ཇོ་ནང་ཏཱ་ར་ནཱ་ཐའི་འཁྲུངས་ཡུལ་གང་དུ་ཡོད་དམ་

ཡོང་ཁུངས་Wikipedia

ཇོ་ནང་ཏཱ་ར་ནཱ་ཐ་ཞེས་མང་པོས་ཐོས་མོད་གང་དུ་འཁྲུངས་པ་ཤེས་མཁན་དཀོན་པས་ཁོང་གི་འཁྲུངས་ས་གང་དུ་ཡོད་མིན་བརྗོད་པར་བྱའོ།། དེ་ཡང་ལྷ་གཞིས་གཞུང་ལམ་དང་ལྷ་གཞིས་ལྕགས་ལམ་བརྒྱུད་དེ་གཞིས་རྩེར་ཕེབས་ན་ཆུ་ཤུར་ཟད་མཚམས་སུ་སྲིད་པའི་གངས་རི་གཉིས་ཕྲ་ལྷམ་མེར་མཇལ་རྒྱུ་ཡོད། འདི་ནི་བསྟན་མ་བཅུ་གཉིས་ཀྱི་ནང་ཚན་ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་ཡུམ་གྱི་གནས་ཁ་རག་ཞེས་པ་འདིའོ། ཁ་རག་ཞེས་པ་དེང་ས་ཁོངས་གང་དུ་ཡོད་དམ་སྙམ་ན། ཁ་རག་ནི་སྔོན་དུས་དབུས་གཙང་གཉིས་ཀྱི་འབྲེལ་མཚམས་ལས་ཡ་ཐོག་གཙང་གི་ཁོངས་སུ་གཏོགས་པས་ན། གཙང་གི་ཇོ་མོ་ཁ་རག་ཞེས་འབོད་ཀྱིན་ཡོད། དེང་ལྷོ་ཁ་གྲོང་ཁྱེར་གྱི་ཁོངསུ་གཏོགས། ཡུལ་འདི་ནང་པའི་གནས་རྩ་ཆེན་ཞིག་ཡིན། དེར་སྒྲུབ་པ་ལ་གཞོལ་བའི་མཁས་གྲུབ་གྲགས་ཅན་ཁ་རག་སྒོམ་ཆུང་དང་འགྲོ་མགོན་གཙང་པ་རྒྱ་རས། ལོ་རས་དབང་ཕྱུག་བརྩོན་འགྲུས། ཁ་རག་གྲྭ་པ་འདུལ་བ་འོད། ཇོ་གདན་གཉགས་ཕུ་བ་བསོད་ནམས་བཟང་པོ་སོགས་མང་པོ་བྱུང་མྱོང་ལ་མར་པ་ལོ་ཙཱ་བ་དང་དུས་མཉམ་བྱོན་པའི་གཉོས་༼སྨྱོས་༽ལོ་ཙཱ་བ་ཡང་ཁ་རག་ནས་འཁྲུངས། ཕྱིསུ་ཇོ་ནང་ཏཱ་ར་ནཱ་ཐ་ཞེས་གྲགས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་ཁོང་ཡང་ཁ་རག་གངས་རིའི་ཤར་ལྷོའི་ལུང་ལག་འབྲང་ཕུ་ཞེས་འབོད་པའི་ལུང་པ། ༼དེང་ལྷོ་ཁ་སྣ་དཀར་རྩེ་རྫོང་ཁ་རག་ཡུལ་ཤོག་འབྲང་ཕུ་ཕུ་གྲོང་ཚོ་གཉིས་པར་ཡོད།༽དེའི་ནུབ་རིའི་འདབས་སུ་ཆོས་འཁོར་ལྡིངས་སུ་གྲགས་པའི་དགོན་གནས་དེར་བོད་རབ་བྱུང་བཅུ་པའི་ཤིང་ཕག་སྤྱི་ལོ་༡༥༧༥ལོར་ཡབ་རྭ་ལོའི་གདུང་རྒྱུད་རྣམ་རྒྱལ་ཕུན་ཚོགས་དང་ཡུམ་རྡོ་རྗེ་བུ་དགའ་གཉིས་ཀྱི་སྲས་སུ་ལོ་འདིའི་ཧོར་ཟླ་དང་པོའི་ཚེས་བཅུའི་སྔ་ཞོགས་ཉི་མ་རྩེ་ཤར་ལ། ཡུམ་སྙེལ་བ་ཆེར་མེད་པའི་ངང་ནས་འཁྲུངས། ཐོག་མའི་མཚན་ལ་མེས་པོ་སྔགས་འཆང་ཚུལ་ཁྲིམས་རྒྱ་མཚོས་པད་མ་སྲི་གཅོད་རྡོ་རྗེ་ཞེས་གསོལ། ད་བར་ལོ་ངོ་༤༤༦སོང་། དེའི་བཀོད་པ་གང་འདྲ་ཡོད་དམ་སྙམ་ན། རྗེ་བཙུན་གྱི་རང་རྣམ་ལས། འབྲང་ཞེས་བྱ་བའི་ཡུལ་གྲོང་ཁྱེར་གྱི་བཀོད་པ་ཡིད་དུ་འོང་བས་བརྒྱན་པ། བཟའ་ཤིང་གི་རྭ་བའི་སྐྱེད་ཚལ་དུ་མས་རྣམ་པར་ཁྱབ་པ། རི་བོ་སྨན་ལྗོངས་ཉམས་དགའ་བ་དུ་མ་དང༌། ཚལ་སྣ་ཚོགས་པས་མཛེས་པ། སྔོན་གཉོས་ཇོ་སྲས་རྡོ་རྗེ་བླ་མ་ལ་སོགས་པས་ཡུན་རིང་དུ་བསྟེན་པའི་གནས་གཞི་ཞིག་ཏུ་ཕྱིས་ཆོས་རྗེ་ཀུན་དགའ་སེང་གེས་ཆོས་འཁོར་སྡིངས་ཞེས་པའི་དགོན་གནས་ཆུང་ངུ་ཞིག་འདེབས་པར་མཛད་པ་འདི་ལགས་ཏེ། ཞེས་གསུང་པ་ལྟར་ཡིན་ཞིང་། རྗེ་བཙུན་གྱི་འཁྲུངས་གཞིས་ཆོས་འཁོར་ལྡིངས་ཀྱི་དགོན་ཤུལ་ནི་ད་ལྟ་ཡང་མཇལ་རྒྱུ་ཡོད་ལ་ཁྱད་པར་དུ་རྗེ་བཙུན་རིན་པོ་ཆེ་སྐུ་དངོས་འཁྲུངས་ས་ཁང་བརྩེགས་འོག་མ་དེ་ཡང་བཞུགས་ཡོད། འཁྲུངས་ཁང་ཞིག་བཟོ་བྱེད་མཁན་བྱུང་མེད་ཀྱང་ཉེ་དུས་བོད་ཀྱི་སྨན་པ་གྲགས་ཅན་གོ་འཇོ་བ་རྒན་དབང་འདུས་ལགས་ནས་རྗེ་བཙུན་འཁྲུངས་དུས་སྐབས་སྐྱེས་པའི་སེ་འབྲུའི་ཤིང་འདི་རྩ་ཆེན་ཡིན་གསུང་ནས་དེར་ར་སྐོར་ཞིག་བསྐོར་འདུག ཕྱིསུ་ཁོ་བོས་བོད་སྨན་སློབ་གྲྭའི་རྟེན་མཛོད་ཁང་དུ་ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ་སོགས་ཕུལ་སྐབས་རྒན་དབང་འདུས་ལགས་མཇལ་བ་མ་ཟད་ཇོ་ནང་ཏཱ་ར་ནཱ་ཐའི་འཕྲིན་ལས་ཀྱི་ཆ་ཤས་རྟག་བརྟན་རྒྱུད་བཞི་ཤིང་དཔར་དུ་རྒན་ལགས་ནས་བརྐོས་པ་ཤེས་བྱུང་ངོ་། ཁོ་བོ་༼༢༠༡༤-༡༧༽བར་ཐེངས་བཞི་ལྔ་ཙམ་རྗེ་བཙུན་གྱི་འཁྲུངས་གནས་དེ་མཇལ་བར་ཕྱིན་པ་ཡིན། སྔ་བར་ཀུན་ཏུ་རྒན་ཟླ་བ་ལགས་ཀྱི་སྣེ་ལེན་ལམ་རོགས་གནང་། དེའི་ལོ་ནས་ཆོས་འཁོར་སྡིངས་ཀྱི་གྱང་ཤུལ་ལ་བཙག་དམར་གསོལ་བ་ཡིན། ཐེངས་གཉིས་པར་ཆེད་མངགས་ཨ་མ་ལགས་དང་ཨ་ཞང་སོགས་ནང་མི་སྤུན་མཆེད་ཁ་ཤས་མཇལ་བར་འཁྲིད་པ་ཡིན། ཐེངས་གསུམ་པར་ཨ་ལགས་དོར་ཞི་རིན་པོ་ཆེའི་སྲས་འགྲེས་པ་དང་མཚོ་སྣ་བ་ས་བླ་ཚེ་དབང་རིག་འཛིན་ལགས། ཀན་སུའུ་ནས་ཡིན་པའི་ས་དཔྱད་མཁས་པའི་རྒྱ་རིགས་ཞིག་བཅས་ལྷན་དུ་ཡོད། དེ་དུས་རྗེ་བཙུན་འཁྲུངས་ཁང་གི་རྟེན་ལ་གསེར་ཟངས་ལས་གྲུབ་པའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་འདྲ་དང་རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་འདྲ་གཉིས་ཆེ་ཆུང་མི་ཚད་ལྷག་ཙམ་འབུལ་ལམ་ཞུས་ཡོད། ཕྱིས་སུ་གཟུངས་གཞུག་རབ་གནས་གནང་མཁན་ཇོ་ནང་ཕུག་མོ་ཆོས་རྫོང་གི་རྡོ་སློབ་ཀུན་དགའ་བསྟན་འཛིན་ལགས་ནས་གནང་། དེ་དུས་ཡུལ་མི་ཚོར་སྟོད་ཐུང་གསར་པ་སྣ་ཚོགས་དང་དཔེ་ཆ་དཔེ་ཁྲི་སོགས་ཕུལ་བ་ཡིན། ཐེངས་བཞི་པར་ཨ་མདོ་རྣམ་རྒྱལ་ལགས་དང་མཉམ་དུ་ཕྱིན། དེ་དུས་ཀུན་མཁྱེན་ཇོ་ནང་པའི་རྡོ་སྐུ་ཆེ་ཆུང་མི་ཚད་ཙམ་གཉིས་ཕུལ་བ་མ་ཟད་རྣམ་རྒྱལ་ནས་དགོན་པའི་མཐའ་ལ་རྨུ་ཐག་མང་པོ་བསྒྲོན་སོང་། དེ་དུས་ཡུལ་མི་ཡང་མང་པོ་སླེབས་བྱུང་ལ་དེ་དག་ལ་རྗེ་བཙུན་ཏཱ་ར་ནཱ་ཐའི་ཐང་ག་ཆུང་ངུ་རེ་དང་རང་རྣམ་མ་བཅོས་ལྷུག་པ་རེ་ཕུལ་བ་མ་ཟད་རྗེ་བཙུན་གྱི་བླ་མཆོད་ཀྱི་སྒོ་ནས་ཚོགས་ཀྱང་ཕུལ་བ་ཡིན། རྗེས་སུ་ཇོ་ནང་རྗེ་བཙུན་གྱི་རང་རྣམ་དཔེ་ལེགས་ཚར་དྲུག་སྟོང་དཔར་བའི་ནང་རྗེ་བཙུན་གྱི་འཁྲུངས་གཞིས་དང་ཇོ་བོ་རིན་པོ་ཆེ། རྗེ་བཙུན་གྱི་འདྲ་སྐུའི་སྐུ་པར་སོགས་བཀོད་ཡོད། རྩ་ཆེའི་གནའ་ཤུལ་དང་ལྷག་དོན་བོད་ཀྱི་མཁས་པ་གྲགས་ཅན་ཁོང་གི་འཁྲུངས་གཞིས་འདི་འབྲེལ་ཡོད་རིག་དངོས་ཚན་པ་དག་གིས་ཅུང་ཟད་ཐུགས་ཁུར་གནང་ན་སྙམ། གཞན་ལྷོ་ཁའི་ཁུལ་དུ་ཡོད་པའི་གྲགས་ཅན་གནས་ཤུལ་དག་ལ་ཁུལ་དང་རྫོང་རིག་གནས་ཅུད་ནས་ཁུལ་དང་རྫོང་རིམ་པའི་རྡོ་བརྐོས་རེ་གནང་བ་མ་ཟད་བདག་གཅེས་ཀྱང་ཡག་པོ་གནང་འདུག དགའ་འོས་པ་ཞིག་ལ་ཡུལ་ཡར་འབྲོག་སྟག་ལུང་ནས་འཁྲུངས་པའི་རྩོམ་པ་པོ་གྲགས་ཅན་བསམ་ཤོད་པ་དཀོན་མཆོག་ཡོན་ཏན་ལགས་ཀྱིས་ཡར་འབྲོག་གི་ལམ་ཡིག་ཏུ་རྗེ་བཙུན་གྱི་འཁྲུངས་གཞིས་གནས་འདིར་ཡིན་པའི་སྐོར་དང་རྗེ་བཙུན་གྱི་རྣམ་ཐར་བཀོད་མོད་དེང་གསུང་འབུམ་པོ་ཏི་བཞི་བཅུ་ལྷག་བཞུགས་ཀྱང་པོད་བཞི་ལས་མེད་ཅེས་གསུང་འདུག ཁོ་བོའི་སྔོན་ལ་ཇོ་ནང་པའི་ཆོས་བརྒྱུད་འཛིན་པ་གཅིག་ཀྱང་ཕེབས་ཡོད་ཚོད་མིན་འདུག་ཀྱང་རྗེས་ནས་རིམ་པར་འཛམ་ཐང་མཁན་ཆེན་མུན་སེལ་སྐུ་འཁོར་དང་བཅས་པ་བྱོན་པ་མ་ཟད་འཁྲུངས་གཞིས་ལ་རབ་གནས་དང་མཆོད་འབུལ་མཛད། དེའི་རྗེས་བསེ་དགོན་པའི་ཆོས་ཚ་སྟོབས་ལྡན་རྡོ་རྗེ་ལགས་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་སྦྱོང་གནང་སྐབས་རྗེ་བཙུན་ཏཱ་ར་ནཱ་ཐའི་རྣམ་ཐར་ཞིབ་འཇུག་ཆེད་གནས་འདིར་ཕེབས་དུས་ཇོ་ནང་དགོན་པའི་མཁན་པོ་ཡོན་ཏན་རྒྱ་མཚོ་ལགས་ཀྱང་ལྷན་དུ་ཕེབས་འདུག རྗེས་སུ་མགོ་ལོག་ལུང་སྐྱ་དགོན་པའི་སྤྲུལ་སྐུ་འཇིགས་མེད་ཐུབ་བསྟན་ལགས་ཀྱང་ཕེབས་འདུག ཁོང་གཉིས་ནས་དེར་ཕེབས་པའི་སྐོར་བྲིས་གནང་འདུག དེའི་བར་ལ་བསེ་དགོན་ཁྲི་ཟུར་གཅོད་པ་དཀོན་མཆོག་ཚེ་དབང་ལགས་སྐུ་འཁོར་དང་བཅས་ཕེབས་པ་སོགསོ། རྗེ་བཙུན་ཏཱ་ར་ནཱ་ཐ་དགོངས་པ་རྫོགས་རྗེས་དབུས་གཙང་གི་ཇོ་ནང་པའི་དགོན་སྡེ་དགེ་བསྒྱུར་གནང་བའི་རྗེས་སུ་གནས་འདིར་ཐུགས་སུ་འཆང་མཁན་ཇོ་ནང་པའི་སྡེ་ལ་བྱུང་མིན་འདུག་ཀྱང་ལས་སྨོན་བཟང་པོའི་མཐུ་ལས་ཀ་ཐོག་རིན་འཛིན་ཆེན་པོ་ཚེ་དབང་ནོར་བུས་༼༡༦༩༧-༡༧༥༥༽རང་སློབ་དོན་བརྒྱུད་བསྟན་པའི་སྐྱབས་རྗེ་རྒྱལ་དབང་འབྲུག་པ་དཀར་བརྒྱུད་འཕྲིན་ལས་ཤིང་རྟའི་སྡེ་གནས་འདིར་ཆེད་དུ་མཇལ་བར་ལྷན་དུ་ཕེབས་པ་ཁོང་གི་རང་རྣམ་དུ་གསལ། འཁྲུངས་ཁང་གི་བདག་པོ་ཡང་སྨོན་སྐྱིད་ཚང་ཞེས་པའི་མི་ཚང་ཞིག་ཡིན་པར་བཤད་ལ་སྨོན་སྐྱིད་ཚང་ནི་རྗེ་བཙུན་ཏཱ་ར་ན་ཐཱའི་མ་ཡུམ་གྱི་ཁྱིམ་རྒྱུད་དངོས་ཡིན་པར་གསུངས། ད་ལྟ་ཁྱིམ་གཞིས་འཛིན་མཁན་སྤོ་བོ་ལགས་ཞིག་ཡོད་དེ་ལ་བདགིས་པར་བརྒྱབ་པ་མ་ཟད་པར་འདི་ཀྲུང་གོའི་བོད་ལྗོངས་དུས་དེབ་ཐོག་བཀོད་ཡོད། འབྲང་ཕུ་གྲོང་ཚོའི་ནང་དུ་རྗེ་བཙུན་གྱི་བརྒྱུད་པ་ཡང་མང་། རྟག་བརྟན་དགོན་ནམ་ཕུན་ཚོགས་གླིང་གི་འགྲམ་དུ་སྨོན་སྐྱིད་ཚང་ཟེར་བ་ཡོད་འདུག་ལ་ཁོ་བོ་མྱང་གཞུང་པ་སྣམ་དུ་སྐྱེས། ཁྱིམ་མིང་ལ་ཡང་སྤོས་ཁང་སྨོན་སྐྱིད་དགོན་པ་ཞེས་འབོད་པས་ཡ་མཚན་ཞིག་ཀྱང་སྐྱེས་བྱུང་། འབྲང་ཕུ་གྲོང་ཚོ་འདི་ནི་ཐོག་མར་ཉིན་ངོས་ཀྱི་ཆོས་འཁོར་ལྡིངས་ཀྱི་དགོན་པ་དང་འདབས་འབྲེལ་གྱི་ཆགས་ཡོད། རྗེས་ནས་དགོན་པའི་མདུན་ཐང་དུ་གནས་པ་དེའོ། རྗེ་བཙུན་གྱི་སྐུ་འདྲ་གདན་འདྲེན་ཞུ་དུས་ཡ་མཚན་མང་པོ་བྱུང་བ་བཙུན་མ་རིག་འཛིན་ཆོས་ཉིད་ལགས་ནས་གསུངས། སྔ་ཕྱི་ཀུན་ཏུ་འབྲང་ཕུ་གྲོང་ཚོ་གཉིས་པའི་སྤྱི་གོང་ཁྱིམ་ཚང་ནས་སྣེ་ལེན་དང་རྒྱབ་སྐྱོར་དཔེ་མེད་གནང་བས་ཐུགས་རྗེ་ཆེ་ཞུའོ།། ཞིབ་ཆ་ལོགསུ་བཀོད་ཡོད།

འདི་བྲིས་དེ་ཡང་དེ་བྱས་ཡུས་མིན་ཏེ།། 

འདི་ལྟར་དེ་བྱས་མ་བྲིས་བརྗེད་དོགས་ནས།། འདི་ཕྱིན་གནམ་ལོ་གསར་ཚེས་བདུན་གྱི་རྗེས།། འདི་སྐད་མྱང་གཞུང་སྤོས་ཁང་སྒྲོལ་བཟང་གིས།། འདི་ལོའི་དཔྱིད་འབྲིང་ཚེས་གཉིས་ཉིན་ལའོ།།