ཉན་ཤུལ་མཁྱེན་རབ་འོད་གསལ།
དེང་རབས་བོད་ཀྱི་མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་༼༡༩༢༥–༡༩༩༧༽ནི་མི་ཉག་རབ་སྒང་དུ་འཁྲུངས། ཁོང་ནི་བོད་ཀྱི་བརྡ་སྤྲོད་རིག་པ་བ་དང་སློབ་གསོ་བ། བསམ་བློ་བ། ལོ་རྒྱུས་སྨྲ་བ་གྲགས་ཅན་ཡིན་ནོ། ། མཁས་པའི་དབང་པོ་ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་ནི་མདོ་ཁམས་མི་ཉག་རབ་སྒང་གི་ཁོངས་གཏོགས་མགར་ཐར་སོག་ས་རག་ཤུལ༼སོག་རག༽ཞེས་པའི་འབྲོག་སྡེ་ཞིག་ཏུ་རབ་བྱུང་བཅོ་ལྔ་པའི་ཤིང་མོ་གླང་གི་ལོར་སྤྱི་ལོ༡༩༢༥ལོར་སྐུ་འཁྲུངས།དགུང་ལོ་ལྔ་ལ་སོན་སྐབས་ནས་ཡབ་དམ་པ་དང་།མཁས་བཙུན་བཟང་གསུམ་གྱི་བདག་ཉིད་ཆེན་པོ་གཅེན་པོ་རྒྱལ་ཁམས་བླ་མ་དཀོན་མཆོག་རྣམ་རྒྱལ་གཉིས་ཀྱི་སྐུ་མདུན་ནས་བོད་ཡིག་གི་འབྲི་ཀློག་གཉིས་ལ་བྱང་ཆུབ་པ་བསླབས་པ་དང་།འདོན་རྟ་དབྱངས་དང་།བཅའ་རྡུང་འབུད་དཀྲོལ།གར་ཐིག་དབྱངས་རོལ་སོགས་ལ་སྦྱངས་པ་ལེགས་པར་མཛད་དེ་གཞུང་ཆེན་ཁག་ལ་སྦྱོང་གནང་བའི་རྨང་གཞི་བརྟན་པོ་ཚུགས།རྗེས་སུ་རྫོགས་ཆེན་ཤྲཱི་སིང་ཧའི་བཤད་གྲྭར་ཞུགས་ནས་མཁས་མཆོག་དུ་མར་སློབ་དཔོན་བསྟེན་ཅིང་གཞུང་ཆེན་བཅུ་གསུམ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་མཁས་པའི་ཡང་རྩེར་སོན་ཞིང་སྙན་པའི་གྲགས་པ་གངས་ལྗོངས་འཛིན་མའི་རི་ལུང་ཀུན་ཏུ་ཁྱབ་བོ།།
སྤྱི་ལོ༡༩༤༦ལོར་ལྷ་སར་ཕེབས།བོད་ཀྱི་སྐད་ཡིག་ཞིབ་འཇུག་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ཏེ་སྤྱི་ལོ་༡༩༥༩ལོའི་བར་དུ་བཞུགས།སྔ་རྗེས་སུ་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོ་དངལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ དར་མདོ་དགེ་འོས་ཆེད་སྦྱོང་སློབ་གྲྭ་སོགས་ཀྱིས་གདན་ཞུས་ལྟར་བོད་ཀྱི་རིག་གནས་ཁག་སློབ་ཁྲིད་ཡུན་རིང་གནང་།སྔ་རྗེས་སུ་དགེ་རྒན་ཆེན་མོ་གཞོན་པ་གཅིག་ལྕོགས་ཀྱི་མཚན་ཐོབ་དང་།བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པའི་གོ་ས་དང་ཞིབ་འཇུག་པའི་མཚན་སྙན་དང་གཟི་བརྗིད་ཀྱི་གཟེངས་རྟགས་དུ་མ་ཐོབ།དེ་མཚུངས་སུ༼བོད་རྒྱ་ཚིག་མཛོད་ཆེན་མོ༽རྩོམ་སྒྲིག་ལ་བོད་ཡིག་གི་གཙོ་འགན་བཞེས་པ་དང་།༼རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ༽དང་།༼སུམ་ཅུ་པའི་རྣམ་བཤད་ཟུར་གནས་དགྱེས་པའི་གཏམ།༽ ༼བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་མདོ་ཙམ་བཤད་པ༽གསུམ་གྱིས་མཚོན་པའི་པོ་ཏི་ཆེན་པོ་གསུམ་དང་།༼གཞོན་ནུའི་སྲོག་སྐྱོབ་བདུད་རྩིའི་ཐིགས་པ༽དང་།༼མགར་བའི་རིགས་རྒྱུད་ལ་དཔྱད་པ༽།༼གངས་ཅན་ཀུན་བཟོད་སྒེག་མོའི་བཞད་སྒྲ༽སོགས་གསུང་རྩོམ་དུ་མ་མཛད་ཅིང་།སྤྱི་ལོ་༡༩༩༧ལོར་སི་ཁྲོན་མི་རིགས་སློབ་གླིང་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས།
གསུང་རྩོམ་གཙོ་བོ།
[རྩོམ་སྒྲིག]- རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ།
- སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ།
- བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་མདོ་ཙམ་བཤད་པ།
- སློབ་ཁྲིད་སྒྲ་ཕབ་ཡོད་པ་ནི། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་གསེར་གྱི་ཐང་མ་དང་། དེབ་ཐེར་དཀར་པོ། ཀླུ་སྒྲུབ་དགོངས་རྒྱན། སྤྱོད་འཇུག གཟུར་གནས་དགྱེས་པའི་གཏམ་སོགས་སོ། །
ཕྱག་ལས་གནང་མྱོང་བའི་ལས་ཁུངས།
[རྩོམ་སྒྲིག]- བོད་དམག་ཁུལ་ཁང་ལས་བྱེད་སློབ་གྲྭ།
- བོད་རྒྱ་ཚིག་མཛོད་ཆེན་མོ ་རྩོམ་སྒྲིག་ཁང་།
- སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ།
- དར་མདོ་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ།
- བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་།
གལ་ཆེ་བའི་གསུང་བཤད་འགའ།
[རྩོམ་སྒྲིག]- ང་ཚོ་བོད་ལ་ད་སྔར་ཧ་གོ་བའི་མི་གཉིས་དང་ཕྱེད་ཀ་ཡོད་དེ། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་དང་། མཁས་དབང་དགེ་འདུན་ཆོས་འཕེལ། དོན་གྲུབ་རྒྱལ་རྣམས་རེད། དེ་རྣམས་ལས་ངས་དོན་གྲུབ་རྒྱལ་མི་ཕྱེད་ཀར་རྩི་བ་ཡིན། ཞེས་གསུངས་སོ །
- ང་ཚོ་བོད་ལ་འགོས་ནད་ཆེན་པོ་གཉིས་ཡོད་པ་རེད། གཅིག་ནི་གྲུབ་མཐའི་ཕྱོགས་རིས་རེད། གཅིག་ནི་ས་ཁུལ་ཕྱོགས་འཐེན་རེད། ཅེས་གསུངས་སོ། །
- མི་རིགས་གཞན་གྱི་སྐད་ཡིག་སློབ་པའི་དགོས་པ་ནི་ཤེས་རྒྱ་ཆེར་གཏོང་བ་དང་། བོད་ཀྱི་སྐད་ཡིག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ལས་བོད་ཀྱི་སྐད་ཡིག་རྩ་མེད་དུ་གཏོང་བའམ་ཡང་ན་ཉམས་དམས་སུ་གཏོང་བའི་རྐྱེན་དུ་མི་འགྲོ་བ་ནི་རྩ་བའི་རྩ་དོན་ཡིན་པས་ཐུགས་ལ་ངེས་པ་གལ་ཆེ། ཞེས་གསུངས་སོ། །
- ཇི་སྲིད་པར་སྒོ་བརྒྱབ་སྟེ་སྡོད་པ་ནི་ཡོང་ཐབས་མེད་པ་ཞིག་དང་འཇིག་རྟེན་གྱི་མཐོང་རྒྱ་ཆེད་དུ་བཀག་པ་ཞིག་ཡིན། ཞེས་གསུངས་སོ། །
- སྤྱིར་ལོ་རྒྱུས་གང་འདྲ་ཞིག་ཡིན་ཡང་ལུང་རིགས་གཉིས་དང་མི་འགལ་བ་དང་། ཚན་རིག་དང་ཡང་མཐུན་པ་ཞིག་དགོས་ཀྱང་མཐའ་གཅིག་ཏུ་དེ་འདྲ་ཡོང་བའི་ངེས་པའང་མེད། ཅེས་གསུངས་སོ། །
- བོད་ཀྱི་སྤྱི་སྐད་དངོས་ནི་བོད་ཡིག་ཡིན་པས་བོད་སྐད་དང་བོད་ཡིག་གཉིས་ཁ་བྲལ་ཐབས་མེད། ཅེས་གསུངས་སོ། །
ཁོང་གི་ཐུགས་སུ་བྱོན་པའི་ལོ་རྒྱུས་དཔེ་ཆ།
[རྩོམ་སྒྲིག]- ཐང་ཡིག་གསར་རྙིང་།
- དེབ་ཐེར་སྔོན་པོ།
- དེབ་ཐེར་དཀར་པོ།
བོད་ལ་ཉེར་མཁོ་ཆེ་བར་དགོངས་པའི་སློབ་ཚན།
[རྩོམ་སྒྲིག]- བོད་ཡིག་གི་གྲངས་རིག་པ།
- བོད་ཡིག་གི་དངོས་ཁམས་རིག་པ།
- བོད་ཡིག་གི་རྫས་འགྱུར་རིག་པ་སོགས་རང་བྱུང་ཚན་རིག་གི་སྐོར་རྣམས་ཉེར་མཁོ་ཆེ་བར་དགོངས་སོ། །