ཇ་རྟའི་གནའ་ལམ་

ཡོང་ཁུངས་Wikipedia

ཇ་རྟའི་གནའ་ལམ་ནི་ཟ་འོག་དར་ལམ་ལས་ལོ་ཉིས་བརྒྱ་ལྷག་གིས་སྔོན་སྟེ། ཧན་ནུབ་མའི་དུས་ནས་གྲུབ་འགོ་ཚུགས་པ་རེད། ཀྲུང་གོའི་ལྷོ་ནུབ་ཁུལ་དང་ཟི་ཁྲོན་དེ་བཞིན་ཡུན་ནན་བརྒྱུད་ལ། མཐར་བོད་ཁུལ་དུ་སླེབས་ཤིང་དེ་ནས་བལ་པོ་དང་རྒྱ་གར་སོགས་བརྒྱུད་ཡོད། གནའ་ལམ་དེ་ནི་ཚོང་ལམ་རྐྱང་པ་ཞིག་མིན་པར་རྒྱལ་ནང་དང་བོད་ཁུལ་བར་ཆོས་ལུགས་དང་རིག་གནས་སོགས་བརྗེ་རེས་བྱེད་པའི་ལམ་གལ་ཆེན་ཞིག་ཡིན།

ཇ་རྟའི་གནའ་ལམ་ནི་མི་ཚུལ་བསམ་བློ་ལས་འགོངས་པའི་ལམ་བུ་ཞིག་ཡིན། སྤྱི་བསྡོམས་བྱས་པ་ལྟར་ན། ཟི་ཁྲོན་ནས་ལྷ་སའི་དབར། ལམ་ཐག་རིང་ཚད་ལ་ཁྱོན་སྤྱི་ལེ་བཞི་སྟོང་བདུན་བརྒྱ་ལྷག་ཡོད་ཅིང་། ས་ཚུགས་དྲུག་ཅུ་ཉེ་ལ། གྲུ་ལ་ཐེངས་ང་གཅིག ཐག་ཟམ་ཐེངས་བཅོ་ལྔ། ལྕགས་ཟམ་བཅུ། རི་བོ་བདུན་ཅུ་དོན་བརྒྱད་སྒྲོལ་དགོས་པས། འགྲུལ་བཞུད་ཡོངས་ཟླ་གསུམ་བཞི་ཙམ་མ་ཕྱིན་ན་སླེབས་མི་ཐུབ།

དྲེལ་པ་དག་ལམ་ལ་ཞུགས་ཐེངས་རེ་ནི་འཆི་གསོན་ཉམས་སུ་མྱོང་བའི་འགྲུལ་བཞུད་ཐེངས་རེ་ཡིན་སྟེ། གནམ་ལམ་ཧྲིལ་པོར་དཀའ་ཚེགས་དང་ཉེན་ཁའི་ཕྱུག་ཀྱང་། ལམ་བར་གྱི་ཡིད་དུ་སྡུག་པའི་རང་འབྱུང་ཁམས་ཀྱི་མཛེས་པ་དག་གིས་མི་རྣམས་ལ་ཡིད་ཆེས་དང་བློ་སྤོབས་སྟེར་ཞིང་། རྣམ་ཤེས་ལ་ཕྱི་དོར་ཐེངས་གཅིག་ཐུབ་ལ་དེ་དག་ལས་མི་ཚེའི་དོན་སྙིང་མཚོན་ཐུབ།

ལམ་བར་དུ།[རྩོམ་སྒྲིག]

ནང་ཆོས་ཀྱི་རྗེས་འཛིན་པ་རྣམ་དག་ཚོས་ལམ་གྱི་རྡོ་གཡམ་སྟེང་ལྷ་སྐུ་དང་མ་ཎི་སོགས་མང་དུ་བརྐོས་ཤིང་། ཡུན་རིང་བའི་གནའ་ལམ་གྱི་འགྲུལ་བཞུད་ལ་ནང་སེམས་ཀྱི་བདེ་བ་དང་མཚར་སྡུག་སྦྱིན་ ཞིང་། རྒྱང་རིང་བའི་གནམ་སའི་སྦྲེལ་མཚམས་ལ་ངོ་མཚར་འཇའ་ཚོན་ཞིག་དཀྲིས་ཡོད། ཐང་རྒྱལ་རབས་ནས་མགོ་ཚུགས་པ་ནས་བཟུང། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དྲུག་ཅུའི་ནང་ཡུན་བོད་གཞུང་ལམ་དང་ཁྲོན་བོད་ གཞུང་ལམ་བཟོས་པའི་ལོ་ངོ་སྟོང་གི་མཚར་སྡུག་གི་ལོ་རྒྱུས་ཁྲོད། ཇ་རྟའི་གནའ་ལམ་ནི་བར་འཁྱམས་ཆེན་པོ་ཞིག་བཞིན་ལམ་བར་གྱི་མི་རིགས་ཡོད་དམ་གྱིས་སྦྲེལ་དུ་བཅུག་ཡོད། ད་ལྟ། ལོ་ངོ་སྟོང་ཕྲག་ཡར་སྔོན་དུ་མེས་པོ་དམ་པ་ཚོའི་ཚེ་སྲོག་གིས་བསྐྲུན་པའི་ཇ་རྟའི་གནའ་ལམ་དུ། གྲལ་འགྲིལ་ཞིང་འགྲོས་མཉམ་པའི་རྟ་དྲེལ་གྱི་གྲིབ་གཟུགས་ཡུན་གྱིས་ཡལ་ཞིང་། རྣར་སྙན་ཞིང་ཡིད་ལ་མཛའ་བའི་རྟའི་སྐེ་དྲིལ་གྱི་སིལ་སྒྲ་མེད་ལ། ཐག་རིང་གི་ཡུལ་ནས་ལྡང་ཡོང་བའི་ཇ་དྲི་དེ་ཡང་མེད། འོན་ཀྱང་ཇ་རྟའི་གནའ་ལམ་སྟེང་ཕབ་ཡོད་པའི་ནམ་ཡང་བསུབ་ཐབས་མེད་པའི་མེས་པོ་ཚོའི་ཞབས་རྗེས་དང་རྟ་དྲེལ་སྟོང་གི་རྨིག་རྗེས། ད་དུང་ལོ་དང་བགྲང་བྱའི་ཁྲོད་དུ་ཐིམས་པའི་དྲན་པ་དག་ནི་བསྐལ་བའི་བར་ང་ཚོའི་སེམས་ཁོངས་ནས་ཡལ་དུ་མེད།

ཆེས་མཐའ་མཇུག་གི་དྲེལ་པ།[རྩོམ་སྒྲིག]

ལོ་ངོ་བརྒྱ་ཕྲག་མང་པོར། དྲེལ་པ་དག་ཉེན་ཁ་ཆེ་བའི་ལམ་བུ་འདིའི་སྟེང་དུ་ཕར་འགྲོ་ཚུར་འོང་བྱས་ཤིང་། ཇ་ལོ་དག་ཚོང་པ་གཅིག་ནས་གཞན་ཞིག་དང་། ཚིགས་གཅིག་ནས་གཞན་གཅིག་བརྒྱུད་དེ་འཇིག་རྟེན་གྱི་གྲུ་ག་གཞན་ཞིག་ཏུ་སྐྱེལ་བཞིན་ཡོད། འདི་ནི་འགྲོ་སའི་ལམ་ཁོ་ན་ཙམ་མིན་པར་རིག་གནས་ཤིག་དང་། དེའི་མཚོན་བྱེད་དུ་བརྩི་ཆོག བརྒྱུད་དཀའ་བའི་གཉན་འཕྲང་དང་རི་ཆུ་གྲོག་རོང་མང་པོ་བརྒལ་ཏེ། དྲེལ་དག་གི་སྐེ་ཡི་གཡེར་དྲིལ་སིང་སིང་གི་སྒྲ་ཡིས་ཡུལ་ཁམས་དང་མི་རིགས་མི་འདྲ་བ་སྣ་ཚོགས་གཅིག་ཏུ་སྦྲེལ་བ་རེད།

དབུས་ལམ་རིང་མོ།[རྩོམ་སྒྲིག]

ཁམས་སྡེ་དགེ་ཡི་དབུས་མཇལ་མཁན་ཁ་ཅིག་གིས། ཟླ་བ་དྲུག་སྟེ་ལོ་ཕྱེད་རིང་སྤྱི་ལེ2100བརྒལ་ཏེ་གོམ་མཚམས་རེ་རེ་ནས་བརྐྱངས་ཕྱག་འཚལ་ཞོར་རྒྱང་རིང་གི་དབུས་གཙང་བསྙེགས། ལྷ་ས་བསྙེགས། གཞོན་ནུ་ཤ་དར་ཁྲག་དར་ཞིག་གིས་ཀྱང་མི་ཐེག་པའི་དཀའ་སྡུག་མྱངས་དགོས་ན། དགུང་ལོ66ལ་སོན་པའི་བགྲེས་པོ་ཞིག་གིས་ཟས་གོས་སྡོད་གུར་སོགས་བླུགས་པའི་ཤིང་རྟ་དྲུད་དེ་ལྷ་སར་མཇལ་བ་ལ་ངལ་བ་ག་ཙམ་མྱངས་མི་དགོས་སམ། ཡིན་ཡང་འདི་དག་ཡོད་ཚད་མནོག་ཆུང་བའི་རང་དོན་ཁོ་ན་ཙམ་གྱི་ཆེད་མ་ཡིན་པར་མཐའ་མེད་པའི་སེམས་ཅན་ཡང་ཡིད་ལ་བཅངས་ཡོད་པ་རེད།

ཇ་རྟའི་ཚོང་འགྲུལ།[རྩོམ་སྒྲིག]

སི་ཁྲོན་དང་ཡུན་ནན་ནི་ཇ་ཡི་ཕ་ཡུལ་ལྟ་བུ་ཡིན་ཞིང་། བོད་ཡུལ་གྱི་ཁོར་ཡུག་ཁྱད་པར་བའི་དབང་གིས་ཇ་ལས་འཚོ་བཅུད་མི་ལེན་ཐབས་མེད་པ་དང་། དྲེལ་པ་ཚོ་རྒྱལ་ཐང་ནས་ལམ་ལ་ཆས་ཏེ་གདང་ལ་རི་རྟིང་གི་འབྲོག་པ་ཚོར་ཇ་ལོ་སྐྱེལ་བར་བྱེད། སྔོན་ཆད་ཡིན་ན་འབྲོག་པ་ཚོས་བོད་རྟ་དང་ཇ་བརྗེ་བའི་སྲོལ་ཡོད།

ཚྭ་ཁ་ལྷོ།[རྩོམ་སྒྲིག]

དྲེལ་པ་ཚོང་ལ་འགྲོ་དུས་ཟླ་ཤས་འགོར་བས། ང་ཚོས་ཁམས་པའི་ཤུག་གཅིག་ཁྱོ་མང་ལམ་ལུགས་ཀྱི་དགེ་མཚན་ཏེ་སྤུན་རེས་མོས་ཀྱིས་ཆུང་མ་སྲུང་བ་མཐོང་ཐུབ། ཚྭ་ཁ་ལྷོ་རུ་སྐྱེས་པས་བུད་མེད་མནའ་མར་ལུགས་སྲོལ་ལས་ལྡོག་སྟེ། སྐྱེས་པ་ཚོས་མགོ་ལ་གོས་དམར་བཀབ་སྟེ་རྫོངས་པ་དང་བཅས་ཆུང་མ་ཚང་ལ་ཡོང་དགོས་ཤིང་། གཉེན་སྒྲིག་སྐབས་ཀྱང་ཆུང་མ་ཚང་ནི་དགའ་དགའ་སྐྱིད་སྐྱིད་བྱེད་དུས་ཕོ་སྐྱེས་ཚང་གིས་ངུ་སྐད་མཚམས་མི་འཆད་པ་ཡིན། ཚྭ་ཁ་ལྷོར་མི་རབས་ནས་མི་རབས་བརྒྱུད་པའི་ལུགས་སྲོལ་ཞིག་ཡོད་པ་ནི། ཚྭ་བཟོ་བའི་ལས་ཀ་མ་ལུས་པ་བུད་མེད་གཅིག་པུས་འགན་འཁུར་ཅིང་། སྐྱེས་པ་ནང་དུ་ཞུགས་མི་ཆོག་པས། ཐོན་སྐྱེད་ལམ་ལུགས་འདི་ལས་མ་རྒྱུད་སྤྱི་ཚོགས་ཀྱི་ཤུལ་ཡང་མཐོང་ཐུབ་བོ། །

ཧི་མ་ལ་ཡའི་ཚྭ་ཚོང་།[རྩོམ་སྒྲིག]

ལོ་ཁྲི་སྟོང་མང་པོའི་ཡར་སྔོན་དུ་བོད་ཡུལ་འདི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པར་གྲགས་ཤིང་། རྗེས་སུ་ཆུ་བོ་བྲི་ནས་ས་འོག་གི་ཆུ་དང་ཚྭ་མཚོ་རུ་གྱུར་བས་གྲག་ཡེར་ཚྭ་ཁ་ལྟ་བུའི་རང་བྱུང་གི་ཚྭ་ཡོད་པར་གྱུར། སྟབས་སྟེས་ཁེལ་བ་འདིས་བྱང་ཐང་གི་བོད་མི་ཚོས་གནམ་གྱིས་གནང་བའི་སྐྱེས་སུ་ སེམས་ཤིང་། ཁོ་ཚོས་ཚྭ་བླངས་ཏེ་བལ་པོའི་མི་དང་འབྲུ་རིགས་ལ་བརྗེ་ཞིང་། བལ་པོའི་མི་ཡིས་ཀྱང་གངས་རི་མཚོ་མོ་བརྒལ་ནས་ཧི་མ་ལ་ཡའི་རི་རྟིང་གི་གྲོང་མི་ ཚོའི་འབྲུ་རིགས་དང་རྗེ་བར་བྱེད། ཇ་དང་ཚྭ་ཡི་ཆེད་དུ་འདིར་འཚོ་བའི་མི་རྣམས་ལོ་རེ་རེ་བཞིན་འགག་དོག་མོ་དང་རི་གཟར་མོ་བརྒྱུད་ཅིང་། ཇ་དང་ཚྭ་ཡང་ཁོ་ཚོ་ཚེ་སྲོག་གི་རྟེན་དུ་གྱུར།

གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ།[རྩོམ་སྒྲིག]

གུ་གེ་ནི་མངའ་རིས་ཁུལ་གྱི་ལྷོ་ནུབ་ཕྱོགས་སུ་ཡོད་ཅིང༌། ནུབ་དང༌། ལྷོ། བྱང་ངོས་བཅས་རྒྱ་གར་དང་ཀསྨི་ར་དང་ས་འབྲེལ་ཡིན་པ་དང༌། ཤར་དང་ལྷོ་ངོས་བོད་རང་སྐྱོང་ལྗོངས་ཀྱི་སྒར་རྫོང་དང༌། སྤུ་ཧྲེངས་རྫོང་དང་འབྲེལ་ཡོད། གླང་ཆེན་ཁ་འབབ་ཆུ་བོའི་དཀྱིལ་རྒྱུད་དུ་གནས། དེ་སྔོན་བོད་དང་ནུབ་ཕྱོགས་ཀྱི་འབྲེལ་ཟམ་དུ་གྱུར་བའི་ཡུལ་གྲུ་འདིར། ལྷགས་རླུང་གིས་འཛད་པའི་ཕུག་པ་རེ་རེ་ན་གསེར་གྱིས་བྲིས་པའི་ལྡེབས་རིས་ལ་པར་ཟིག་དང་ཐ་ན་ཡོ་རོབ་ཀྱི་ཁྱད་ཆོས་ཀྱང་ཡོད་པས། སྐབས་ཤིག་རྒྱལ་རབས་འདི་ཅི་ཙམ་དར་བ་རྗེས་སུ་དཔོག་པར་ནུས།

གཞན་ཡང་[རྩོམ་སྒྲིག]

“ཇ་རྟའི་ཚོང་ལམ”ཞེས་པ་ནི་བཙན་པོའི་དུས་ནས་ལོ་རབས་དྲུག་ཅུའི་བར་ལ་དར་པའི་ཚོང་དབོར་འདྲེན་བྱེད་སའི་གཞུང་ལམ་རྙིང་པ་ཞིག་རེད། འོན་ཀྱང་གཞུང་ལམ་རེ་འགའ་ད་ལྟའང་མུ་མཐུད་དུ་བེད་སྤྱོད་གཏོང་བཞིན་ཡོད། སུང་རྒྱལ་རབས་སྐབས་སུ་ཇ་ཚོང་དང་། དར་ཚོང་། རྟ་ཚོང་ལ་སོགས་པའི་ཚོང་འབྲེལ་གྱི་བྱེད་སྒོ་དེ་རྒྱ་བོད་མི་རིགས་གཉིས་པོའི་བར་གྱི་འབྲེལ་བ་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་པ་རེད། དེར་བརྟེན་རྒྱ་བོད་བར་གྱི་གཞུང་ལམ་ལའང “ཇ་རྟའི་ཚོང་ལམ”ཞེས་ཐོགས་པ་རེད། དེ་ལའང་སི་ཁྲོན་ནས་བོད་ལྗོངས་བར་ཆགས་པའི “ཇ་རྟའི་ཚོང་ལམ”གཅིག་དང་། ཡུན་ནན་ནས་བོད་ལྗོངས་བར་ཆགས་པའི “ཇ་རྟའི་ཚོང་ལམ”གཅིག་ཡོད། སི་ཁྲོན་གཡག་རྔ་ས་ཁུལ་ནས་ཐོན་པའི་བོད་ཀྱི་ས་གནས་ཁག་ཏུ་དབོར་འདྲེན་བྱེད་སའི་ལམ་བུར“ཁྲོན་བོད་ཇ་རྟའི་ཚོང་ལམ”དང་། ཡུན་ནན་ཞི་ཧྲོང་པན་ན་དང་སི་མའོ་ནས་ཐོན་པའི་ཇ་རིལ་དག་ཏ་ལི་རུ་བསྡུ་རུབ་བྱས་རྗེས། ས་དམ་དང་། རྒྱལ་ཐང་། བདེ་ཆེན་ལ་སོགས་བརྒྱུད་ནས་བོད་ཀྱི་སྤང་མདའ་དང་། ཀོང་པོ་རྒྱ་མདའ། ལྷ་ས། རྒྱལ་རྩེ། གཞིས་རྩེ། མངའ་རིས་སོགས་སུ་དབོར་འདྲེན་བྱེད་སའི་ལམ་བུར“ཡུན་བོད་ཇ་རྟའི་ཚོང་ལམ”ཟེར་བ་རེད། ས་སྐྱའི་སྐབས་སུ་ཡིག་ཟམ་གྱི་ལམ་བུ་གསར་དུ་བཏོད་ནས་ས་ཚིགས་དུ་མ་བཙུགས། རྒྱ་བོད་ཡིག་ཚང་ནང་འཁོད་པ་ལྟར་ན། རྒྱ་བོད་འདྲེས་མཚམས་ནས་ལྷ་ས་བར་ལ་ས་ཚིགས་ཆེ་བ་ཉི་ཤུ་རྩ་བདུན་བཙུགས་ཡོད་སྐད་འདུག མདོ་ཁམས་སྤྱི་ཁྱབ་ཁོ་ནའི་མངའ་འོག་ས་ཚིགས་དགུ་བཙུགས་ཡོད། ས་ཚིགས་ཆེ་བ་རེའི་མངའ་ཁོངས་སུ་ད་དུང་ས་ཚིགས་ཆུང་བ་མང་པོ་ཡོད་པ་དང་། ས་ཚིགས་ཁུལ་གྱི་མི་སེར་རྣམ་པས་ཁྲལ་གྱི་རྣམ་པའི་ཐོག་ནས་ས་ཚིགས་ཆེ་བའི་མངའ་ཞབས་ལ་དུད་ཁྱིམ་སྟོང་ཕྲག་ཁ་ཤས་དང་། ཆུང་བའི་མངའ་ཞབས་ལ་དུད་ཁྱིམ་བརྒྱ་ཕྲག་ཁ་ཤས་ཡོད། ཕག་གྲུའི་སྐབས་སུ་ཡིག་ཟམ་གྱི་ལམ་བུ་མུ་མཐུད་འཛུགས་སྐྲུན་བྱས་པ་རེད། ཕག་གྲུའི་སྐབས་སུ་འཇང་ས་དམ་རྒྱལ་པོས་རྒྱལ་ཐང་བཟུང་བ་དང་། ཡུན་ནན་གྱི་ཚོང་པས་ལོ་ལྟར་ས་དམ་དང་། ཧེ་ཆིང་། ཏ་ལི། ཕུའུ་ཨེར་བཅས་ནས་ཇ་དང་བྱེ་མ་ཀ་ར། ཟངས་ཆས། འབྲུ་རིགས། ཞོར་ཟས་བཅས་རྒྱལ་ཐང་དང། ཁམས་ཀྱི་ལྷོ་ཕྱོགས། ཚྭ་ཁ་རོང་སོགས་ལ་དྲངས་ནས་ས་ཁུལ་དེ་གའི་བལ་དང་མར་སྤོས་སྣམ་བུ། དེ་བཞིན་དབྱར་རྩྭ་དགུན་འབུ་དང་། གླ་རྩི་སོགས་དང་བརྗེ་རེས་བྱས་པས་སྐབས་དེར་རྒྱ་བོད་ཉོ་ཚོང་གི་འབྲེལ་བ་ཆེན་པོ་ཡོད། སྤྱི་ལོ༡༤༠༧ལོར་རྒྱ་ནག་གོང་མས་ཁམས་ཁུལ་གྱི་རྒྱལ་པོ་སོ་སོ་དང་བླ་མ་ཆེ་གྲས་རྣམས་ལ་སྔར་གྱི་ས་ཚིགས་རྣམས་བསྐྱར་བཟོ་བྱ་དགོས་པ་མ་ཟད། གཡག་རྔ་ནས་དབུས་གཙང་བར་གྱི་ས་ཚིགས་འཛུགས་དགོས་པའི་བཀའ་བསྩལ་བས། མཐར་མེས་རྒྱལ་ནང་ཁུལ་ནས་དབུས་གཙང་ལ་འགྲོ་སའི་ཡིག་ཟམ་གྱི་ལམ་བུ་བྱང་མ་གཅིག་དང་ལྷོ་མ་གཅིག་ཆགས་པ་རེད། ལྷོ་བྱང་གི་ལམ་བུ་དེ་དུས་ཆབ་མདོའི་རྒྱུད་ལ་ས་ཚིགས་གལ་ཆེན་མང་པོ་ཡོད། མཉྫུ་གོང་མའི་དུས་སུ་ཉིན་གཅིག་ལ་སྲིད་གཞུང་གིས་རྒྱལ་ཐང་དུ་ཚོང་འདུས་བཙུགས་ཆོག་པའི་རེ་བ་བཏོན་པ་དེར་གོང་མའི་ཆོག་མཆན་ཐོབ་པ་རེད། དེ་ནས་བཟུང་རྒྱལ་ཐང་དེ་ཡུན་ནན་དང་བོད་ཀྱི་ཉོ་ཚོང་བྱེད་གནས་གཙོ་བོ་ཞིག་ཏུ་གྱུར་བ་རེད། མཉྫུ་གོང་མས་སྐབས་དེའི་ས་ཚིགས་ཀྱི་གཞི་ཁྱོན་དང་མི་འབོར། དུད་ཚང་གི་ཁ་གྲངས། ས་བབ་བཅས་ཞིབ་བཤེར་ཐོ་འགོད་བྱས་པ་མ་ཟད། ཟི་ལིང་ནས་ཡུལ་ཤུལ་དང་ཆབ་མདོ་བརྒྱུད་ལྷ་སར་བསྐྱོད་སའི་ཡིག་ཟམ་བཙུགས།