ཇོ་བོ་རྗེ་

ཡོང་ཁུངས་Wikipedia

ཇོ་བོ་རྗེའི་རྣམ་ཐར། ཇོ་བོ་རྗེའི་རྣམ་ཐར་ལམ་ཡིག་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་ལས། དེ་ལྟར་བླ་མ་ཐམས་ཅད་མཁྱེན་པ་དེས། ། མེ་ཕོ་རྟ་ཡི་ལོ་ལ་སྐུ་འཁྲུངས་ནས། །ལོ་བདུན་བར་དུ་རྒྱལ་པོའི་ཁབ་ཏུ་བཞུགས། །བཅུ་དགུའི་བར་དུ་ཨ་བ་དྷཱུ་ཏཱི་བསྐྱངས། །བཞི་བཅུའི་བར་དུ་བླ་མ་དཔག་མེད་བསྟེན། །དྲུག་ཅུའི་བར་དུ་རྒྱ་གར་ཆོས་ཀྱིས་བསྐྱངས། །ཆུ་ཕོ་རྟ་ལ་ཁ་བ་ཅན་དུ་བྱོན། ། ཟླ་བ་དགུ་རུ་མངའ་རིས་སྟོད་དུ་བཞུགས། །རྒྱལ་པོའི་ཐུགས་དགོངས་ཐམས་ཅད་རྫོགས་པར་མཛད། །ལོ་གཅིག་ཟླ་བ་གསུམ་དུ་གཙང་རྣམས་འགྲིམས། །ཀུན་ཏུ་སངས་རྒྱས་བསྟན་པ་དར་བར་མཛད། །ཐང་ཆེན་གནས་སུ་ཟླ་བ་བརྒྱད་ཙམ་བཞུགས། །དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པར་མཛད། ། ཞག་རེ་ཞག་གཉིས་བབལ་མལ་བརྩིས་པའི་སར། །ཟླ་བ་བཞི་ཙམ་གཞན་དོན་དཔག་མེད་མཛད། །དེ་ལྟར་ལོ་གསུམ་སོང་ནས་སྙེ་ཐང་དུ་། །བཞུགས་ཐེངས་གསུམ་ལ་ཟླ་བ་དྲུག་ཙམ་འདས། ། ཡེར་བའི་གནས་སུ་ཟླ་བ་གཉིས་བཞུགས་ཏེ། ། ལྷ་ས་རྒྱ་གསར་སྒང་དང་སྟོད་ལུང་སོགས། །ཕྱོགས་ཕྱོགས་བབ་མལ་རྣམས་སུ་ཟླ་གཅིག་འདས། །དེ་ལྟར་ང་ལ་བརྟེན་ནས་ལོ་དགུ་དང་། །ཁུ་ལ་བརྟེན་ནས་ཟླ་བ་བརྒྱད་དང་ནི། །བབ་མལ་རྣམས་སུ་ཟླ་བ་བཞི་ཙམ་དང་། །གཙང་གི་ཕྱོགས་སུ་ལོ་གཉིས་ཉེ་བར་གནས། །དྲིལ་བས་དགུང་ལོ་བདུན་ཅུ་དོན་གཉིས་པའི། །རྟ་ལོ་དབྱུག་གུའི་ཚེས་གཅིག་ནས་བརྩམས་ཏེ། །བཅོ་བརྒྱད་བར་དུ་སྙུང་ཚུལ་བསྟན་པ་ལ། །འབྲོམ་སྟོན་ཁོ་ན་དྲུང་ན་མཆིས་པ་ཡིན། །རྗེ་དེ་ཕ་ཡིན་ཁོ་བོ་བུ་གཅིག་ཡིན། །ཞལ་ཆེམས་ལུང་བསྟན་གདམས་ངག་ཐུགས་ཕབ་ནས། །ཐུབ་པས་དགའ་ལྡན་གནས་མཆོག་ཉམས་དགའ་བར། །བྱམས་པ་མགོན་ལ་རྒྱལ་ཚབ་དབང་བསྐུར་ལྟར། །སྟོན་དུས་ལོ་ཐོག་རྒྱས་པར་གྱུར་པ་ན། །བདག་ལ་རྒྱལ་ཚབ་དམ་པར་དབང་བསྐུར་ནས། །དབྱུག་གུའི་གྲལ་ཚེས་བཅོ་བརྒྱད་གྱུར་པ་ན། །འཇིག་རྟེན་མགོན་པོ་དགའ་ལྡན་གནས་སུ་གཤེགས། ། ཞེས་གསུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་རྒྱ་གར་ཤར་ཕྱོཊ་བྷང་ག་ལ་ཞེས་པའི་གྲོང་ཁྱེར་གྱི་ཟ་ཧོར་རྒྱལ་པོའི་ཁབ་ཏུ་ཡབ་རྒྱལ་པོ་དགེ་བའི་དཔལ་དང་། ཡུམ་དཔལ་མོ་འོད་ཟེར་ཞེས་པ་གཉིས་ཀྱི་སྲས་སུ་ཆུ་ཕོ་རྟ་ཡི་ལོ་སྟེ། ཕྱི་ལོ་982འཁྲུངས། ཆུང་དུས་སུ་ཕྱི་རོལ་མུ་སྟེགས་པ་དང་སྒྲ་ཚད་སོགས་སྦྱངས་པ་མཛད་པ་དང༌། ཕྱིས་སུ་དཔལ་ན་ལེནྡྲའི་བླ་མ་བྱང་ཆུབ་བཟང་པོ་སོགས་བསྟེན་ཅིང་མཐར་རི་ནག་པོའི་རྣལ་འབྱོར་བ་སྒྲ་གཅན་གསང་བའི་རྡོ་རྗེ་ལས་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ཞུས། རིམ་པ་གཉིས་ལ་བརྟན་པ་ཐོབ། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་གསོལ། དགུང་ལོ་བཅོ་ལྔའི་དུས་སུ་ཕྱི་རོལ་པའི་མཎྜི་ཏ་གཅིག་དང་རྩོད་པས་དེ་ལས་རྒྱལ། དགུང་ལོ་ཉེར་དགུའི་ཐོག་རྒྱ་གར་རྡོ་རྗེ་གདན་གྱི་མ་ཏི་རྦྷིཧ་རར་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཀའ་བརྒྱུད་པ་དང་། ཕལ་ཆེན་སྡེ་པའི་གནས་བརྟན་ཆེན་པོ་སྦྱོར་བའི་ལམ་གྱི་ཕྱོགས་གཅིག་ཏུ་གནས་པ་ཤཱི་ལ་རཀྵི་ཏ་ཞེས་བྱ་བ་ལས་དགུང་ལོ་ཉེར་དགུའི་ལོར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོཊ། མཚན་ལའང་དཱི་པཾ་ཀཱ་ར་ཤྲི་ཛྙཱ་ན་ཞེས་བོད་སྐད་དུ་དཔལ་མར་མེ་མཛད་ཡེ་ཤེས་ཞེས་གསོལ། དེ་ནས་མཚན་ཉིད་ཀྱི་ཐེག་པ་མཐའ་དག་དང་སྡེ་པ་བཞི་ཀའི་སྡེ་སྣོད་ཕལ་ཆེར་གསན་སྦྱངས་མཛད་པ་དང་བླ་མ་ངྷརྨ་རཀྵ་ཏ་ལ་ཨོ་ཏནྣཔུ་རིར་བྱེ་བྲག་ཏུ་བཤད་པ་ཆེན་པོ་བམ་པོ་བརྒྱད་བརྒྱ་ཡོད་པའི་བསྟན་བཅོས་ལ་ལོ་བཅུ་གཉིས་གསན། བླ་མ་གསེར་གླིང་པའི་དྲུང་དུ་བཅར་ཕྱིར་ལོ་གཅིག་ཟླ་བ་གཅིག་རྒྱ་མཚོའི་ནང་གྲུ་གཟིངས་སུ་ཕེབས་པའི་དུས་བགེགས་བར་ཆད་མང་པོ་འཕྲད་ཀྱང་ཁྱད་དུ་བསད་དེ་བླ་མ་གསེར་གླིང་པའི་དྲུང་དུ་བྱོན་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཙོ་བོར་བྱས་པ་གདམས་པ་མཐའ་ཡས་པ་ལོ་བཅུ་གཉིས་རིང་ང་གསན་སྦྱངས་གནང་། བླ་མ་གསེར་གླིང་པས་ཀྱང་རང་གི་ཐུགས་དམ་གྱི་རྟེན་ཐུབ་དབང་གི་གསེར་སྐུ་དེ་ཇོ་བོའི་ཕྱག་ཏུ་ཕུལ་ནས་བསྟན་པའི་བདག་པོར་བྱིན་གྱིས་རླབས། ལྷོ་ཕྱོགས་པའི་མུ་སྟེགས་པའི་པཎྜི་ཏ་གདུགས་བཅུ་གསུམ་ཕུབ་པ་དང་གདུགས་བརྒྱད་པ་ཕུབ་པ་གདུགས་ལྔ་པ་ཕུབ་པ་རྣམས་དང་བསྟན་པ་རྒྱན་དུ་བཞག་ནས་རིམ་པར་རྩོད་པའི་བྱ་བ་རྩོམ་པས་ན་ཇོ་བོ་རྒྱལ་ཏེ་མུ་སྟེགས་པ་དེ་ཐམས་ཅད་ནང་པར་བཅུག མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པའི་ཟབ་མོའི་གདམས་པ་རྣམས་རིག་པའི་ཁུ་བྱུག་ཆེ་བ་དང༌། བླ་མ་བྱང་ཆུབ་བཟང་པོ་དང༌། ཨ་ཝ་དྷཱུ་ཏི་བ་རྣམས་ལ་གསན། བྱམས་པ་ཐོགས་མེད་ནས་བརྒྱུད་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་བླ་མ་གསེར་གླིང་བ་དང་ཤནྟི་པ་ལས་གསན་ནས་གཞུང་གདམས་ངག་མ་ལུས་པ་ཐུགས་སུ་ཆུད། གསེར་གླིང་བའི་དྲུང་དུ་ལོ་བཅུ་གཉིས་སུ་བཞུགས། ཁོང་ལ་སྤྱིར་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་གདམས་པ་གསན་པའི་བླ་མ་བདུན་བཅུ་རྩ་གཉིས་ཡོད། རྒྱལ་པོ་མ་ཧ་པཱ་ལའི་རིང༌། ཇོ་བོ་ཆེན་པོ་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་དུ་སྤྱན་དྲངས། གནམ་གནོན་དང་ངང་ཚུལ་སོགས་ཀྱི་གཙུག་ལག་ཁང་བཅོ་བརྒྱད་ཀྱི་བཅོ་བརྒྱད་ཀྱི་བདག་པོ་མཛད། པཎ་ཆེན་ན་རོ་བ་ཆེན་པོ་བི་མ་ཀྲ་ཤི་ལའི་གཙུག་ལག་ཁང་དུ་བྱོན། ཇོ་བོ་རྗེ་ཨ་ཏི་ཤ་བསྟན་པའི་བདག་པོར་མངའ་གསོལ་ལོ།། ཇོ་བོ་རྗེ་བོད་དུ་ཇི་ལྟར་ཕེབས་ཚུལ་ནི། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རིང་ལ་སྟོད་མངས་རིས་ཆོས་ལོག་དར་བ་སོགས་ཀྱི་དབང་གིས་སངས་རྒྱས་བསྟན་པ་ཡང་དག་ཅིག་སྤེལ་མ་ཐུབ་པ་ལ།ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་པཎྜི་ཏ་གདན་དྲངས་ཏེ་བསྟན་པ་དག་ཐེར་བྱེད་པར་དགོངས་ཀྱང་ཁོང་གི་དགོངས་པ་མ་འགྲུབ་པར་སྐུ་ཚེ་རྫོགས་པ་དང༌། དབོན་པོ་བྱང་ཆུབ་འོད་ཀྱིས་རང་ཉིད་ཀྱི་ཁུ་བོའི་དགོངས་པ་འགྲུབ་པའི་ཆེད་དུ་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དཔོན་གཡོག་ལྔ་རྒྱ་གར་དུ་ཇོ་བོ་རྗེ་ཨ་ཏི་ཤ་སྤྱན་འདྲེན་པར་མངགས་པ་ལ། ཕྱི་ལོ་1038ལོར་བོད་དུ་ཆིབས་ཁ་བསྒྱུར། བལ་ཡུལ་དུ་ལོ་གཅིག་རིང་བཞུགས་ནས་གཙུག་ལག་ཁང་བཞེངས། རྒྱ་བརྩོན་འགྲུས་སེང་གེ་བལ་ཡུལ་དུ་གཤེགས། མང་ཡུལ་གུང་ཐང་དུ་བྱོན་ཅིང་བཟོ་གནས་ཆེན་པོར་ཆགས་ཕེབས་ཏེ་ལོ་ཙཱ་བས་ཡོན་བདག་མཛད་ནས་དེར་ལོ་གཅིག་བཞུགས། 1040ལོར་མངའ་རིས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་ཕྱག་ཕེབས། ལྷ་བླ་མ་ཁུ་དབོན་གྱི་དུས་སུ་པཎྜི་ཏ་མང་དུ་བྱོན་ཀྱང། རྗེ་བཙུན་འདི་ཉིད་མཁྱེན་པ་དང་ཐུགས་རྗེ་ཕུལ་དུ་བྱུང་བ་ཉིད་ཀྱིས་པཎྜི་ཏ་གཞན་ལས་ཁྱད་པར་འཕགས་ཤིང༌། བསྟན་པ་རིན་པོ་ཆེ་ཆེས་ཆེར་གསལ་བར་ནུས་ཉིད་དུ་མཐོང་ནས། ཇོ་བོ་ལ་ལྷ་བླ་མས། ཨ་ཏི་ཤ་ཞེས་མཚན་གསོལ་ཏེ། དོན་ནི་ཕུལ་དུ་བྱུང་བ་ཞེས་བྱ་བའོ། ། མངའ་རིས་སུ་ལོ་གསུམ་བཞུགས་པའི་རིང་ལ༌། བླ་མེད་བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག་གཙོར་གནང་ནས་གདུལ་བྱ་རྣམས་རྗེས་སུ་བཟུང་བས་བླ་མ་སྐྱབས་འགྲོ་བ་ཞེས་གྲགས།ལྷ་བླ་མ་བྱང་ཆུབ་འོད་ཀྱིས་སྐབས་དེའི་བོད་ཀྱི་བསྟན་པ་ལ་འདྲ་མི་འདྲའི་བལ་ཅོལ་མང་པོ་བྱུང་བ་ལ་དག་ཐེར་མཛད་རྒྱུར་དམིགས་ནས། ཐེག་པ་ཐུན་མོང་བའི་དྲི་བ་གཉིས་དང༌། ཕ་རོལ་ཏུ་ཕྱིན་པའི་དྲི་བ་གཉིས། སྔགས་ཀྱི་དྲི་བ་གསུམ་སྟེ་དྲི་བ་བདུན་མཛད་ནས། ཐེག་པ་ཆེན་པོ་མ་ལུས་པའི་དོན་ཚིག་ཉུང་ལ་དོན་འདུས་པ་བླ་མ་ཉིད་ཀྱིས་ཇི་ལྟར་སྐུ་ཉམས་སུ་བཞེས་པའི་བསྟན་བཅོས་ཤིག་མཛད་པར་ཞུས་ཞེས་བསྐུལ་བ་ལ། ཇོ་བོས་ཀྱང་བསྟན་པ་སྤྱི་ལ་ཕན་པའི་ཆེད་དུ་མཐོ་ལྡིང་དུ་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་དོ།། ལྷ་བླ་མ་བྱང་ཆུབ་འོད་ཀྱི་དྲི་བ་བདུན་པོ་འདི་དང་འདི་ཡིན་ཞེས་གསལ་པོར་བསྟན་རྒྱུ་མེད་ཀྱང༌། པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་སོགས་ལ་ཁོངས་བཅོལ་ནས་འདི་ལྟར་དཔྱད་ཡོད་དེ། སྟོད་དུ་ཇོ་བོ་ཕེབས་སྐབས། ཁུ་རྔོག་སོགས་དྲུག་གིས་ཐབས་ཤེས་ཡ་བྲལ་གྱིས་སངས་རྒྱའམ་མི་རྒྱ། བྱང་སྡོམ་གྱི་རྟེན་དུ་སོ་ཐར་དགོས་སམ་མི་དགོས། རྡོ་རྗེ་སློབ་དཔོན་གྱི་དབང་མ་ཐོབ་པར་རྒྱུད་འཆད་དུ་རུང་ངམ་མི་རུང༌། དབང་གོང་མ་གཉིས་ཚངས་པར་སྤྱོད་པས་བླང་དུ་རུང་ངམ་མི་རུང༌། དབང་མ་ཐོབ་པར་གསང་སྔགས་ཉམས་སུ་བླང་དུ་རུང་ངམ་མི་རུང་བྱ་བ་ལྔ་ཞུས་པས། ཇོ་བོའི་ཞལ་ནས། ཁྱེད་རྣམས་ཐུགས་ཚོད་མི་གདའ། དེ་རྣམས་ལས་མང་བ། ལྷ་བཙུན་པས་ཞུས་ནས་ལམ་སྒྲོན་ན་བདོག་གསུང༌། དེ་ལྟར་ན་ཕར་ཕྱིན་གྱི་དྲི་བ་གཉིས། སྔགས་ཀྱི་དྲི་བ་གསུམ་པོ་འདི་དང་འགྲིག་ལ། ཐེག་པ་ཐུན་མོང་གི་དྲི་བ་གཉིས་ཅི་ཡིན་རྩད་གཅོད་དགོས། ནག་ཚོས་མཛད་ཟེར་བའི་ལམ་སྒྲོན་གྱི་འགྲེལ་པ་བཤད་པའི་རྒྱན་བྱ་བ་ཞིག་ན། དྲི་བ་བདུན་འདི་ལྟར་ཐེག་ཆེན་གྱི་ལམ་རྟེན་གྱི་གང་ཟག་ཇི་ལྟ་བུ། སོ་སྐྱེའི་རྟེན་ལ་བྱང་ཆུབ་ཀྱི་སེམས་སྐྱེ་མི་སྐྱེ། སོར་ཐར་གྱི་སྡོམ་པ་བྱང་སྡོམ་གྱི་རྟེན་དུ་དགོས་མི་དགོས། སོ་ཐར་གྱི་སྡོམ་ལྡན་གྱིས་བྱང་སྡོམ་བླངས་ན་གནས་འགྱུར་རམ་གཉིས་ཀ་དང་ལྡན། ཚོགས་གཉིས་གསོག་པ་ལ་ཐབས་ཤེས་ཟུང་འབྲེལ་དུ་དགོས་སུ་མི་དགོས། དབུ་སེམས་གཉིས་ཡང་དག་པའི་དོན་གང་གཟུང༌། ཐེག་ཆེན་གསང་སྔགས་ཀྱི་སྒོར་ཞུགས་ན་ཇི་ལྟར་བྱ་ཞེས་པའི་ལན་གཞུང་དང་རིམ་གྱིས་སྦྱར། ཞེས་གསུངས་འདུག ཇོ་བོ་རྗེ་ཨ་ཏི་ཤ་མངའ་རིས་ནས་ལོ་གསུམ་འགོར་རྗེས། འབྲོམ་སྟོན་པས་དབུས་སུ་སྤྱན་དྲངས། ཁུ་སྟོན་གྱི་ཞུ་བ་ལྟར་ཡར་ལུང་དུ་ཟླ་བ་གཅིག་རིང་བཞུགས། དེ་རྗེས་བསམ་ཡས་སུ་བྱོན་ནས་དཔེ་དཀར་གླིང་དུ་བཞུགས། དེ་རྗེས་སྙེ་ཐང་དུ་ཕེབས་ནས་འབྲོམ་སྟོན་པ་ལ་སྐྱེས་བུ་གསུམ་གྱི་ཁྲིད་ཀྱི་གདམས་པ་གནང༌། དེ་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་ལྷ་སར་སྤྱན་དྲངས། ལྷ་སའི་གཙུག་ལག་ཁང་གི་ཀ་བ་ཤིང་ལོ་ཅན་གྱི་གསེབ་ནས་སྲོང་བཙན་སྒམ་པོའི་བཀའ་ཆེམས་ཀ་འཁོལ་མ་གཏེར་ནས་བཞེས་པར་གྲགས། ཇོ་བོ་རྗེས་འབྲོམ་སྟོན་ལ་ཁྱོད་ཀྱིས་གནས་གཞི་ཆུང་ཆུང་ཞིག་བརྩིགས་དང༌། ངའི་བསྟན་པ་རྣམས་ཁྱོད་ལ་གཏོད་པ་ཡིན་གསུངས་པར་སྤྱིར་བདག་འཁོས་ཆུང༌། བྱེ་བྲག་ཏུ་རྟེན་དགེ་བསྙེན་དུ་སོང་བས་བྱ་བ་ཆེན་པོ་སྒྲུབ་མི་ནུས་ཞུས་པར། ཇོ་བོས། བསླབ་པ་བཞིན་གྱི་བྱ་བ་རྣམས་ཇི་ལྟ་བ་བཞིན་དུ་བགྱིས། ངས་བྱིན་གྱིས་རློབས་པས་སེམས་ཁྲལ་མི་དགོས་གསུངས་པ་ལྟར་ཕྱིས་འབྲོམ་སྟོན་པས་རབ་བྱུང་དང་པོའི་མེ་སྤྲེལ་ལོ་སྟེ་སྤྱི་ལོ་1056ལོར་རྭ་སྒྲེང་བཏབ་པ་ནས་བཟུང་ཇོ་བོ་རྗེའི་བཤེད་སྲོལ་དར་སྤེལ་བྱུང་བའི་ཆོས་ལུགས་ལ་བཀའ་བདམས་པ་ཞེས་སུ་གྲགས་པ་བཅས་མཐར་ཇོ་བོ་རྗེ་སྙེ་ཐང་དུ་རབ་བྱུང་དང་པོའི་ཤིང་རྟ་ལོ་སྟེ་སྤྱི་ལོ་1054ལོར་སྐུ་གཤེགས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང༌། བོད་དུ་ཕེབས་ནས་ཟབ་པ་དང་རྒྱ་ཆེ་བ་བའི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་ཞིག་གཞུང་བྱང་ཆུབ་ལམ་སྒྲོན་མཛད་པ་ལ་སོགས་པའི་སྒོ་ནས་རྒྱལ་བའི་བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས། སྲོལ་ཅུང་ཟད་ཡོད་པ་རྣམས་གསལ་པར་མཛད། མ་རྟོགས་པ་དང་ལོག་པར་རྟོག་པ་དང༌། ཐེ་ཚོམ་གྱི་དྲི་མས་སྦགས་པ་རྣམས་བསལ་ཏེ། བསྟན་པ་རིན་པོ་ཆེ་གཞི་ནས་ཉིན་མོར་མཛད་པས། ཀུན་ཀྱང་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་མ་ནོར་བ་ལ་དངོས་དང་བརྒྱུད་པས་འཁྲིད་པར་མཛད་པ་ཡིན་ཏེ། བསྟོད་པ་ལས། ཇོ་བོ་བོད་དུ་མ་བྱོན་ན། ཐམས་ཅད་ལོང་བ་བཞིན་དུ་གྱུར། མཁྱེན་པ་རྒྱས་པ་ཁྱོད་བྱོན་པས། །བོད་དུ་ཡེ་ཤེས་ཉི་མ་ཤར། ཞེས་གསུངས་ཡོད་དོ། །