ཇོ་བོ་རྗེ་ཨ་ཏི་ཤ་

ཡོང་ཁུངས་Wikipedia

བོད་བཙན་པོའི་རྒྱལ་ཁབ་སིལ་བུར་འཐོར་ནས་ལོ་ངོ་དྲུག་ཅུ་བདུན་ཅུ་ལྷག་འགོར་རྗེས། གུ་གེ་རྒྱལ་བོ་བླ་མ་ཡེ་ཤེས་འོད་དང་ཕོ་བྲང་ཞི་བ་འོད།ཡེ་ཤེས་འོད་ཀྱི་ཚ་བོ་བྱང་ཆུབ་འོད་སོགས་ཀྱི་རིང་ལ་རྒྱ་གར་གྱི་དཔལ་ན་ལེན་དྲའི་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་འདྲེན་དགོས་པའི་རྒྱུ་རྐྱེན་ཡང་སྙིང་གང་ཡིན་པར་དཔྱད་ཞིབ་ཅུང་ཙམ་བྱས་ཡོད།

གླེང་གཞི།

བོད་ཀྱི་ཆོས་འབྱུང་མང་བོ་རུ་སྤུ་རྒྱལ་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་བོ་འུ་དམ་བཙན་པོའི་རིང་ལ་སངས་རྒྱས་ཆོས་ལུགས་ཀྱི་འདུལ་བ་བའི་བསྟན་པ་བསྣུབས་པ་དང་དེ་ནས་ལོ་ལྔ་བཅུ་ལྷག་གི་རྗེས་སུ་མདོ་སྨད་ནས་བསྟན་པའི་མེ་རོ་རབ་ཏུ་འབར་ཞེས་འདུལ་བ་སྨད་དར་དང་དབུས་གཙང་ནས་འདུལ་བ་སྟོད་ལུགས་དར་བར་གྲགས།དེ་དག་གི་ཁྲོད་ན་སྟོད་མངའ་རིས་ནས་བཙན་པོའི་རྒྱུད་པ་འོད་སྲུང་གི་བུ་སྐྱིད་ལྡེ་ཉི་མ་མགོན་དང་དེའི་བུ་བཀྲ་ཤིས་མགོན།དེའི་བུ་སྲོང་ངེ་དང་ཁོར་རེ་གཉིས་ཡོད་པ་གསལ།སྲོང་ངེ་ལ་དྲང་སྲོང་ལྡེ་དང་ལྷ་བླ་མ་ཡེ་ཤེས་འོད་སོགས་ཟེར་ལ། ཁོ་གུ་གེ་དང་སྤུ་ཧྲངས་སོགས་ཀྱི་རྒྱལ་བོར་བཞུགས།འཁོར་རེ་ཡི་མིང་གཞན་ལ་འཁོར་ལོ་ལྡེ་དང་ཁོང་ལ་བུ་ལྷ་ལྡེ།དེར་བུ་གསུམ་ཡོད་པའི་ནང་ནས་བྱང་ཆུབ་འོད་ཀྱིས་རྒྱལ་རྒྱུད་བསྐྱངས།ཡོངས་གལགས་སུ་ཡེ་ཤེས་འོད་དང་བྱང་ཆུབ་འོད་དེ་དབོན་ཚ་རུ་གྲགས་པའི་རྒྱལ་བོ་འདི་གཉིས་ཀྱི་རིང་ལ་རྒྱ་གར་དང་བལ་ཡུལ་སོགས་ནས་ལོ་ཙ་བ་དང་པཎ་ཏྲི་ཏ་སོགས་བོད་དུ་གདན་མང་པོར་དྲངས།དེ་དག་གི་ཁྲོད་ན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས་ཕྱི་ནང་གཉིས་ན་སྙན་གྲགས་ཆེ་བའིམཁས་པ་སྟེ་བོད་དུ་གདན་དྲངས་པ་རེད།འོ་ན་ཅིའི་ཕྱིར་ཁོ་གདན་འདྲེན་དགོས་པ་དང་དེའི་རྩ་བའི་རྒྱུ་རྐྱེན་ནི་ཅི་ཞིག་ཡིན་པ་དེ་ང་ཚོས་ངེས་པར་དུ་རྟོགས་དགོས་པའི་གནད་རྩ་ཞིག་ཡིན་པས་ན་དེའི་ཕྱོགས་ཀྱི་གནད་དོན་འདི་ནས་བརྗོད་པར་འདོད་དེ།གཅིགཕྱི་ནང་གི་སྤྱི་ཚོགས་གནས་བབ་དང་རྒྱབ་ལྗོངས།1) རྒྱ་གར་གྱི་སྐབས་དེའི་སྤྱི་ཚོགས་གནས་བབ།དུས་རབས་བརྒྱད་པ་ནས་དབུ་བསླངས་ཏེ་ཨ་རབ་བཙན་རྒྱལ་རིང་ལུགས་པས་གྱི་སི་ལན་ཆོས་ལུགས་ནུབ་ཕྱོགས་ནས་རིམ་བཞིན་ཧིན་རྡུའི་ས་གནས་ནང་ཁུལ་དུ་སྤེལ་བ་དང་ལྷན་ཏུ་དེ་ལ་རྒོལ་ལན་སྤོད་མཁན་པ་དང་དམག་འཁར་རབ་དང་རིམ་པ་ཞིག་བསླང་།དུས་རབས་བཅུ་གཅིག་པར་གྱི་སི་ལན་ཆོས་ལུགས་ཧིན་རྡུ་ས་ཁུལ་ཡོངས་སུ་སྤེལ། སྐབས་དེར་ཧུན་རྡུ་ནང་ཁུལ་ན་དམག་འཁྲུག་སྣ་ཚོགས་ལངས་ནས་སྤྱི་ཚོགས་བདེ་འཇགས་ལ་གཏོར་བརླག་་ཆེན་བཟོས་པདང་མི་དམངས་ཀྱི་འཚོ་བ་ལ་དཀའ་སྡུག་ཁག་པོ་མྱང་བའི་སྐབས་དང་བསྟུན་ནས་དུས་ཡུན་ཐུང་ངུའི་ནང་སངས་རྒྱས་ཆོས་ལུགས་དང་ཧིན་རྡུའི་ཆོས་ལུགས་ལ་གདོང་རྡེག་་ཆེན་ཐེབས་པ།འདི་ནས་བཟུང་གྱི་སི་ལན་ཆོས་ལུགས་པས་ས་ཁྱབ་རྡོ་ཁྱབ་ཏུ་སྤེལ་འདོད་པའི་འཆར་འགོད་ཀྱང་འདི་ནས་སྨིན།སྐབས་དེར་ཧིན་རྡུའི་རྒྱལ་ཁོངས་ནས་གྱི་སི་ལན་བཙན་རྒྱལ་རྒྱལ་ཁབ་དང་པོ་བཙུགས། འདི་ནི་གྱི་སི་ལན་ཆོས་ལུགས་ལ་གཞོག་འདེགས་སྤེལ་བྱེད་ཀྱི་ལག་ཆ་འགེངས་ཆེན་ཞིག་ཏུ་གྱུར།གྱི་སི་ལན་ཆོས་ལུགས་པས་ཆོས་ལུགས་སྤེལ་བ་ཙམ་མ་ཡིན་པར་དཔལ་འབྱོར་ལའང་རེག་ལས་པས་ན། སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་དང་ཧུན་རྡུ་ཆོས་ལུགས་ཀྱི་དགོན་པ་དག་མེར་བསྲེག་པ་དང་གཏོར་ཤུགས་གཏོང་བ།རྐུ་འཕྲོག་བཅོམ་གསུམ་སྤེལ་ནས་ལྷ་སྐུ་རྟེན་ཆོས་ལ་ཆགས་གྲུམ་ཚབས་ཆེན་བཟོས་པ་དང་། དེ་མིན་སངས་རྒྱས་ཆོས་ལུགས་དང་ཧུན་རྡུ་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོས་ཡ་ང་བའི་མནར་གཅོད་དང་དམར་གསོད་བྱས་པས་རྐྱེན་གྱིས་ཧ་ཅང་བཟོད་དཀའ་བའི་ཛ་དྲག་གི་ཁོར་ཡུག་ལས་སངས་རྒྱས་ཆོས་ལུགས་རྩ་བ་ནས་ཉམས་རྒུད་དུ་གྱུར་བ་རེད།

2) བོད་སིལ་བུར་འཐོར་རྗེས་ཀྱི་སྤྱི་ཚོགས་གནས་བབ།བྱ་དངོས་གང་དང་གང་ལའང་འགྱུར་བ་བྱུང་བ་ནི་ཆོས་ཉིད་དུ་ངོས་བཟུང་བྱས་ན་ཆོགསྤུར་རྒྱལ་བཙན་པོའི་མཚན་དང་སྙན་གྲགས། སྟོབས་དང་འབྱོར་བ་ཡོད་ཚད་ཉམས་ནས་བོད་ཆེན་པོའི་སྲིད་ནི་རིམ་བཞིན་འཐོར་ཞིག་ཏུ་སོང་ནས་བདག་མེད་དུ་གྱུར་བའི་གནས་ནས་ཆབ་སྲིད་ཀྱིས་ཆོས་ལུགས་ལ་གཞོགས་འདེགས་བྱེད་པའི་ནུས་པ་རིམ་བཞིན་ཉམས་རྒུད་དུ་གྱུར་བ་རེད།དེའི་སྐབས་རྒྱལ་རྒྱུད་བར་ལ་འགལ་བ་དང་། མང་ཚོགས་བར་ལ་འགལ་བ་བྱུང་ནས་ཕན་ཚུན་སྲིད་དབང་འཕྲོག་རེས་དང་ཕྱོགས་ཁག་མང་དུ་གྱེས་ནས་སྤྱི་ཚོགས་འཕེལ་རྒྱས་ལ་ཚད་བཀག་ཐེབས།དེ་མིན་ཛ་དྲག་གི་ཁོར་ཡུག་ལས་ཧ་ཅང་ལྷིང་འཇགས་དང་ཞི་བདེ་ལ་སྤྲོ་བའི་དམངས་ཀྱིས་ཆོས་ལུགས་ཀྱི་རྒྱབ་རྟེན་འཚོལ་བ།འདི་འདྲའི་ཞི་དྲག་གཉིས་ལྡན་གྱི་སྤྱི་ཚོགས་སུ་ཆོས་ལུགས་གྲུབ་མཐའ་བྱུང་མགོ་ཚུགས།འདིན་ནི་བསྟན་པའི་མེ་རོ་སྨད་ནས་གསོས་ནས་སྟོད་ནས་འབར་ཞེས་པའི་གོ་རིམ་རྡོག་པོ་དེ་རེད།གཉིས།ཆོས་ལུགས་དག་ཐེར་བྱེད་པར་འདོད་པའི་བསམ་བློ།འདི་ནི་ཇོ་བོ་རྗེ་བོད་ལ་གདན་འདྲེན་དགོས་པའི་རྒྱུ་རྐྱེན་གཙོ་གྲས་སུ་ཡིན་པས།༼ཐུའུ་བཀན་གྲུབ་མཐའ་༽རུ་གླང་དར་ནས་ལོ་བདུན་ཅུ་ཙམ་གྱི་རྗེས་ནས་འདུལ་བ་ཡང་བསྐྱར་དར་མོད།རྒྱ་གར་ནས་ཨ་ཙརྱ་དམར་པོ་དང་པཎྟ་ཤམ་ཐམས་སྔོན་པོ་སོགས་ཀྱིས་བུད་མེད་སྤྱོད་པ་ལ་སྦྱོར་བ་དང་དགྲ་ལ་སོགས་པའི་སེམས་ཅད་གསོད་པ་ལ་སྒྲོལ་བ་ཞེས་སྦྱོར་སྦྱོར་དུ་གྲགས་པའི་ཆོས་ལོག་སྤེལ་ཞེས་དང་།ཡང་ཀླུ་སྐར་རྒྱལ་ནས་དེས་རྒྱུད་བརླངས་པའི་ར་རྫི་སྐར་རྒྱལ་གྱིས་སྤེལ་བའི་ཆོས་ལོག་ཅེས་ཆོས་ལོག་མང་བོ་སྤེལ་པར་བཞེད།༼བུ་སྟོན་ཆོས་འབྱུང་༽དུ་སྔགས་པ་རྣམས་ཀྱིས་སྦྱོར་སྒྲོལ་སྤེལ་ཞེས་འབྱུང་བར་གཞིགས་ན་སྦྱོར་སྒྲོལ་སྤེལ་མཁན་ནི་རྒྱ་གར་གྱི་མི་དེ་དག་མིན་པར་སྔགས་པ་རྣམས་ཡིན་པར་བཞེད་ཡོད།ཡང་དེ་ཉིད་ལས་བཙན་པོ་ཁོ་རེས་རྒྱལ་སྲིད་གཅུང་སྲོང་ངེ་ལ་གཏད་ནས་རབ་ཏུ་བྱུང་སྟེ་མཚན་ཡེ་ཤེས་འོད་ཅེས་བྱ།དེས་མཚན་ཉིད་ཀྱི་ཐེག་པ་དཀར་ཤེས་ཀྱང་། སྔགས་པ་རྣམས་ཀྱིས་སྦྱོར་སྒྲོལ་ལ་སོགས་པའི་སྤྱོད་ལོག་གིས་བཀར་ཡིན་མིན་ཐེ་ཚོམ་དུ་གྱུར་ཞེས་སྦྱོར་སྒྲོལ་ལ་སོགས་པའི་ཆོས་ལོག་ཁོང་གི་སྐབས་སུ་ཤུགས་ཆེན་དར་བར་སྙམ།༼འབྲི་གུང་ཆོས་འབྱུང་ ༽དུ་ཆོས་བཞིན་མི་སྐྱོང་བ་འགའ་ཞིག་བྱུང་།ཞེས་ཆོས་ལོག་དར་བར་བཤད་པ་དང་འབྲོམ་གྱིས་མཛད་པའི་༼ཇོ་བོ་རྗེའི་རྣམ་ཐར་ལམ་ཡིག་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ༽ཞེས་པར་དུས་དེང་སང་སངས་རྒྱས་ཀྱི་བསྟན་པའི་ཉམས་དམས།བདུད་རིགས་ཀྱི་སེམས་ཆན་ཁ་རྒྱས་ཞེས་བདུད་རིགས་དེ་དག་གི་གོ་ས་ནི་ཆོས་ལོག་སྤེལ་མཁན་ཡིན་པ་རེད།༼ ཇོ་བོའི་རྗེའི་རྣམ་ཐར་རྒྱས་པ་ཡོངས་གྲགས ༽སུ་ལྷ་བཙུན་པའི་ཞལ་ནས་འོ་སྐོར་བོད་འདིའི་བསྟན་པའི་འཕེལ་འགྲིབ་ཤིན་ཏུ་མང་བར་བྱུང་གདའ།བྲག་རྒྱབ་པའི་རྒན་པོ་ཅིག་གིས་ན་རེ། ངའི་རིང་ལ་ཤམ་ཐབས་འཆང་ལུགས་གསུམ་བྱུང་ཟེར་བ་འདིས་བསྟན་པར་འཇུག་པའི་གྲྭ་བ་སོགས་ཀྱང་དོན་དངོས་ཀྱི་སངས་རྒྱས་བསྟན་པ་ནི་ཇི་འདྲ་ཞིག་ཡིན་པ་མ་ཤེས་པར་གང་འདོད་དུ་སྤེལ་གྱིན་ཡོད་པའི་དོན་དངོས་མཚོན་ཐུབ།ད་དུང་དེ་རུ་གསང་སྔགས་པ་ཐམས་ཅད་ཀྱིས་ཀྱང་གསང་སྔགས་ཀྱི་སྒྲ་ཇི་བཞིན་གྱེར་ནས་ཆོས་ལོག་ལ་དགོད་པ་ཅིག་བྱུང་།ཁྱད་པར་དུ་ཨ་ཙ་ར་དམར་པོས་གསང་སྔགས་ཐིག་ལེའི་སྐོར་བསྒྱུར་ནས་རབ་ཏུ་བྱུང་བ་ཡང་ཕལ་ཆེར་སེར་ཁྱིམ་ལ་བཀོད།ཕྱི་རོལ་བ་ཅིག་ལགས་སམ་ཤམ་ཐམས་སྔོན་པོ་ཅན་བྱ་བས་གསང་སྔགས་ཀྱི་སྦྱོར་སྒྲོལ་སྣ་ཚོགས་སྤེལ་ནས་བསྟན་པ་ཤིན་ཏུ་འགྲིབས་ཞེས་སྦྱོར་སྒྲོལ་ནི་ཤམ་ཐབས་སྔོན་པོ་ཅན་ཞེས་པས་སྤེལ་བར་བཞེད་ཡོད།འདི་དག་ལ་བལྟས་ན་སྐབས་དེར་ཆོས་ལོག་སྤེལ་བ་ནི་དོན་གྱིས་ཤེས་ནུས་པ་ཞིག་ཏུ་ཟད།༼ མདའ་དང་འཕང་ ༽ལས་ཏ་ལྟ་ལས་ཟད་རྒྱལ་བོའི་ཁྲིམས་ཉམས་པས།། རྫོགས་ཆེན་མིང་བཏགས་ཆོས་ལོག་བོད་དུ་དར།།ལྟ་བ་ཕྱིན་ཅི་ལོག་གི་སར་ཐོགས་པ།།ཆོས་པར་མིང་བཏགས་སྔགས་ལོག་བོད་དུ་དར།།དེ་ཡིས་རྒྱལ་ཁམས་ཕུར་སྟེ་འདི་ལྟར་གྱུར།།སྒྲོལ་བ་དར་བས་ར་ལུག་ཉལ་ཐག་བཅད།། སྦྱོར་བ་དར་བས་མི་རིགས་འཆོལ་བ་འདྲེས།། སྨན་སྒྲུབ་དར་བས་ནད་པའི་གསོ་རྐྱེན་ཆད།།བམ་སྒྲུབ་དར་བས་དུར་སའི་མཆོད་པ་སྟོང་།། མཆོད་སྒྲུབ་དར་བས་མི་ལ་གསོན་སྒྲོལ་བྱུང་།། ཞེས་གསལ་བོ་འཁོད་ཡོད་པ་འདི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ཤོག་ཡིན་ལ།འདི་ལས་སྐབས་དེར་ཆོས་ལོག་སྤེལ་མཁན་དང་དེའི་མཇུག་སྡོམ་སོགས་གསལ་བར་ཤེས་ནུས། དེའི་རྐྱེན་གྱིས་ཆོས་ལོག་འདི་དག་དག་ཐེར་དང་སེལ་བའི་ཆེད་དུ་ལྷ་བླ་མ་ཡེ་ཤེས་འོད་སོགས་ཀྱིས་ནུས་པ་རྒྱ་ཆེར་བཏོན་ཡོད་པས།༼ ཇོ་བོ་རྗེའི་རྣམ་ཐར་ལམ་ཡིག་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ ༽ལས་ངའི་སེམས་པར་བོད་འདིར་ཆོས་ཁྲིམས་ཤིག་མ་འཆོས་པར་ང་ཤི་ན་མི་རུང་བར་འདུག་སྙམ་ནས་ང་བློས་ཐོངས་ལ་སངས་རྒྱས་བསྟན་པ་སོམས་ཤིག་ཅེས་རང་ཉིད་ཀྱི་ཚེ་སྲོག་ཀྱང་བསྟན་པའི་དོན་དུ་འབུལ་ཕོད་པ་རེད།དེ་བཞིན་ལྷ་བླ་མ་ཡེ་ཤེས་འོད་དང་ཕོ་བྲང་བ་ཞི་བ་འོད་ལོ་ཆེན་སོགས་ཀྱིས་ཆོས་ལོག་སུན་འབྱིན་གྱི་ཡི་གེ་བྲིས་ཀྱང་ཕན་པ་མ་བྱུང་བས་རྒྱ་གར་ནས་བསྟན་པ་ལ་ཚད་མར་གྱུར་བ་ཞིག་གདན་དྲངས་ནས་དག་ཐེར་མཛད་པ་ལས་གཞན་མེད་པར་དགོངས་ནས་ཞེས་ཆོས་ལོག་དག་ཐེར་བྱེད་པའི་བསམ་བློ་སྐྱེས་ཤིང་།ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བཀའ་ཤོག་ཏུ་ཁྱེད་ཅག་གྲོང་གི་མཁན་པོ་སྔགས་པ་ཀུན།། ངེད་ཅག་ཐེག་ཆེན་ཡིན་ཞེས་མ་ཟེར་བར།།ཕྱིན་ཅི་ལོག་གི་ལྟ་བ་འདི་བ་སྤོང་ལ།། མ་ནོར་དྲི་མེད་སྡེ་སྣོད་གསུམ་ལ་སྤྱོད།།ཅེས་པ་སོགས་ཀྱིས་མཚོན་པའི་ཆོས་ལོག་དག་ཐེར་དང་དེ་མི་སྤེལ་བའི་རེ་ཞུ་བཅངས་ཀྱང་མ་འགྲུབ་པར་རྒྱ་གར་ནས་བསྟན་པའི་ཚད་མའི་སྐྱེས་བུ་ཞིག་གདེན་དྲངས་འགོས་པའི་བསམ་བློ་ངང་རྔམ་ཤུགས་ཀྱིས་སྐྱེས་པས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་དགོས་པར་བྱུང་།

གསུམ། མདོ་སྔགས་གསལ་འབྱེད་བྱེད་པར་འདོད་པའི་བསམ་བློ།ཐུའི་བཀྭན་གྲུབ་མཐའ་རུ་སྔགས་ལ་སྙད་བཏགས་པའི་རྩིང་སྤྱོད་མང་བོ་ཞིག་དར་བར་བྱས་ཞེས་སྔགས་པ་རྣམས་ལ་སུན་འབྱིན་དང་།གྲགས་པ་སྨོན་ལམ་འོད་ཟེར་གྱིས་མཛད་པའི་༼ སྡོན་གྱི་གཏམ་མེ་ཏོག་ཕྲེང་བ༽རུ། དེའི་ཚེ་རྒྱ་གར་དང་བལ་བོའི་ཕྱོགས་ནས་མུ་སྟེགས་པ་དང་ནང་བའི་ཆ་ལུགས་ཅན།ཆོས་ལོག་སྨྲ་བ་མང་དུ་བྱུང་བ་རྣམས་བཀག་ཀྱང་བོད་དུ་ཐེག་ཆེན་སོགས་ལ་ལག་ལེན་ཕུན་ཚོགས་ཅན་མེད་པས་མ་འཁོག་ཅེས་འབྱུང་བས་སྐབས་དེར་བོད་དུ་བསྟན་པའི་ཐེག་ཆེན་སོགས་རྒྱ་ཆེར་དར་མེད་པའི་ཁར་སྔགས་ཀྱི་ཉམས་ཉེན་སོགས་དེ་བས་མི་ཤེས་པའི་རྒྱུ་ཡོད་ཙ་ན།མདོ་སྔགས་གསལ་འབྱེད་བྱེད་རྒྱུ་ཧ་ཅང་གཙོ་བོར་གྱུར། མཁར་རྨེའུ་བསམ་གཏན་གྱིས་༼ བཙན་པོ་ལྷ་སྲས་དར་མ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་རབས་མདོར་བསྡུས༽སུ་ལྷ་བླ་མ་ཡེ་ཤེས་འོད་ཁོང་གིས་སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་ལྟ་བ་དང་སྤྱོད་པ་འདི་བདེན་ན་སྔགས་ཀྱི་ལྟ་སྤྱོད་མི་བདེན།སྔགས་ཀྱི་ལྟ་སྤྱོད་འདི་བདེན་ན་འདུལ་བའི་ལྟ་སྤྱོད་མི་བདེན། པས་དེ་དག་གི་ནུས་པ་ཤུགས་ཆེར་འདོན་མ་ཐུབ།ཕོ་བྲང་ཞི་བ་འོད་ཀྱིས་ཀྱང་བཀའ་ཤོག་ཏུ་བོད་མིས་བརྩམས་པའི་སངས་རྒྱས་ཆོས་ལུགས་ཀྱི་བསྟན་བཅོས་ཀྱི་མཚན་ཐོ་དོན་གཉིས་ཙམ་བཀོད།དེ་དག་ཚད་ལྡན་མིན་ཚུལ་གྱིས་བཀག་འགོག་བྱས་ནས་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་གདན་ས་མང་བོར་བཀའ་ཤོག་སྟེ་འགྲེམས་སྤེལ་བྱས་ཡོད་པ་རེད།འདི་འདྲ་ལ་གཞིགས་ན་བོད་ལ་ཆོས་ཁུངས་སོགས་མང་བོར་རྒྱ་གར་ལ་གཏུགས་པའི་བསམ་བློ་དེའང་འདི་ནས་བྱུང་བར་མངོན།དེས་ལས་བོད་དུ་རྒྱ་གར་གྱི་མཁན་པོ་ཇོ་བོ་རྗེ་གདན་དྲངས་པར་ཡང་སྙམ།བཞི། ལྷའི་ལུང་བསྟན།ལོ་རྒྱུས་རྣམས་སུ་མཁོད་པ་ལྟར་ན་ཕྱི་རོལ་བའི་མུ་སྟེགས་པ་རྟ་དབྱངས་ཞེས་པའི་རླབས་ཆེན་གྱི་མཁས་པ་འདི་ལའང་ལྷའི་ལུང་བསྟན་གྱི་ཚུལ་དུ་མིང་གི་ངོ་གདོང་ཙམ་ཆོས་གཞུང་ལས་བས་ཁོང་ལ་ནམ་ཡང་དཔའ་མི་ཞུམ་པའི་སྤོབས་སེམས་དེའི་སློབ་དཔོན་རྟ་དབྱངས་ཞེས་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར་ས་རུ་གྱུར་འདུག་པ་དང་བོད་པའི་སྤྱི་ཚོགས་ཟང་ཟིང་གི་དུས་སྐབས་སུ་མཁན་པོ་ཁོང་སློབ་དཔོན་པདྨ་འབྱུང་གནས་ཀྱི་ལུང་སྤྲུལ་གྱི་ཚུལ་ནས་གོང་སྤྲུལ་གྱི་མཛད་པ་ལྟར་སྤོབས་སེམས་གྱིས་བོད་དུ་ཕེབས་ནས་ཞབས་ཀྱིས་བཅགས་པ་འདི་ཡང་ཁ་བ་རིན་པོ་ཆེའི་ཡུལ་གྱི་ལས་དབང་དུ་ཟད་པས་བསྟན་པའི་གནད་ཐམས་ཅད་ལ་དག་ཐེར་བྱས་པ་བཀུར་དགོས་སྙམ།ལྔ།དོགས་དཔྱོད་དང་འཕྲོས་བཤད།གོང་དུ་ཅུང་ཟད་སྨྲས་པ་འདི་ནི་ཇོ་བོ་རྗེ་བོད་དུ་གདན་དྲངས་དགོས་པའི་རྒྱུ་རྐྱེན་སྐོར་ཡིན་ལ།དེ་ལས་ཅུང་ཟད་འཕྲོས་ན། སྐབས་དེར་བོད་དུ་འདོ་སྔགས་གཉིས་ལས་གང་གཙོ་མ་ཤེས་པ་དང་དེ་གཉིས་ཇི་ལྟར་ཉམས་ལེན་བྱེད་དགོས་པ་མ་རྟོགས།ད་རུང་ཆོས་ལོག་སོགས་སྤེལ་བའི་དུས་སུ་བན་བོན་གྱི་འབྲེལ་བ་བརྗོད་པ་ཧ་ཅང་ཉུབ་བས།༼ བོན་གྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ༽སོགས་སུའང་དེའི་སྐོར་གྱི་དཔྱད་པ་མ་མཐོང་ལ། མཁར་རྨེའུ་བསམ་གཏན་གྱི་དཔྱད་རྩོམ་༼བོན་གྱི་ལོ་རྒྱུས་དང་གྲུབ་མཐའ་ཆོ་ག་དང་གཏམ་རྒྱུད་སྐོར་རགས་ཙམ་གླེང་བ༽ཞེས་པར་སྤྱི་ལོ་༧༨༡ལོར་ནས་སྤྱི་ལོ་༡༠༡༧ལོའི་བར་དུ་བོན་གྱི་གནས་སྟངས་ཇི་ལྟར་ཡིན་མིན་ང་ཚོས་གསལ་བོ་ཞིག་ཤེས་ཀྱིན་མེད་ཅེས་དང་བོན་གྱི་བསྟན་རྩིས་ལོ་རྒྱུས་ལྟར་ན་སྤྱི་ལོ་༡༠༡༧ལོར་བོན་གཞུང་གཏེར་ནས་བཏོན་ཏེ་དབུ་ཚུགས་པ་ཡིན་སོགས་འགའ་རེ་གཞིར་བཞག་ན་སྐབས་དེའི་བན་བོན་གྱི་འབྲེལ་བ་གསལ་བོར་མེད་ཕྱིར་རྗེས་སུ་དེའི་སྐོར་གྱི་དཔྱད་ཡིག་སོགས་བྱུང་ན་སྐབས་འདིའི་གླེང་བྱ་ལ་དོན་གནད་དུ་ཕན་པས་དཔྱད་ངེས།གཞན་ཡང་། ཆོས་འབྱུང་མང་ཆེས་པར་ལྷ་བླ་མ་ཡེ་ཤེས་འོད་ནི་ཇོ་བོ་བོད་དུ་གདན་འདྲེན་པའི་ཕྱིར་དུ་གསེར་འཚོལ་དུ་གར་ལོག་ཏུ་ཕེབས་ནས་བཙོན་འཇུག་ཏུ་བྱས་པས་འདས་ཞེས་པ་གསལ་མོད།དུས་སྐབས་དེ་དང་སྙམ་པའི་ལོ་ཙྭ་བ་རིན་ཆེན་བཟང་བོའི་དངོས་སློབ་གུ་གེ་ཁྲི་ཐང་བ་དཔལ་ཡེ་ཤེས་ཀྱིས་བྲིས་པའི་༼ལོ་ཙ་བ་ཆེན་པོའི་རྣམ་ཐར་ཤེལ་དཀར་ཕྲེང་བ ༽ཞེས་པར་ལྷ་བླ་མ་ཡེ་ཤེས་འོད་ཐོ་ལིང་དུ་སྐུ་བསྙུང་ནས་འདས་ཞེས་དང་།ཡང་འགའ་རེར་གར་ལོ་དང་གུ་གེ་བར་དུ་དམག་འཁྲུག་བྱུང་ནས་ཁོང་གི་དམག་ཕམ་ཏེ་བཟུང་སོགས་མི་མཐུན་པའི་གནས་མང་བས་དོན་གྱིས་གསེར་གྱི་ཆེད་དུ་སོང་བ་རེད་ཅེ་ན་ཁག་པོ་འདུག་ལ།སྐབས་དེར་བོད་ཀྱི་གུ་གེ་རྒྱལ་བོ་ལ་གསེར་མེད་པ་ཡིན་ནམ་ཞེས་ང་ཚོས་ངེས་པར་ཏུ་དཔྱོད་དགོས་པའི་གནས་སུ་འདུག

མཇུག་བསྡུ་བ།བསྟན་པ་དག་ཐེར་གྱི་དོན་དུ་ཇོ་བོ་རྗེ་བོད་དུ་གདན་དྲངས་ལ།མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པར་བསྟན་ནས་བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས་པ་དང་བསྟན་པ་རྒྱ་ཆེར་སྤེལ་ནས་སྟོན་པའི་བཀའ་ལུང་འགྲུབ་པས།དམངས་སེམས་གྱོང་བོ་དང་ཆོས་ལོག་པ་ཁག་གི་ཚུལ་གཤིས་བཏུལ་ནས་སྟོན་པའི་རྗེས་འཇུག་གསོས་དང་།མདོ་སྔགས་ཀྱི་གནད་ཐམས་ཅད་བསྡུས་ནས་ཉམས་སུ་ལེན་པའི་རིམ་པར་དྲིལ་བ་གཞུང་༼བྱང་ཆུབ་ལབ་སྒྲོན༽སོགས་བརྩམས་ཏེ་བསྟན་པའི་སྐྱབས་འགྲོ་དང་ལས་ངེས་འབྲས་གསུམ་སོགས་གསུང་བའི་སྐྱེས་བུ་ཁོང་ནི་བོད་ལ་བཀའ་དྲིན་རབ་ཏུ་ཆེ་བས།དེའི་སྐོར་གྱི་དཔྱད་ཞིབ་བྱས་པ་དཀོན་པས་མུ་མཐུད་དུ་དཔྱོད་པར་རེ།ཟུར་ལྟའི་དཔེ་ཆ་དང་ལུང་ཁོངས།༡འབྲོམ་གྱིས་མཛད་པའི་༼ ཇོ་བོ་རྗེའི་རྣམ་ཐར་ལམ་ཡིག་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ༽༢ ༼ ཇོ་བོའི་རྗེའི་རྣམ་ཐར་རྒྱས་པ་ཡོངས་གྲགས༽༣ ཐུའུ་བཀྭན་ཆོས་ཀྱི་ཉི་མའི༼ ཐུའུ་བཀྭན་གྲུབ་མཐའ༽༤ བུ་སྟོན་གྱི་༼ བུ་སྟོན་ཆོས་འབྱུང་༽༥སྨོན་ལམ་བློ་གྲོས་ཀྱི་༼ སྡོན་གྱི་གཏམ་མེ་ཏོག་ཕྲེང་བ༽༦ འབྲི་གུང་གི་༼ འབྲི་གུང་ཆོས་འབྱུང༽༧ སྐྱང་ཚང་དྲི་མེད་འོད་ཟེར་གྱི་༼ བོན་ལུགས་གྲུབ་མཐའི་རྣམ་བཞག་ཉུང་བསྡུས་གློག་གི་སྒྲོན་མེ༽༨སྐྱེས་སེར་ཀླུ་སྒྲུབ་ཀྱི༼ ནྰལནྡ་ཞིབ་འཇུག༽༩ མཁར་རྨེའུ་བསམ་གཏན་གྱི་༼ མདའ་དང་འཕང ༽༡༠དུང་དཀར་ཚང་གི་༼ གྲུབ་མཐའི་རྣམ་བཤད ༽༡༡ ཤར་ཡུལ་ཕུན་ཚོགས་ཚེ་རིང་གི་༼ ཆོས་འབྱུང་མཁས་པའི་དགོངས་རྒྱན༽༡༢དོན་གྲུབ་ལྷ་རྒྱལ་གྱིས་བསྒྱུར་བའི་༼ ཕྱི་གླིང་བས་བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་བསྒྱུར༽