ཆོས་འབྱུང་
ཆོས་འབྱུང་།
[རྩོམ་སྒྲིག]བོད་ཡིག་ཐོག་འཁོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ནང་གསེས་གསུམ་པ་སྟེ། དེ་ནི་ཆོས་ལུགས་དར་རྒྱས་ཆེ་བའི་ས་གནས་སྤྱི་དང་ཡུལ་ལུང་སོ་སོར་ཆོས་ལུགས་རིག་གནས་བཅས་ཀྱི་བྱུང་ཚུལ་གཙོ་བོར་བཤད་པ་ཞིག་ལ་ཟེར། དེ་ཡང་ཐོག་མར་ཆོས་ལུགས་དེ་གསར་གཏོད་མཛད་མཁན་གྱི་ལོ་རྒྱུས་དང་། གསར་གཏོད་བྱེད་དགོས་པའི་རྒྱུ་རྐྱེན། དེའི་གོ་རིམ། སློབ་བརྒྱད་རིམ་བྱུང་། ཆོས་ལུགས་སྐོར་གྱི་གསུང་རབ་གང་དང་གང་ཡོད་པ། ཆོས་ལུགས་དེ་དར་རྒྱས་དང་ཉམས་རྒུད་བྱུང་ཚུལ། རྗེས་འབྲང་མཁས་པ་སོ་སོའི་ལོ་རྒྱུས་དང་གསུང་རྩོམ་གང་དང་གང་ཡོད་པ་པ་བཅས་གསལ་པོར་བཤད་པ་ཞིག་ཡིན། དེ་ལ་ནང་གསེས་ཀྱིས་དབྱེ་ན། ༡.ཆོས་ལུགས་སྤྱིའི་ཆོས་འབྱུང་། ༢.ཆོས་ལུགས་སོ་སོའི་འབྱུང་། ༣.ས་གནས་སོ་སོའི་ཆོས་འབྱུང་། ༤.རིག་གནས་ཆེ་ཆུང་སོ་སོའི་འབྱུང་བཅས་བཞི་ཡོད། ཆོས་ལུགས་སྤྱིའི་ཆོས་འབྱུང་ནི། ས་གནས་དང་ཆོས་ལུགས་སོ་སོའི་དབྱེ་བ་མ་ཕྱེ་བར་སངས་རྒྱས་ཆོས་ལུགས་སོགས་ཆོས་ལུགས་མི་འདྲ་བ་རྣམས་ཀྱི་བྱུང་ཚུལ་སྤྱིར་བཤད་པ་ཞིག་སྟེ། དཔེར་ན་བུ་སྟོན་རིན་པོ་ཆེས་མཛད་པའི《ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད》དང་། འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི《དེབ་ཐེར་སྔོན་པོ》དཔལ་བོ་གཙུག་ལག་ཕྲེང་བས་མཛད་པའི《ཆོས་འབྱུང་མཁས་པའི་དགའ་སྟོན》སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི《ཆོས་འབྱུང་དཔག་བསམ་ལྗོན་བཟང》ལྟ་བུ་ཡིན། ཆོས་ལུགས་སོ་སོའི་ཆོས་འབྱུང་ནི། བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་མང་དུ་བྱུང་བ་དེ་ཚོ་སོ་སོའི་ལོ་རྒྱུས་གཙོ་བོར་བཤད་པ་ཞིག་ཡིན། དཔེར་ན་བོད་གྱི་མཁས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི《བོད་གྱི་ཆོས་འབྱུང་ལེགས་བཤད་མཛོད》 ཀུན་མཁྱེན་འཇིགས་མེད་གླིང་པས་མཛད་པའི《རྙིང་མ་རྒྱུད་འབུམ་གྱི་ཆོས་འབྱུང》 ལས་ཆེན་ཀུན་དགའ་རྒྱལ་གྱིས་མཛད་པའི《བཀའ་གདམས་ཆོས་འབྱུང》 ས་སྐྱའི་བླ་མ་མང་པོས་མཛད་པའི《ས་སྐྱའི་ལམ་འབྲས་ཆོས་འབྱུང》 གཞན་ཡང་འབྲི་གུང་བཀའ་བརྒྱུད། ཀརྨ་བཀའ་བརྒྱུད། སྟག་ལུང་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། དགེ་ལུགས་པ་བཅས་ལ་སོ་སོའི་ཆོས་འབྱུང་ལོགས་སུ་ཡོད་པ་ལྟ་བུ་ཡིན། ས་གནས་སོ་སོའི་ཆོས་འབྱུང་ནི། ས་གནས་བྱེ་བྲག་པ་ཞིག་ལ་སངས་རྒྱས་ཆོས་ལུགས་དར་ཚུལ་གཙོ་བོར་བཤད་པ་ཞིག་སྟེ། དཔེར་ན། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི《རྒྱ་གར་ཆོས་འབྱུང》 གུ་ཤྲི་བློ་བཟང་ཚེ་འཕེལ་གྱིས་མཛད་པའི《ཆེན་པོ་ཧོར་ཆོས་འབྱུང》 བྲག་སྒོམ་པ་བསྟན་པ་རབ་རྒྱས་ཀྱིས་མཛད་པའི《མདོ་སྨད་ཆོས་འབྱུང》ལྟ་བུ་དང་། གཞན་ཡང་མངའ་རིས། དྭགས་པོ། སྤོ་བོ། ཀོང་པོ། ཆབ་མདོ། ལྷོ་རོང་། འོལ་ཁ། རྒྱལ་རྩེ། མི་ཉག་བཅས་ཀྱི་ཆོས་འབྱུང་ལོགས་སུ་ཡོད་པ་ལྟ་བུ་ཡིན། རིག་གནས་ཆེ་ཆུང་སོ་སོའི་ཆོས་འབྱུང་ནི། བོད་དུ་དར་རྒྱས་ཆེ་བའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སོ་སོའི་བྱུང་ཚུལ་གཙོ་བོར་བཤད་པའི་ཆོས་འབྱུང་ཞིག་སྟེ། དཔེར་ན་པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི《འདུལ་བའི་ཆོས་འབྱུང》 ས་སྐྱའི་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི《དབུ་མའི་ཆོས་འབྱུང》 བོད་ཀྱི་སྨན་པ་མཁས་པ་མང་པོས་མཛད་པའི《གསོ་བ་རིག་པའི་ཆོས་འབྱུང》 བུ་སྟོན་རིན་པོ་ཆེ་སོགས་མཁས་པ་མང་པོས་མཛད་པའི་གསང་འདུས། བདེ་མཆོག འཇིགས་བྱེད། ཀྱེེ་རྡོར། དུས་འཁོར་སོགས་ཀྱི་ཆོས་འབྱུང་ཁག་མང་པོ་ཡོད་པ་ལྟ་བུའོ། །ཡང་སྐབས་རེ་དོན་གཞན་ལ་གོ་བའང་ཡོད་དེ་དཔེར་ན《དེབ་དམར》ལྕགས་དཔར་མའི་ཤོག་གྲངས༡༠༧ནང་སྐུ་གསུང་ལ་བདེ་མཆོག་ལྷན་སྐྱེས་དང་། སྤྱན་རས་གཟིགས་དང་། ཆོས་འབྱུང་ཡིག་འབུར་བཅས་པ་སོགས་རྟེན་དང་རིང་སྲེལ་དཔག་མེད་བྱོན་ཞེས་པའི་སྐབས་དེའི་ཆོས་འབྱུང་ནི་གསང་སྔགས་བླ་མེད་ཀྱི་གཞུང་རྣངས་ནས་བཤད་པའི་གྲུ་གསུམ་དབྱིབས་ཅན་གྱི་རི་མོའམ་འབུར་གཟུགས་སྟེ་འདིའི་གྲུ་གསུམ་པོ་དེས་རྣམ་ཐར་སྒོ་གསུམ་མཚོན་པ་ཡིན་ཞེས་བཤད་སྲོལ་ཡོད།