ་གོ་བ་དང༌། རྗོགས་པའི་སངས་རྒྱས་གོ་བ་ལྟ་བུ་སྟེ། ཙནྡ྄ར་བར། གཞན་གྱི་དོན་ལ་གཅིག་མ་ཡིན་པའོ་ཞེས་གསུང་བ་ལྟར་རོ། །དེ་དག་ལ་རྣམ་དབྱེ་ཕྱིས་ནས་ཚིག་སྡུད་བྱས་པའི་ཚུལ་ནི། སཾསྐྲྀཏའི་སྐད་ལས་ཤེས་པར་བྱའོ། །ཕྱོགས་ཀྱི་མིང་དག་ཕྱོགས་བྲལ་ལའང༌། །བརྗོད་པ་ལས་གཞན་གོ་བའི་འབྲུ་མངབོ་བར་འགྱུར་ཏེ། ཤར་དང་ལྷོ་བརྗོད་ས་མེ་མཚམས་གོ་བ་ལ་སོགས་པ་ལྟ་བུའོ། །སྨྲ་སྒོར། རང་མིང་དང་ལྡན་པའི་འབྲུ་མང་བོ་བ་ཡོད་ཅེས་འཆད་པ་ནི་འབྲུ་མང་བོ་བའི་རྣམ་པ་མ་གོ་བ་ཡིན་ནོ། །དེའི་ཚིག་མང་བོའི་འབྲུག་མང་བོ་གཞི་མཐུན་གྱི་བསྡུ་བ་ཁོངས་ན་ཡོད་པ། སྤྲེའུ་གནས་ས་མཐོན་པོ་ཞེས་པ་ལ་སྤྲེའུ་གནས་ས་ཡང་ཡིན་ལ། མཐོན་པོ་ཡང་ཡིན་པ་ཞེས་པ་ལས་འཛིན་པའི་བསྡུ་བ་ཅན་གྱིས་སྤྲེའུ་ཡོད་པའི་ཤིང་དང་ཁང་བ་སོགས་གོ་བ་དང༌། ཚིག་གཉིས་པ་ལ་ཡང༌། བ་གཉིས་པ་ཁོང་ན་ཡོད་པ་ས་བཅུ་བ་ཞེས་པ་ལྟ་བུ་དང༌། སྨྲ་སྒོར། བྱེད་པ་དྲུག་གིས་བསྒྱུར་ཞེས་འཆད་པ་ལྟར། གཉིས་པ་ལ་སོགས་པའི་བསྡུ་བ་ཁོངས་ན་ཡོད་པ་རིམ་པ་ལྟར། ཆོས་ལ་སྦྱོང་བ་ཞེས་པའི་ལ་བསྡུས་པས་ཆོས་སྦྱོང་ཅན་དང༌། ཆོས་ཀྱིས་འཕེལ་བའི་ཀྱིས་བསྡུས་པ་ཆོས་འཕེལ་ཅན་དང༌། ཆོས་ཀྱི་ཆེད་དུ་ཕན་པ་ཞེས་པའི་ཆེད་དུ་བསྡུས་པ་ཆོས་ཕན་དང༌། ཆོས་ལས་ཉམས་པ་ལ། ལས་བསྡུས་པས་ཆོས་ཉམས་དང༌། ཆོས་ཀྱི་གཏམ་ཅན་ལ། ཀྱི་བསྡུས་པ་ཆོས་གཏམ་ཅན་དང༌། ཆོས་ལ་གནས་པའི་ལ་བསྡུས་པ་ཆོས་གནས་ཞེས་པ་ལྟ་བུ་དང༌། ཟླས་དབྱེ་ཁོང་ན་ཡོད་པ། ཟབ་དང་རྒྱ་ཆེའི་སྐུ་མངའ་བ༌། །ཞེས་པ་ལྟ་བུ་ཡོད་དེ། རྣམ་དབྱེ་དང་བོ་བསྡུས་པ་ཁོང་ན་ཡོད་པ་ལས་འཛིན་པ་དང༌། བ་གཉིས་པ་དང༌། ཟླས་དབྱེའི་བསྡུ་བ་ཅན་ལྟ་བུའོ། །སྨྲ་སྒོར། བརྒྱ་དང་དྲུག་ཅུ་རྩ་བརྒྱད་ད་དབྱེའོ་ཞེས་འཆད་པ་ནི། འགའ་ཞིག་བརྗོད་བྱའི་སྟོང་བ་ཡིན་ནོ། ། ད་ནི་ཚིགས་བཅད་རྐང་བ་གསུམ་པ་ལས་འཛིན་པ་གཏན་ལ་ཕབ་པ། ཁྱད་པར་ཅན་དང་ཁྱད་པར་ཚིག། །གཞི་མཐུན་སྡུད་པ་ལས་འཛིན་པའམ། །ཁྱད་པར་བསྡུ་བའི་དོན་གཅིག་པའོ། །ཁྱད་པར་ཅན་ཨུཏ྄པལ་དང༌། ཁྱད་པར་སྔོན་པོ་དག་གཞི་མཐུན་པར་སྡུད་པ། ཨུཏ྄པལ་ཡང་ཡིན་ལ། སྔོན་པོ་ཡང་ཡིན་པས་ཨུཏ྄པལ་སྔོན་པོ་ཞེས་པ་ལྟ་བུ་ནི། ཀ་ལཱ་བའི་ཐ་སྙད་ཀྱིས་ལས་འཛིན་པ་ཞེས་བྱ་བའམ། ཙནྡ྄ར་བའི་ཐ་སྙད་ཀྱིས་ཁྱད་པར་གྱི་བསྡུ་བ་ཞེས་བྱ་བའོ། །དེ་བཞིན་དུ་པཎྜི་ཏ་སྡོམ་བརྩོན་ཞེས་པ་ལ་སོགས་པ་ཤིན་ཏུ་མང་ངོ༌། །ཙནྡ྄ར་བར། དོན་གཅིག་གི་ཁྱད་པར་རོ་ཞེས་གསུངས་སོ། །ཚིག་སྡུད་གསུམ་པ་ཚིགས་བཅད་རྐང་བ་གཉིས་པས་ངེས་པར་བྱ་བ། དེ་ཉིད་གྲངས་དང་བགྲང་བྱ་ནི། །བ་གཉིས་པའམ་གྲངས་སྔོན་ཅན། །དེ་ཉིད་ཁྱད་པར་གྲངས་ཡིན་ཞིང༌། །ཁྱད་པར་ཅན་བགྲང་བྱ་ཡིན་པ་ཐོད་པ་ལྔ་ཞེས་པ་ལྟ་བུ་ནི། ཀལཱ་བའི་བརྡས། དྭིགུ་ཞེས་པ། ཚིག་གཉིས་པའམ་བ་གཉིས་ལ་ཞེས་བྱ་བ་དང༌། ཙནྡ྄ར་བའི་བརྡས། གྲངས་སྔོན་མ་ཅན་ཞེས་བྱའོ། །མདོར། གྲངས་དང་བོ་ཅན་ཀུན་སྡུད་པའོ། །ཞེས་པའོ། །བྱེད་པ་ཅན་གྱི་དེའི་སྐྱེས་བུའི་བསྡུ་བ་འཆད་པ། མིང་དང་ཕ་རོལ་ཚིག་གིས་ནི། །གཉིས་པ་ལ་སོགས་སྡུད་པ་ནི། །བྱེད་ཅན་དྲུག་པའི་བསྡུ་བ་འོ། །དགག་པའི་བསྡུ་བ་འདིར་མི་འབྱོར་མིང་སྔོན་ལ་ཡོད་པ་རྒྱལ་བ་ཞེས་བྱ་བ་ལྟ་བུ་དང༌། ཚིག་སྲས་པོ་ཞེས་པས། རྒྱལ་བ་སྲས་པོ་ཞེས་རྣམ་དབྱེ་དྲུག་པ་བསྡུས་པ་ལྟ་བུ། གཉིས་པ་ལ་སོགས་པ་བདུན་པའི་བར་གྱི་རྣམ་དབྱེ་སྡུད་ཅིང་ཕྱིས་པ་དེ་ནི་བྱེད་པ་ཅན་ལྔ་ལ་འཇུག་པའི་རྣམ་དབྱེ་དང༌། རྣམ་དབྱེ་དྲུག་པ་བསྡུས་པའི་ཚིག་སྡུད་དེ། དེའི་སྐྱེས་བུའི་བསྡུ་བ་ཡིན་ནོ། །དེ་ལ་བྱེད་པ་ཅན་དྲུག་ནི། །བྱེད་པོ་ལས་དང་བྱེད་པ་ཆེད། །འབྱུང་ཁུངས་གཞི་རྣམས་བྱེད་ཅན་དྲུག །དྲུག་བརྒྱད་དོར་བའི་རྣམ་དབྱེ་གཞི། །ཞེས་པ་ཡིན་ནོ། །དེ་ལ་བྱེད་པ་བོ་ལ་འཇུག་པ་རྣམ་དབྱེ་དང་བོ་བསྡུས་པ་ནི། ཚིག་སྡུད་གཞན་ཡིན་པས་འདིར་མ་སྨོས་ཤིང༌། ལས་ལ་འཇུག་པའི་རྣམ་དབྱེ་གཉིས་པ་བསྡུས་པ། ཆོས་ལ་བརྟེན་པ་ལ་ཆོས་བརྟེན་ཞེས་པ་དང༌། གྲོང་ལ་སོང་བ་ལ་གྲོང་སོང་ལྟ་བུའོ། །བྱེད་པ་ལ་འཇུག་པའི་གསུམ་པ་བསྡུས་པ་ཟླ་བས་སྔ་བ་ནི་ཟླ་སྔ་ལྟ་བུའོ། །ཆེད་དུ་བྱ་བ་ལ་འཇུག་པའི་རྣམ་དབྱེ་བཞི་བ་བསྡུས་པ་ནི། རྒྱན་གྱི་ཆེད་ཀྱི་གསེར་ནི་རྒྱན་གསེར་དང༌། འབྱུང་བོའི་ཆེད་ཀྱི་གཏོར་མ་ལ་འབྱུང་གཏོར་ལྟ་བུའོ། །འབྱུང་ཁུངས་ལ་འཇུག་པའི་ལྔ་བ་བསྡུས་པ་ཤིང་ལས་སྐྱེས་བ་ཤིང་སྐྱེས་དང༌། ཡུལ་ནས་བྱུང་བ་ལ་ཡུལ་བྱུང་ལྟ་བུའོ། །བྱེད་པ་ཅན་མ་ཡིན་ཡང་དྲུག་པ་བསྡུས་པ། རྒྱལ་པོའི་སྐྱེས་བུ་ནི་རྒྱལ་པོ་སྐྱེས་བུའམ་རྒྱལ་སྐྱེས་དང༌། མིའི་མགོ་ལ་མི་མགོ་ལྟ་བུའོ། །ཙནྡ྄ར་བར། བྱེད་པ་ཅན་མང་བོར་རོ། །ཞེས་དང༌། དྲུག་པའོ་ཞེས་གསུངས་སོ། །དགག་པའི་སྐྱེས་བུ་ནི། ཚིག་སྡུད་ལེགས་སྦྱར་ལ་ཚིག་སྡུད་མེད་ན་དགག་ཚིག་ན་ཡིག་ཏུ་གནས་ཤིང༌། ཡོད་ན་ཨ་དང་ཨན་དང་དུ་འགྱུར་བ་དེ། བོད་སྐད་ལ་མི་འབྱོར་བ་ལ། ངོས་མ་ཟིན་ཅིང་སྐབས་སུ་མ་བབ་པའི་སྤྲོས་པ་མང་བོ་བྱས་གནང་ངོ༌། །ཚིག་སྡུད་ལྔ་བ་འཆད་པར་འདོད་པ། གཞན་དང་གཞན་ནི་སྦྱོར་བ་དང༌། །ཀུན་སྡུད་པ་ལ་མིང་གཉིས་སམ། །མང་བོ་བསྡུ་བ་ཟླས་དབྱེ་བའམ། །དང་གི་དོན་གྱི་བསྡུ་བའོ། །མིང་དབྱེ་བ་གཉིས་གཉིས་སམ་མང་བོ་རྣམས་ལ་མིང་རེ་རེ་ལ་རྣམ་དབྱེ་རེ་རེ་སྦྱོར་དགོས་ཀྱང༌། ཐམས་ཅད་ཀྱི་ཐ་མར་རྣམ་དབྱེ་གཅིག་སྦྱར་བར་བསྡུས་པ་ནི་ཀ་ལཱ་བའི་བརྡས། ཟླས་དབྱེ་དང༌། ཙནྡ྄ར་བའི་བརྡས། དང་གི་དོན་གྱིས་བསྡུ་བའོ། །དེ་ལ་དབྱེ་ན་གཉིས་ཏེ། ཅིག་ཤོས་དང་ཅིག་ཤོས་སྦྱོར་བ་ཞེས་བྱ་བ། མིང་གཉིས་ཀྱིས་བསྡུས་ན་རྣམ་དབྱེ་གཉིས་ཚིག་སྦྱོར་བ། འཕགས་པ་འཇམ་དཔལ་དང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དག་ཅེས་པ་ལྟ་བུ་དང༌། སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ཞེས་པ་ལྟ་བུ་མང་བོ་སྡུད་ན་མིང་ཚིག་སྦྱོར་བ་ཡན་ལག་གཙོ་བོ་བྱས་པ་དང༌། གཉིས་དང་མང་བོ་གང་གིས་བསྡུས་ཀྱང་གཅིག་ཚིག་འཇུག་ཏུ་སྦྱོར་བ། རྐང་བ་དང་ལག་པ་ནི་ཞེས་དང༌། ཚངས་པ་དང་བརྒྱ་བྱིན་དང་ཁྱབ་འཇུག་དང་དབང་ཕྱུག་ནི་ཞེས་པ་ལྟ་བུ། ཚོགས་པ་གཙོ་བོར་བྱས་པ་ཀུན་སྡུད་པ་ཞེས་བྱའོ། ། ཚིག་སྡུད་དྲུག་པ་ནི། གང་གི་སྔ་མ་བརྗོད་བྱར་གྱུར། །མི་ཟད་གྱུར་བའམ་གྲངས་མེད་པའོ། །མི་ཟད་པའི་གྲངས་མེད་པ་ཞེས་པ་དོན་སྟོན་པའི་མིང་ཡིན་ཡང༌། རྟགས་གསུམ་གྱི་ངེས་པ་མེད་པ་དེ་ལས་རྣམ་དབྱེ་རྣམས་དབྱི་བ་སྔོན་གྱི་ལོ་ཙ་བ་རྣམས་ཀྱིས་ཚིག་ཕྲད་ཅེས་བྱ་བར་མིང་བཏགས་པ་དེ་སྔ་མར་བཀོད་ཅིང༌། དེ་བརྗོད་བྱའི་གཙོ་བོར་གྱུར་བའི་ཚིག་སྡུད་ནི། ཀ་ལཱ་པར། མི་ཟད་པར་གྱུར་བ་ཞེས་དང༌། ཙནྡ྄ར་བར། གྲངས་མེད་པ་ཞེས་པའི་སྡུད་པ་སྟེ། ཨུཔཀུམ྄བྷ་ཞེས་པའི་ཨུབ་ཉེར་བསྒྱུར་ཉེ་བའི་དོན་ཅན་གྱི་མི་ཟད་སྡུད་པ་སྟེ། ཚིག་དང་པོ་ན་ཡོད་པ་གཙོ་བོར་ཡིན་པ་ལྟ་བུའོ། །ཚིག་སྡུད་རྣམས་ནི་རྒྱ་སྐད་ལ་རྣམ་པ་གསལ་ཞིང༌། དེའི་སྐྱེས་བུའི་རྣམ་དབྱེ་བར་དྲུག་བསྡུས་པ་བོད་སྐད་ལའང་རྣམ་པ་ཅུང་ཟད་གསལ་ལོ། །ཚིག་སྡུད་ནི་དྲུག་པོ་དེ་ལས་གཞན་པ་མེད་ཀྱི་དེ་རྣམས་ཉིད་དུ་འདུས་སོ། །ཚིག་སྡུད་མིན་པ་ཚིག་སྡུད་དུ། །བཤད་དང་ཚིག་སྡུད་ཉིན་ཡིན་ཡང༌། །ཡང་ཡང་བཟླས་པས་གོ་དཀའ་བ། །ཚུལ་འདིས་རྣམ་དབྱེར་ཤེས་པར་བྱ། །སྨྲ་སྒོར། ལྕེ་ཁྱི་འབྲུག་གིས་བརྩམས་པའི་གནས་བརྒྱད་བསྟན་པ་ཞེས་པའི་རྗེས་སུ་འབྲངས་ཏེ། འབྲུ་མང་བོ་དང་ཚིག་སྡུད་དང༌། །ཁྱད་པར་དག་དང་ཡན་ལག་དང༌། །གཞི་དང་གཞི་གཅིག་སྡུད་པ་དང༌། །གཞི་མཐུན་པ་དང་དེའི་སྐྱེས་བུ། །ཟླས་དབྱེ་བ་དང་ཕྱོགས་ཙམ་མོ། །ཞེས་འཆད་པ་ཚིག་སྡུད་ཡིན་ཞིང་དགོས་པ་རྣམས་སྔར་བཤད་པ་རྣམས་སུ་འདུས་ལ། ལ་ལ་ནི་བཟླས་ཏེ་བཤད་པ་དང༌། སྒྲ་བའི་ལུགས་ཀྱི་ཚིག་སྡུད་མ་ཡིན་པའང་འགའ་ཞིག་ཡོད་པས་རྣམ་པར་ཕྱེ་སྟེ་བརྗོད་པར་བྱའོ། ། དེ་ལ་དང་བོ་འབྲུ་མང་བོ་བ་ནི་བརྗོད་ཟིན་པ་ཡིན་ནོ། །གཉིས་པ་ཚིག་སྡུད་ནི་སྔར་བཤད་པ་དེ་རྣམས་ཀྱི་ནང་དུ་གྲངས་མེད་ཀྱི་བསྡུ་བ་མ་གཏོགས་པའི་ཚིག་སྡུད་ཐམས་ཅད་འདུས་པ་ཡིན་ཞིང༌། དེ་རྣམས་སོ་སོའི་མིང་གི་རྣམ་གྲངས་སྦྱར་བ་སྨྲ་སྒོ་ཉིད་ཀྱི་འགྲེལ་བ་ན་ཡོད་དོ། །དེ་ལ་ཡང་གཞན་གྱི་ཚིག་གི་བསྡུ་བ་ཞེས་བྱ་བ་འབྲུ་མང་བོ་བ་བཤད་ཟིན་པ་ཟློས་པའི་སྐྱོན་ཅན་ནོ། །གསུམ་པ་ཁྱད་པར་བསྡུ་བ་ནི། ལས་འཛིན་པ་ཡིན་ཞིང་ཚིག་སྡུད་ལྔའི་ཡ་གྱལ་བྱེ་བྲག་གི་ཚིག་བསྡུ་བ་ཞེས་པའང་ཡིན་པས་ཟློས་སོ། །བཞི་བ་ཡན་ལག་བསྡུ་བ་ནི་སོགས་ཀྱིས་བསྡུས་པ་གཟུགས་ལ་སོགས་པའི་ཕུང་བོ་ཞེས་པ་ལ་སོགས་པ་གོ་རིམ་གྱི་ཡན་ལག་བསྡུ་བ་ལ་སོགས་པ་བཞི་འཆད་པ་ནི། ཕུང་བོ་གང་རྣམས་ཀྱི་དང་བོ་གཟུགས་ཡིན་པ་དེ་རྣམས་ཞེས་པ་ལ་སོགས་པའི་ཚིག་རྣམ་པར་སྦྱར་བ་འཇུག་པས་འབྲུ་མང་བོའི་ཚིག་སྡུད་ཡིན་ཞིང༌། ལོགས་སུ་བྱས་པ་དགོས་པ་མེད་དོ། །ལྔ་བ་གཞི་བསྡུ་བ་ཡང་ཐ་དད་དུ་མི་དགོས་པ་དེ་ཉིད་དང་འདྲའོ། །དྲུག་པ་གཞི་གཅིག་ཏུ་བསྡུ་བ་ཡང་དྲུག་པོར་མ་འདུས་པའི་ཚིག་སྡུད་མིན་ཞིང༌། དེ་ལ་ཚིག་སྡུད་ཡོད་པ་ནི་སྔར་གྱི་དེ་ཉིད་དུ་འདུས་ཏེ། འདུས་བྱས་ཐམས་ཅད་མི་རྟག་ཅེས་པ་ནི། ལས་འཛིན་པ་དང༌། འདུས་བྱས་དང་འདུས་མ་བྱས་ཐམས་ཅད་བདག་མེད་ཅེས་པ་ནི། ཟླས་དབྱེ་ཁོང་ན་ཡོད་པའི་ལས་འཛིན་པ་ཡིན་ནོ། །བདུན་པ་གཞི་མཐུན་པ་ནི། བྱེ་བྲག་གི་ཚིག་བསྡུ་བ་དང༌། ཁྱད་པར་བསྡུ་བ་ཉིད་བཟླས་པ་ཡིན་པས་ལས་འཛིན་པ་ཉིད་དོ། །བརྒྱད་པ་དེའི་སྐྱེས་བུ་ནི། ཚིག་སྡུད་ལྔའི་ཡ་གྱལ་བྱེད་པའི་ཚིག་དང༌། བྱེ་བྲག་གི་དང་རྣམ་གྲངས་ཀྱི་ཚིག་སྡུད་ཉིད་ཡིན་པས་ལོགས་སུ་མི་དགོས་སོ། །དགུ་བ་ཟླས་དབྱེ་བ་ནི་སྔར་གྱི་བརྒྱད་པོར་མ་འདུས་ཤིང་སྒྲ་བ་ལ་གྲགས་པས་དགོས་མོད་བཤད་ཟིན་ཏོ། །བཅུ་བ་ཕྱོགས་སྟོན་པ་སེམས་ཙམ་ཞེས་པ་ལྟ་བུའོ་ཞེས་འཆད་པ་ནི་མུན་སྤྲུལ་ཁོ་ན་སྟེ། ཙམ་གྱི་སྐད་དོད། མཱཏྲ་ནི་ཙནྡ྄ར་བའི་མདོར། ཚད་ལ་མཱཏྲའོ། །ཞེས་གསུངས་པས་དེ་ཕན་གྱི་རྐྱེན་ཡིན་པས་ན་སེམས་ཙམ་ཞེས་པ་མིང་གཅིག་ཡིན་ཞིང༌། མིང་གཅིག་ལ་བསྡུ་བ་མེད་པའི་ཕྱིར་རོ། །དེ་ལྟར་དོན་མེད་པ་མང་པོ་བཀོད་ཅིང༌། དོན་དང་ལྡན་པ་རྣམས་ཀྱང་ཡང་ཡང་བཟླས་ཏེ་བཤད་པས་འཇུག་པ་བོ་རྣམས་མགོ་རྨོངས་བར་བྱེད་པར་སྣང་ངོ༌། །དེ་བཞིན་ཕྲད་མིན་ཕྲད་དུ་དང༌། །ཕྲད་ཀྱང་ལོག་པར་འཆད་པའང་དབྱེ། །གང་ཡང་ཕྲད་དུ་འཆད་པ་ན། །གང་ཞིག་རང་གི་དོན་མེད་ཅིང༌། །ཞེས་མདོར་བསྟན་ནས་རྒྱས་པར་སྟོན་པ་ན་ཕྲད་འདི་དོན་འདི་སྙེད་ཅིག་ལ་འཇུག་གོ་ཞེས་འཆད་པ་ནི་བླུན་པོས་ཀྱང་འགལ་བར་རྟོགས་སོ། ། སྤྱིར་ཕྲད་ཅེས་པ་ནི། ཨ་མཱར་ཀོ་ཥར་མི་མད་པ། ཞེས་མིང་བཏགས་པ་རྣམ་དབྱེ་སྦྱར་བའི་ཡུལ་དུ་གྱུར་པས་མིང་གི་ནང་དུ་གཏོགས་པ་དེ་ལས་རྣམ་དབྱེ་དབྱི་བ་ཁོ་ནར་འགྱུར་བ་ཞིག་སཾསྐྲྀཏ་ལ་ཡོད་ཅིང༌། དེ་འདྲའི་འཇུག་པ་རྣམས་མངོན་བརྗོད་ཀྱི་བསྟན་བཅོས་ན་རྒྱས་སོ། །དེས་ན་ཕྲད་རྣམས་ལ་རང་རང་གི་བརྗོད་བྱའི་དོན་མེད་པ་མ་ཡིན་ནོ། །དེས་ན་བྱུཏ྄པཏི་ཆེན་པོ་དང༌། སྨྲ་སྒོར་ཕྲད་དང་ཕྲད་མ་ཡིན་པ་ཅི་རིགས་པར་འདྲེས་པ་བྲིས་སྣང་ངོ༌། །དེ་ལ་གང་དང་ཅི་དང་དེ་དང་འདི་རྣམས་ནི་ཕྲད་མིན་པས་དེ་རྣམས་ལས་རྣམ་དབྱེ་དབྱེ་བར་ངེས་པ་མེད་དོ། །ན་ཞེས་པ་ནི། དུས་གཅིག་ན་ཞེས་དང༌། ཀུན་དགའ་ར་བ་ན་ཞེས་དང༌། འདི་ཡོད་ན་འདི་འབྱུང་ཞེས་པ་ལ་སོགས་པ་མང་བོ་ཞིག་རྣམ་དབྱེ་བདུན་པ་ཡིན་ཞིང༌། བསྡོམས་སུ་ན་ཞེས་པ་ལ་སོགས་པ་འགའ་ཞིག་ལེགས་སྦྱར་ལ་སྐད་དོད་མེད་པ་ལ་ལོ་ཙཱ་བས་བླ་ཐབས་སུ་བསྣན་པ་ཡོད་དེ། དེ་མདོར་བསྡུ་ན་ཞེས་དང༌། ཡིན་གྲང་ན་ཞེས་དང༌། ལྷ་ཡང་ཕྱག་འཚལ་ན་ཞེས་དང༌། དོན་དམ་པར་དབྱེར་མེད་ན་ཞེས་དང༌། བྱང་ཆུབ་ཐོབ་པར་བྱ་ན་ཞེས་དང༌། གང་གི་ཚེ་ན་ཞེས་པ་ལྟ་བུ་ལ་སོགས་པའོ། ། དེ་རྣམས་ཀྱི་དོན་འདི་ལྟ་བུའོ་ཞེས་འཆད་པ་ནི། ན་ཉིད་ནུས་པ་མ་ཡིན་གྱི། སྔ་ཕྱིའི་ཚིག་རྣམས་ཀྱི་ནུས་པ་ཡིན་པར་ཡིན་ནོ། །ཏེ་དང་ནུས་ནི་ཀྟའི་རྐྱེན་གྱི་མཐའ་ན་བསྒྱུར་བ་ཡིན་ན། ཕྱག་འཚལ་ཏེ་བཤད་པར་བྱའོ། །ཞེས་དང༌། གྲུབ་པ་ཀུན་ཏུ་མཁྱེན་པ་སྨན། །འགྲོ་བའི་བླ་མར་ཕྱག་འཚལ་ནས། །སྒྲ་ཡི་མཚན་ཉིད་བརྗོད་པར་བྱ། །ཞེས་པ་ལྟ་བུ་ནི་བྱེད་པ་བོ་གཅིག་གིས་བྱ་བ་གཉིས་བྱེད་པའི་སྔ་མ་ལ་སྦྱར་བའོ། །དེ་ལ་གཞན་པའི་ཏེ་ཞེས་པ་ནི། ཚིག་མཚམས་གཅོད་པའི་ཕྱིར་བླ་ཐབས་སུ་བསྣན་པ་སྟེ། ནས་ནི། མཛོད་ནས་ནོར་འབྱུང་ཞེས་པ་རྣམ་དབྱེ་ལྔ་བར་ཡང་འགྱུར་རོ། །དང་ཞེས་པ་འབྱིད་པ་ཟླས་དབྱེའི་དོན་དང༌། སྡུད་པ་ཡང་དང་འདྲ་བར་འཆི་མེད་མཛོད་དུའང་བཤད་དོ། །རྒྱུ་མཚན་དང་ཚེ་སྐབས་དང་གདམས་ངག་ལ་འཇུག་འདི་ལྟ་བུའོ་ཞེས་རྟགས་འཇུག་གི་རྗེས་སུ་འབྲངས་ཏེ་བཤད་པའི་དང་ཡིག་རྣམས་ནི། སྐད་དོད་མེད་པ་ལ་ལོ་ཙཱ་བས་བླ་ཐབས་སུ་བྱས་པ་ཡིན་ཞིང༌། དོན་དེ་དང་དེ་ནི་ཚིག་སྔ་མ་རྣམས་ཀྱི་ནུས་པ་ཡིན་གྱི། དང་གི་ནུས་པ་མིན་ཏེ། གཞན་དུའང་དེ་ལྟར་ཅི་རིགས་པར་ཤེས་པར་བྱའོ། །ནི་ཞེས་པ། དེ་ལ་གཟུགས་ནི་ཞེས་པ་ལྟ་བུ་བཀར་ཞིང་དམིགས་འཛིན་པ་སྟེ། ཏུ་དང་ཧུ་བསྒྱུར་བའོ། །ཡང་དང་ཀྱང་ཞེས་པ་གོང་མའི་རྗེས་འཇུག་གི་སྟོབས་ཀྱིས་མི་འདྲ་སྟེ། དོན་གཞན་སྡུད་པ། འགལ་འབྲས་ལ་ཡང་ཞེས་པ་དང༌། འགལ་རྒྱན་དུ་འགྱུར་བ། སྨྲ་བ་བཅད་ཀྱང་སྲེད་པ་འཆང༌། །ཞེས་པ་ལྟ་བུའོ། །ཁོ་ན་ཞེས་པས་མི་ལྡན་པ་གཅོད་པ་དང༌། གཞན་དང་ལྡན་པ་གཅོད་པ་དང༌། མི་སྲིད་པ་གཅོད་པ་རྣམས་གཞུང་ཆེན་པོ་དག་ཏུ་གསུངས་སོ། །ཉིད་ཅེས་པ་ནི། ཨེ་ཝ་ཞེས་པ། ལོ་ཙཱ་བ་འགའ་ཞིག་གིས་ཁོ་ན་དང༌། འགའ་ཞིག་གིས་ཉིད་དུ་བསྒྱུར་བས་ཁོ་ན་དང་འདྲ་ཞིང༌། དངོས་པོའི་རྐྱེན་དུ་འགྱུར་བ། སྲ་བ་ཉིད་ཅེས་པ་ལྟ་བུ་མིང་ནི་ཆ་ཤས་ཡིན་པས་ཕྲད་པ་ཡིན་ནོ། །ཙམ་ཞེས་པའང་དེ་བཞིན་ཏེ་སྔར་བཤད་ཟིན་ཏོ། །འབའ་ཞིག་ཅེས་པ་ཕྲད་མེད་པའི་མིང་ཡིན་ནོ། །ཡང་དག་དང༌། ཡོངས་སུ་དང༌། ཀུན་ཏུ་དང༌། རབ་ཏུ་དང༌། རྣམ་པར་དང༌། ཉེ་བར་དང༌། ཤིན་ཏུ་ལ་སོགས་པ་ལ་དོན་སྟོན་པ་མེད་དོ་ཞེས་འཆད་པ་ནི་ཉེར་སྒྱུར་གྱི་འགྲེལ་བར་མ་གཟིགས་པའོ། །ཚུལ་ཞེས་པའང་ཚིག་ཕྲད་མ་ཡིན་ཞིང༌། ཅིས་ཀྱང་མིང་དེ་དག་ལ་འཇུག་པ་རྩི་ན། རྣམ་བཤད་རིགས་པར། ཚུལ་གྱི་སྒྲ་ནི་བདེན་པ་དང༌། །ལམ་དང་འབྲེལ་འབྱུང་རིགས་པ་དང༌། །དེས་འབྱེད་ཆ་དང་མྱ་ངན་འདའ། །ཐབས་དང་རིགས་པ་ཉིད་ཡིན་ནོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །བཞིན་ཞེས་པ་ནི། ཀ་ལཱ་བར། ཉ་བར་འཇལ་བ་ལ་ཝཏིའོ། །ཞེས་པ་དེ་ཕན་གྱི་རྐྱེན་ཡིན་ཞིང༌། དེས་ན་མིང་གི་ཆ་ཤས་ཡིན་གྱི། ཕྲད་མིན་ནོ། །བཞིན་གྱི་བཤད་པ་ལ་དེ་བཞིན་དང་དེ་ལྟ་བུ་ཞེས་པ་སྐད་དོད་གཅིག་ལ་འགྱུར་མི་འདྲ་བ་བྱས་པ་དག་དང༌། དེ་བཞིན་ཉིད་ལ་འཆད་པ་ནི་རྣམ་པར་འཁྱམས་པའོ། །ཅིང༌། ཞིང༌། ཤིང་ཞེས་པ་རྗེས་འཇུག་གི་ཡི་གེ་དང་བསྟུན་ཏེ་བྱས་པ་ནི་ཕྲད་མ་ཡིན་གྱི། ལོ་ཙཱ་བསས་ཚིག་གི་འཇོག་མཚམས་ལ་བླ་ཐབས་སུ་བྱས་པའོ། །ལ་ཞེས་པ་རྣམ་དབྱེ་གཉིས་པ་དང་བཞི་བ་དང་བདུན་པར་འགྱུར་བས་སྐབས་བརྟག་ལ་ཤེས་པར་བྱ་ཞིང༌། ལ་ལར་ཚིག་གི་འཇོག་མཚམས་ལ་བླ་ཐབས་སུ་བྱས་པའང་ཡོད་དོ། །གཞི་དང་ཚེ་སྐབས་ལ་བྱས་པའི་ལ་ནི་བདུན་པ་ཉིད་ཡིན་པར་མ་མཁྱེན་པར་སྣང་ངོ༌། །ཀྱི་དང་གྱིས་དང་ལས་ཞེས་པ་རྣམ་དབྱེ་དྲུག་པ་དང་གསུམ་པ་དང་ལྔ་བ་ཡིན་པས་ཕྲད་མིན་ཞིང༌། དེ་ལྟ་མོད་ཀྱི་ཞེས་པ་དང༌། ཏ་ཐཱ་པི་ཞེས་པ་བསྒྱུར་བ་ནི་ཕྲད་གཞན་ཡིན་གྱི་ཨ་པའི་ནུས་པ་མིན་ནོ། །ནས་ལྔ་བ་ལ་འཇུག་པ། ཁ་གདངས་ནས་ཉལ་ཞེས་པ་ལྟ་བུ་ནི་སྔར་བཤད་ཟིན་ཏོ། ། མིག་ནས་ལུས་ཀྱི་བར་ཞེས་པ་ལྟ་བུ་ནི། བར་ཞེས་པའི་དོན་གསལ་བར་བྱེད་པ་བླ་ཐབས་སུ་བྱས་པའོ། །གཙུག་ལག་ཁང་དང༌། ཁྱམས་སུ་དང༌། སྤྱི་བོ་རུ་དང༌། ལག་པར་ཞེས་པ་རྣམས་བདུན་པ་ཡིན་པས་ཕྲད་མ་ཡིན་ནོ། །དུ་ཞེས་པ་མིང་གི་ཕུང་བོ་རྣམས་ནི་དུ་ཞེས་པ་ལྟ་བུ་ནི་གྲངས་ཅི་ཙམ་དྲི་བའོ། །གཙུག་ལག་ཁང་དུ་ཞེས་པ་ལྟ་བུ་ནི་རྣམ་དབྱེ་བདུན་པའོ། །འོ་ལ་སོགས་པ་སླར་སྡུད་པའོ་ཞེས་གསུངས་ཀྱང་རྗེས་འཇུག་བཅུ་ཨོ་ཡིག་དང་ལྡན་པ་ནི་རྫོགས་ཚིག་དང་མཚམས་གཅོད་པ་ལ་བླ་ཐབས་སུ་བྱས་པའོ། །འམ་ཞེས་བ་འབྱེད་སྡུད་ཡིན་ཞེས་གསུངས་ཀྱང༌། ཡང་ན་དང་འདྲ་བར་རྣམ་པར་རྟག་པ་ཡིན་ནོ། །དག་དང་རྣམས་ནི་མང་བོའི་ཚིག་ཅེས་གསུངས་ཀྱང༌། སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་བྱུཏ྄པ་ཆེན་པོར། དག་གཉིས་ཚིག་དང་རྣམས་མང་ཚིག་ཏུ་མཛད་མོད། ཕྱིས་གཉིས་དང་མང་བོ་ལའང་དག་བྱས་པར་ཆོག་པར་སྣང་ངོ༌། །སོགས་ནི་ཕྲད་མ་ཡིན་གྱི་མིང་ཡིན་ཞིང༌། དོན་གཞན་གཅིག་དང་གཉིས་དང་མང་བོ་སྡུད་པ་ཡིན་ནོ། །པ་ཞེས་པ་དོན་མང་བོ་ལ་འཇུག་སྟེ། ཆོས་བྱེད་པ་ལ་ཆོས་པ་དང༌། རྟོག་གེ་ཤེས་པའམ་སྨྲ་བ་ལ་རྟོག་གེ་བ་དང༌། རྟ་ཞོན་པ་ལ་རྟ་བ་ཞེས་པ་ལ་སོགས་པའོ། །ཅན་ཞེས་པ། བློ་གྲོས་ཅན་ཞེས་པ་ལྟ་བུ་ལྡན་པའི་དོན་ཅན་ཡིན་མོད། མིང་གི་མཇུག་ཡིན་པས་ཕྲད་ནི་མ་ཡིན་ནོ། །འགའ་ཞིག་ཏུ་འབྲུ་མང་བོའི་ཚིག་སྡུད་གསལ་བར་བྱེད་པ་ལ་སྦྱར་བའང་ཡོད་དེ། བ་ཁྲ་མོ་ཅན་ཞེས་པ་ལྟ་བུའོ། །བ་སྤྱིར་བཞག་པའི་དཔེར་མ་བརྗོད་ལ། ཟ་བ། ལྟ་བ། ཉལ་བ་ཞེས་བཀོད་པའང༌། དེ་དང་དེའི་བྱ་བ་བརྗོད་པ་ཡིན་གྱི། སྤྱིར་བཞག་པ་མི་གསལ་ལོ། །ཕྲད་འདི་ཡིན་ཞེས་པའི་ངོ་བོ་དང་འཇུག་པ་འཆི་མེད་མཛོད་ཀྱི་དོན་སྣ་ཚོགས་པའི་སྡེ་དང་མི་ཟད་པའི་སྡེ་ན་ཡོད་ཅིང༌། སློབ་མ་ལ་ཕན་པའི་ལེའུ་དྲུག་པ་ནའང་ཡོད་པས་དེ་དག་ཏུ་ཤེས་པར་བྱའོ། །ཕྲད་འདུས་པ་ཞེས་འཆད་པ་ནི། བརྗོད་བྱས་སྟོང་བས་མགོ་རྨོངས་བྱེད། གཞན་ཡང་ཕྲད་འདུས་པ་ཞེས་པ་གང་ལ་ཞེས་པའི་ག་དང་སྦྱར་ཏེ། གལ་ཞེས་པ་དང༌། ཅི་ཞིག་ན་ཞེས་པ་ཏེ་ན་ཞེས་པར་འགྱུར་བས་གལ་ཏེ་ན་ཞེས་པར་འགྱུར་རོ། །ཞེས་འཆད་པ་ནི་ཤིན་ཏུ་མི་བཟད་པའི་རྫུན་གྱིས་ཉན་པ་བོ་མགོ་རྨོངས་པར་བྱེད་པ་སྟེ། གལ་ཏེ་ནི། སཾསྐྲྀཏ་ལ་ཡདི་ཞེས་པ་དང་ཙེཏ་ཞེས་པ་ཡོད་པ་བསྒྱུར་བའི་མིང་གཅིག་ཡིན་པས་ན་གལ་དང་ཏེ་ཕྱེ་བའི་བཤད་པ་ནི་རྒྱལ་བ་ཞེས་པ་ལ་རྒྱལ་དང་བ་ཕྱེ་སྟེ་བཤད་པ་དང་འདྲའོ། །དེ་བཞིན་དུ་ཏདྷི་ཞེས་པ་འོ་ན་ཞེས་པར་བསྒྱུར་བ་ལ། འོ་ཞེས་པ་དང་ན་ཞེས་པའི་ཕྲད་འདུས་པའོ་ཞེས་བྲིས་པ་དང༌། ཨ་ཧོ་ཤ྄ཙིཏ་ཅེས་པ་དང་ཨ་ཐ་ཞེས་པ་བསྒྱུར་བའི་དོན་འོན་ཏེ་ན་ཞེས་པ་འོན་དང་ཏེ་དང་ན་རྣམས་ཕྲལ་ཏེ་འཆད་པ་དང༌། གལ་ཏེ། ཅི་ཏེ། འོན་ཏེ། དེ་ཏེ་ཞེས་པ་ལ། གལ་དང༌། ཅི་དང༌། འོན་དང་དེ་ཞེས་པས་དམིགས་མི་འཛིན་པ་དང༌། ཏེ་རྣམས་ཀྱིས་དམིགས་འཛིན་ནོ་ཞེས་འཆད་པ་དང༌། འོན་ཀྱང་ཞེས་པ་ལ། འོན་དང་ཀྱང་ཕྲལ་ནས་འཆད་ཅིང༌། འོན་ཞེས་པ་ཡང་སྡུད་པའི་ཚིག་ཡིན་ཞེས་བྲིས་པ་དང༌། གང་ལྟར་དང་ཅི་ལྟར་དང་དེ་ལྟར་ཞེས་པ་ལ་སོགས་པའང་ཕྲད་གཉིས་ཡིན་ཞེས་འཆད་པ་རྣམས་ནི་བརྗོད་བྱས་སྟོང་བ་བརྗོད་པས་དོན་དུ་གཉེར་བ་རྣམས་མགོ་རྨོངས་པར་བྱས་པ་ཡིན་ནོ། །དེའི་ཕྱིར་སྨྲ་སྒོ་ནི་རྒྱ་གར་གྱི་པཎྜི་ཏས་བརྩམས་པ་མ་ཡིན་གྱི། བོད་ཀྱི་པཎྜི་ཏ་སྐྱེས་ཐོབ་ཀྱི་ཤེས་རབ་དགའ་ཚད་ཡོད་པ། མཁས་པར་རློམ་པ་བློ་གཟུ་བོ་ཞིག་གིས་ལེགས་ལེགས་འདྲ་བྱས་པར་སྣང་ངོ༌། །དེའི་འགྲེལ་བར་ག་དང་ཧའི་སྒྲ་ལྡན་པ་ན་སྟོབས་ཆེ་བ་ཞེས་བདེ་སྤྱོད་ཀྱི་མདོ་ལས་འབྱུང་ངོ༌། །ཞེས་བཀོད་པ་ཡང་རྫུན་ལུང་ཡིན་ཏེ། བརྗོད་བྱ་དེ་སྒྲའི་ལུགས་ལ་མེད་པའི་ཕྱིར་དང༌། རྗོད་བྱེད་དེ་སྒྲའི་མདོའི་ཚིག་གི་རིགས་མ་ཡིན་པས་སོ། །འདི་རྣམས་སྨྲ་སྒོའི་འཁྲུལ་བ་ཆེ་ལོང་ཙམ་སྨོས་པ་སྟེ། འདི་རྣམས་ཀྱིའང་རྒྱུ་མཚན་ཞིབ་པ་དང༌། འཁྲུལ་བ་གཞན་རྣམས་བརྗོད་ན་ཤིན་ཏུ་མང་བར་འགྱུར་བས་འདིར་མ་བྲིས་སོ། །ཚུལ་དེས་ན་སྨྲ་སྒོ་བོད་དུ་དར་ཕྱིན་ཆད་བྱུང་བའི་སྐད་གཉིས་སྨྲ་བ་རྣམས་ཀྱིས་ཀྱང༌། ཀ་ལཱ་བ་དང༌། མངོན་བརྗོད་ཨམཱར་ཀོཥ་ལ་སོགས་པ་ལ་ཆོས་སྐད་ཆགས་པ་དང་གཟིགས་རྟོགས་ཆུད་པའི་སློབ་གཉེར་མ་མཛད་པས་སྨྲ་སྒོའི་མཚང་མ་ཤེས་པར་དེའི་ཚིགས་བཅད་བདེ་མོས་བསླུས་ཏེ། བསྟན་བཅོས་ཚད་ལྡན་དུ་བསམ་ནས་བསྡུས་དོན་དང་ཊིའཀ་ལ་སོགས་པའི་ཆ་ལག་མཛད་སྣང་ངོ༌། །མཁས་པའི་མཁས་པ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྗེས་རྣམས་ལས་རྗེས་སུ་དཔགས་ན་མཁྱེན་པར་གསལ་མོད། ཆེས་ཆེ་བའི་མཁས་པར་གྱུར་ནས་ཡུན་རིང་བོ་མ་བཞུགས་པས་རྣམ་གཞག་མཛད་པ་མི་སྣང་ངོ༌། །བདག་ཉིད་ཆེན་པོ་དེའི་ལེགས་པར་བཤད་པའི་བཀའ་དྲིན་ལས་བདག་གིས་ཙནྡ྄ར་བ་ལ་སོགས་གཞུང་མགོ་མཇུག་ལ་ལྟ་རྟོག་ཆུད་པ་ཙམ་དུ་གྱུར་བས་སྨྲ་སྒོའི་མཚང་རྣམས་རིག་ནས་སྨྲས་པའོ། །བོད་ཀྱི་དག་ཡིག་ཅེས་བྱ་བ། །སྔར་གྱི་སློབ་དཔོན་དུ་མ་ཡིས། །ཤིན་ཏུ་མང་བར་མཛད་པས་ན། །འཁྲུལ་གཞི་གསལ་བྱེད་ཁ་ཅིག་བརྗོད་པར་བྱའོ་ཞེས་པ་ལྷག་མའོ། །སྐ་ཅོག་ལ་སོགས་པའི་མཁས་པ་རྣམས་ཀྱིས་ཆེ་ཆེར་མང་བ་མཛད་པས་ན་ཕལ་ཆེར་བརྗོད་མི་དགོས་ཤིང༌། ཐུན་མོང་མ་ཡིན་པའི་འཁྲུལ་གཞི་ཅན་འགའ་ཞིག་བདག་གིས་བྲི་བར་བྱའོ། །དེ་ལ་རྒྱ་གར་གྱི་སྐད་དུ་རཏ྄ན་ཞེས་དཀོན་ཅོག་དང་རིན་ཆེན་ཞེས་པར་སྔོན་གྱི་བརྡ་རྙིང་འགའ་ཞིག་ལའང་ཡོད་པས་དེ་ལྟར་བྱས་ན་ལེགས་མོད་ཀྱང༌། དཀོན་མཆོག་ཏུ་བྱས་ཏེ། དཀོན་པ་དང་མཆོག་གི་དོན་ཅན་དུ་འཆད་པ་ལ་དེ་དག་གི་སྐད་དོད་མེད་ཅིང༌། དེ་བཞིན་དུ་རིན་ཆེན་ཞེས་པར་བྱས་ཏེ། རིན་ཐང་ཆེ་བའི་དོན་དུ་འཆད་པ་ལའང་སྐད་དོད་མེད་དོ། །འོན་ཀྱང་གྲགས་ཚོད་ཆེ་བས་གང་མོས་ལྟར་བྱའོ། །ཀ་ཐམ་ཞེས་པ་བསྒྱུར་བ་དྲི་བ་དང༌། རྩོད་པ་འཛུགས་པ་ལ་འཇུག་པ་ནི། ཅི་ལྟར་ཞེས་ཅ་ཡིག་ཅན་ཡིན་ཞིང༌། ཡ་ཐ་ཞེས་པ་བསྒྱུར་བ་དཔེར་སྟོན་པ་ལ་འཇུག་པ་ནི། ཇི་ལྟར་ཞེས་པ་སྟེ་ཇ་ཡིག་ཅན་ཡིན་ནོ། །སྐད་ཅིག་ཅེས་པ་དུང་ཐུང་བ་བརྗོད་པ་ལ། སྐད་ཅིག་ཅེས་ད་ཡིག་མཐའ་རྟེན་དུ་བྱས་པ་ནི་སྐད་ཅིག་འདོན་པའི་ཡུན་ཙམ་མོ་ཞེས་འཁྲུལ་བ་མཐོང་བས། དའི་རྗེས་འཇུག་དང༌། གས་འཕུལ་བ་གཉིས་ཀ་མེད་པར་བྱའོ། ། སྐྱེས་རྒུ་ཞེས་པ་ལ༌། དས་འཕུལ་བ་དགུ་ཞེས་གྲངས་བརྗོད་པ་དང་འདྲ་བར་བྱས་པ་ནི་གྲངས་སུ་འཁྲུལ་ཏེ། ཁ་ཅིག་གིས་སྐྱེ་དགུ་ནི། ཟླ་བ་དགུ་ནས་སྐྱེས་པས་མི་ཡིན་ཞེས་དང༌། ལ་ལས་འདོད་ཁམས་ནས་ཤི་ན་ཁམས་གསུམ་སོ་སོར་སྐྱེ་བ་གསུམ་དང༌། དེ་བཞིན་གཟུགས་ཁམས་དང་གཟུགས་མེད་ཁམས་ནས་ཤི་བའང་དེ་བཞིན་ཡིན་པས་དགུའོ་ཞེས་འཁྲུལ་བ་མཐོང་བས་ན། ར་ལ་ག་བཏགས་རྒུ་བྱའོ། །སའི་མཇུག་ཏུ་ཤེས་ཞེས་པར་བྱས་པ་ནི། སྐབས་འགར། ཤེས་པར་འཁྲུལ་བ་བདག་གིས་གྲུབ་པས་ན། སའི་མཇུག་ཏུ་ཞེས་ཞེས་པར་བྱའོ། །སེམས་པ་ཞེས་པ་ལ་དཔའ་ཞེས་པར་བྱས་ནས་དཔའ་བོའི་དོན་ཅན་དུ་འཆད་པའང་དཔའ་བོའི་སྐད་དོད་མེད་པས་པ་རྐྱང་བར་བྱས་ན་ལེགས་སོ། །

ཐ་མར་དགེ་བ་མཇུག་གི་དོན།

༈ ཚུལ་འདི་གཟུ་བོའི་བློས་དཔྱད་ནས། །མཁས་པའི་གཞུང་གི་རྗེས་འབྲངས་ཏེ། །འཁྲུལ་བ་བསལ་ནས་ལེགས་བཤད་པས། །ཤེས་ལྡན་ལེགས་བཤད་དགའ་སྟོན་མཛོད། །གཙུག་ལག་རྣམས་ཀྱི་ཚིག་དང་དོན། །རང་རང་གཞུང་བཞིན་མི་ཤེས་ཀྱང༌། །འཆད་ཅིང་ཡི་གེར་འགོད་བྱེད་པའི། །མཁས་རློམ་ཆུ་ཤིང་སྙིང་བོ་འདྲ། །དེས་ན་གཞན་ཟེར་གྲགས་པ་དང༌། །གང་ཟག་འགའ་ཡི་རྟོགས་སྤངས་ནས། །དག་ཡངས་གཟུ་བོའི་བློས་དཔྱད་དེ། །ཆོས་དོན་སྙིང་བོ་བླངས་པར་བྱ། །བྱིས་པའི་ཤེས་རབ་ཉམ་ཆུང་ཞིང༌། །གཞུང་རྣམས་དཔྱིས་ཕྱིན་མ་བསླབས་པས། །འདི་ལ་འཁྲུལ་བ་ཅི་མཆིས་པ། །མཁས་པ་རྣམས་ལ་བཟོད་པར་གསོལ། །འདི་ཡི་དགེ་བས་འགྲོ་བ་ཀུན། །འགྲོ་ལ་གནོད་པ་ཀུན་སྤངས་ནས། །བྱང་ཆུབ་སྤྱོད་མཆོག་ཀུན་སྤྱད་དེ། །ཀུན་ཏུ་བཟང་བོ་མྱུར་ཐོབ་ཤོག ། ཚོགས་གསུམ་གསལ་བ་ཞེས་བྱ་བ་འདི་ནི། ལུང་དང་རིགས་པའི་དབང་ཕྱུག་དམ་པ། དཔལ་སྟག་སྡེ་བ་སེང་གེ་རྒྱལ་མཚན་ཞབས་ཀྱི་བཀའ་ལས་ལུང་དང་རིགས་པའི་ཚུལ་གྱི་བློའི་སྣང་བ་ཕྲ་མོ་རྙེད་ཅིང༌། དེ་ཉིད་སྲས་ཀྱི་ཐུ་བོ་ལོ་ཙཱ་བ་རྣམས་ཀྱི་རྒྱལ་མཚན་གྱི་ཏོག་ལྟ་བུ། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་ལེགས་པར་བཤད་པའི་སྲོལ་དང་དེའི་སྲས་དམ་པ་བླ་མ་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས་ལ་སོགས་པའི་བཀའ་དྲིན་ལས་ཐ་སྙད་གཙུག་ལག་རྣམས་ཀྱི་རྣམ་པ་ཅུང་ཟད་ཙམ་མཐོང་བ་དཔལ་ལྡན་བློ་གྲོས་བརྟན་པ་ཞེ་བས། བློ་གྲོས་དང་བརྩོན་འགྲུས་ཀྱི་སྟོབས་ཀྱིས་རྒྱལ་བའི་བསྟན་པ་ལ་ཁུར་འཛིན་ཅིང༌། དམ་པའི་ཆོས་སྟོན་པའི་དགའ་སྟོན་གྱིས་གདུལ་བྱ་རྣམས་ཀྱི་ཡིད་ཚིམ་པར་མཛད་པ། དགེ་བའི་བཤེས་གཉེན་གཞོན་ནུ་སེང་གེ་ཞེས་བྱ་བའི་གསུང་གིས་བསྐུལ་ཏེ། མཁས་པ་དུ་མ་བྱོན་པའི་གནས་ཨེ་ཆོས་འབྱུང་བའི་གཙུག་ལག་ཁང་དུ་སྦྱར་བ་ལེགས་པར་གྲུབ་པའོ། །ལེགས་པར་བཤད་པ་ཕུལ་དུ་བྱུང་བ་འདིས་རྒྱལ་བའི་བསྟན་པ་དང་ལུས་ཅན་མ་ལུས་པ་མཐའ་དག་ལ་ཆེས་ཆེར་ཕན་པར་གྱུར་ཅིག མངྒ་ལཾ། རྟག་བརྟན་ཆོས་སྡེ་ཆེན་པོར་པར་དུ་བརྐོས། འདིའི་མ་ཕྱི་ནི་བྲིས་མ་ཡིན་པས་ཡིག་ནོར་ཡོད་ངེས་ནའང་འོལ་ཚོད་ཀྱིས་བཅའ་བའི་སྤོབས་པ་མ་ཆིས། དེ་ཡང་སོར་བཞག་ཡོད་པ་ལ་ཀློག་མཁན་དག་གིས་དགོངས་དཔྱོད་མཛོད། འདིར་སྒྲིག་པ་བོས་སླར་ཡང་སྨྲས་པ། གངས་ཅན་བོད་ཀྱི་སྒྲ་ཡི་གཞུང༌། ། མིང་ཚིག་ཡི་གེ་ཚོགས་གསུམ་གྱིས། ། གཞན་དང་མཐུན་མིན་ཁྱད་འཕགས་དགོས། །