ཆོས་གོང་གྲོང་ཚོའི་རྡོ་ཆས་དུས་རབས་གསར་པའི་གནའ་ཤུལ་

ཡོང་ཁུངས་Wikipedia

ཆོས་གོང་གྲོང་ཚོའི་རྡོ་ཆས་དུས་རབས་གསར་པའི་གནའ་ཤུལ།[རྩོམ་སྒྲིག]

དེ་ནི་ལྷ་སའི་བྱང་ངོས་ཉང་བྲན་ཤང་ཁོངས་ཆོས་གོང་གྲོང་ཚོའི(སེ་ར་དགོན་པའི་ནུབ་བྱང)གི་རི་འདབས་སུ་གནས་ཡོད་ཅིང་། གནའ་ཤུལ་དེའི་ཤར་ནུབ་བར་དུ་རྒྱང་ཐག་སྤྱི་ཁྲི༡༥༠ཙམ་ཡོད་པ་དང་། ལྷོ་ནས་བྱང་བར་རྒྱང་ཐག་སྤྱི་ཁྲི༣༠ཙམ་ཡོད་པ་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ལྔ་སྟོང་ལ་ཉེ་བ་ཞིག་ཡོད། དུས་ཡུན་རིང་པོར་ས་ཆུ་ཤོར་བའི་རྐྱེན་གྱིས་གཅོང་རོང་དྲུག་གིས་ཁག་སོ་སོར་དུམ་བུར་ཕྱིན་པ་དང་། ཆུ་ལོག་འགོག་པའི་ཆུ་ཡུར་གཅིག་དང་སྟབས་འདེའི་གཞུང་ལམ་ཞིག་གིས་གནའ་ཤུལ་གྱི་ཤར་ནུབ་འཕྲེད་བཀག་བྱས་པ་དེས་གནའ་ཤུལ་དེར་གཏོང་བཤིག་ཚབས་ཆེན་བཟོས་ཡོད། གནའ་ཤུལ་དེ་ནི་རང་སྐྱོང་ལྗོངས་རིག་གནས་དོ་དམ་ཨུ་ཡོན་ལྷན་ཁང་གི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་རུ་ཁག་གིས་ལྷ་སའི་རིག་དངོས་ལ་ཐོག་མའི་ཡོངས་ཁྱབ་ཞིབ་བཤེར་བྱས་པའི་ནང་གསར་དུ་རྙེད་པ་ཞིག་ཡིན། གསར་རྙེད་བྱུང་རྗེས་རྒྱ་ཁྱོན་ཁྲི་གྲུ་བཞི་མ༢༣.༤སར་སྔོག་འདོན་བྱས་པས། ཐལ་དོང་གཉིས་དང་། སུ་ཕུག་གཅིག དུས་རབས་མཇུག་མའི་རྡོའི་སྤུར་སྒམ་གཅིག་བཅས་སྔོག་ཐོན་བྱུང་ཡོད། ཐལ་དོང་དང་པོ་དེ་གཅོང་རོང་ཞིག་གི་འགྲམ་དུ་གནས་ཤིང་ཆེས་མང་ཆེ་བ་ནི་འཐོར་ཞིག་ཏུ་ཕྱིན་ནས་ཤུལ་རྒྱ་ཁྱོན་སྤྱི་ཁྲི་གྲུ་བཞི་མ་གཅིག་གི་གཡས་གཡོན་ལས་མེད། ཐལ་དོང་གསུམ་པ་དེ་ཐལ་དོང་གཉིས་པར་འཚོལ་ཞིབ་བྱེད་ཡུལ་གྱི་ས་དོང་ཆེས་མང་ཆེ་བའི་སར་གནས་ཤིང་ཤུལ་ལྷག་རྒྱ་ཁྱོན་སྤྱི་ཁྲི་གྲུ་བཞི་མ་༡༨ཡོད། གནའ་ཤུལ་དེའི་བྱང་ངོས་ནས་བལྟས་ན་ས་ངོས་ཅུང་སྒོར་དབྱིབས་ཡིན་པ་དང་། ཐལ་དོང་གི་མཐའ་འཁོར་གསལ་པོ་ཡོད་པ། ཐལ་དོང་་མཐིལ་ལ་རྡོག་བརྫིས་བཏང་ཤུལ་མེད་པ་བཅས་ཡིན། ཐལ་དོང་ནང་ནས་བརྡར་བཟོས་ཀྱི་གཡང་ཊིའི་སྟེའུ་དང་། རུས་པའི་ཁབ། རུས་པའི་སྙུང་ཁབ་བཅས་དང་། བརྡུང་བཟོས་རྡོ་ཆས་དང་རྫ་ཧྲུག་འབོར་ཆེན་སྔོག་བྱུང་ཡོད། ཐལ་དོང་གཉིས་པ་དེ་ཐལ་དོང་དང་པོར་འཚོལ་ཞིབ་བྱེད་ཡུལ་གྱི་ས་དོང་གི་བྱང་ངོས་སུ་གནས་ཤིང་། ས་ངོས་སྒོར་དབྱིབས་དང་ཐལ་དོང་གི་མཐིལ་ནི་ཁ་འཁོར་ལས་ཅུང་ཆུང་བ་ཡོད། ཤར་ངོས་སུ་སྟེགས་བུ་ཆུང་ངུ་ཞིག་ཡོད་པ་དེ་ཕྱི་ངོས་སུ་འབུར་ཐོན་བྱས་པ་ཞིག་ཡོད། ས་ཕུག་ནང་དུ་ཕུང་གསོག་ཐེབས་པའི་ཐལ་མདོག་ཅན་གྱི་བྱེ་ས་སོབ་སོབ་ཀྱི་ནང་ནས་བརྡུང་བཟོས་རྡོ་ཆས་དང་རུས་པའི་སྙུང་ཁབ། རུས་པའི་གྲི། རྫ་ཧྲུག་བཅས་དང་། དེ་བཞིན་སེམས་ཅན་གྱི་རུས་པ་སོགས་སྔོག་ཐོན་བྱུང་ཡོད། ཞིབ་བཤེར་བྱེད་སྐབས་འཚོལ་སྡུད་དང་ཚོད་ལྟའི་སྔོག་འདོན་བྱས་པའི་ནང་ས་འོག་ནས་དངོས་ཤུལ་མི་ཉུང་བ་ཞིག་ཐོན་པའི་གྲས་སུ་བརྡུང་བཟོས་རྡོ་ཆས་དང་། བརྡར་བཟོས་རྡོ་ཆས། རུས་པའི་ཡོ་ཆས། རྡོ་ཆས། རྫ་ཧྲུག་འབོར་ཆེན་བཅས་ཚུད་ཡོད། རྡོ་ཆས་ནང་བརྡུང་བཟོས་རྡོ་ཆས་མང་ཆེ་བ་ཡིན་ཞིང་རྒྱུ་ཆ་མང་ཆེ་བ་ཐལ་མདོག་ཟུར་ལྡན་གྱི་བྲག་རྡོ་ཡིན། བཟོ་རྩལ་ཞིབ་ཚགས་མེད་རུང་ཡོ་ཆས་ཀྱི་དབྱིབས་བཟོ་ཆ་ཚང་པོ་ཡོད། རྡོ་ཆས་མང་ཆེ་བ་ནི་རྡོ་ལེབ་ཀྱི་རྡོ་ཆས་ཡིན་ཅིང་། རྡོ་ལེབ་མི་ཉུང་བ་ཞིག་གི་ཐོག་ཏུ་རྡོ་རིལ་གྱི་ངོས་སྔར་མུས་སུ་གནས་ཡོད་པ་དང་། བརྡུང་བཟོས་བྱས་པའི་ངོས་གསལ་ཞིང་ཆ་ཚང་པོ་ཡོད། བཟོ་བལྟ་འཚམས་པོ་ཡོད་པ་དང་ཟུར་ཆ་ཤས་ལ་རྣོ་ཡོད་པའི་རྡོ་ལེབ་རྣམས་སྤྱིར་ན་ཕན་ཚུན་བརྡར་བརྡུང་བྱེད་པའི་ཐབས་ལ་བརྟེན་ནས་རྣོ་བཏོན་པ་ཞིན་ཡིན། བརྡུང་བཟོས་རྡོ་ཆས་ཀྱི་རྣམ་གྲངས་ཅུང་མང་པོ་ཡོད་པ་སྟེ། ཟུར་གཉིས་ཡོད་པའི་རྡོའི་ཁྱིམ་དང་། གཞོག་ཆས་རིང་གྲས། ཁ་གཉིས་ལྡན་གྱི་གཞོག་ཆས། ཁ་གསུམ་ལྡན་གྱི་གཞོག་ཆས། གཞུང་དབྱབས་ཅན་གྱི་རྣོ་ལྡན་གཞོག་ཆས། རྩེ་ལྡན་གཞོག་ཆས། སྒོག་ཏིང་དབྱིབས་ཅན་གྱི་རྡུང་རྫོག་ཡོ་ཆས། རྡོ་རིལ། ཟུར་གཉིས་ལ་ཁ་ཤོ་བཏོན་པའི་ཨ་ལོང་ཅན་སོགས་ཡོད་པ་དང་། བརྡར་བཟོས་རྡོ་ཆས་ཧ་ཅང་ཉུང་ཞིང་ཆ་ཚང་སྐྱོན་མེད་ཀྱི་དངོས་པོ་གཡང་ཊིའི་སྟེའུ་གཅིག་སྔོག་ཐོན་བྱུང་ཡོད། གཡང་ཊིའི་སྟེའུ་དེ་ནི་ཚོས་གཞི་ལྗང་ནག་གི་གཡང་ཊི་དཀྱུས་མ་ཞིག་ཡིན་པའི་ཁར་འོད་དང་ལྡན་ལ་ངོས་འཇམ་པོ་ཡོད་པ་དང་ཁ་རྣོ་བ། བེད་སྤྱོད་བྱས་ཤུལ་ཡོད་པ་ཞིག་ཡིན། དེ་མིན་ད་དུང་རྐོས་བཟོས་རྡོ་གཞོང་ཞིག་ཡོད། རྡོ་ཆས་ནང་ཟུར་གཉིས་ལྡན་གྱི་རྡོ་ཁྱིམ་དང་ཀ་དབྱིབས་ཅན་གྱི་རྡུང་རྫོག་ཡོ་ཆས། ཨ་ལོང་ཅན། གཡང་ཊིའི་སྟེའུ། རྡོ་གཞོང་སོགས་ནི་ཡ་མཚན་ཅན་གྱི་ཡོ་བྱད་ཤ་སྟག་ཡིན། གནའ་ཤུལ་ནས་སྔོག་ཐོན་བྱུང་བའི་རྫ་ཧྲུག་མང་ཆེ་བ་ལག་པས་བཟོས་ཡིན་ཅིང་། དེའི་ནང་ནས་རེ་གཉིས་སྟབས་བདེའི་འཁོར་ལོས་བཟོས་པ་ཞིག་ཡིན་པ་དང་དེ་དག་འདམ་བཟོས་རྫ་ཆས་ཕྱེད་ཀ་དང་བྱེ་བསྲེས་རྫ་ཆས་ཕྲེད་ཀ་ཡིན་པ། མེར་བསྲེག་ཤུགས་ཅུང་ཆེ་བ་དང་། ལས་སྣོན་ཞིབ་ཚགས་པ། རྒྱུ་ཆ་མཁྲེགས་པོ་ཡོད་པ་བཅས་ཡིན། རྫ་ཆས་ཀྱི་ཚོས་གཞི་ནི་རྫ་ཐལ་མདོག་ཅན་མང་ཞིང་། དེ་མིན་ངོས་ལ་འོད་ལྡན་པའི་ནག་པོ་དང་རྫ་མདོག་དམར་སྨུག་སོགས་ཡོད། འོད་ལྡན་རྫ་ཆས་ནག་པོ་ནི་རྫ་ཆས་ཁྲོད་ཀྱི་ཡོ་ཆས་ཞིབ་ཚགས་ཤོས་ཡིན་པ་དང་དམིགས་བསལ་གྱི་ཁྱད་ཆོས་ཀྱང་ལྡན་པ་མ་ཟད། ཡོ་བྱད་ཀྱི་བཟོ་དབྱིབས་ཆུང་ལ་སྲབ་པ་དང་ངོས་ལ་རྫ་རྩི་ནག་པོ་བཏང་བ་ལྟར་མཛེས་པོ་ཡོད། རྫ་ཆས་ཀྱི་རི་མོ་རྒྱག་ཚུལ་ཕུན་སུམ་ཚོགས་པོ་ཡོད་ཅིང་། བརྐོས་རིས་མང་ཆེ་བའི་ནང་གཟེ་མ་ར་མགོའི་དབྱིབས་དང་། ཟུར་གསུམ་མ། ཆུ་རིས། བསྣོལ་མ་ཅན་གྱི་རི་མོ། སྦྲུལ་རིས་སོགས་ཡོད། ཡོ་ཆས་ལ་འཇམ་འདོན་བྱས་ཟིན་རྗེས་རི་མོ་བརྐོས་པ་ཞིག་ཡིན་པ་དང་། རི་མོ་མང་ཆེ་བ་ཡོ་ཆས་ཀྱི་ལྡེབས་ལ་བརྐོས་ཡོད་ཅིང་ཡོ་ཆས་ཀྱི་ཁ་འཁོར་དང་ལུང་གི་ལྡེབ་ལངས་བརྐོས་རིས་ཡོད་པ་ཉུང་ཤས་ཡོད། ཚགས་རིས་དང་སོག་ལེའི་ཁ་ལྟ་བུའི་རི་མོ་ཐིག་རིས། རོལ་མོའི་རྒྱུད་སྐུད་ལྟ་བུའི་རི་མོ། རི་མོ་གཉིས་བརྩེགས་བརྐོ་བཟོ་བྱས་པ་ལྟ་བུའི་ཟུར་གསུམ་ཁུང་བུ་སོགས་ཀྱི་མཛེས་རིས་མང་པོ་མཐོང་རྒྱུ་ཡོད། ཡོ་བྱད་མང་ཆེ་བ་ཁོག་མ་ཡིན་པ་དང་ཡོ་བྱད་ཕྱོགས་བསྡུས་ནས་གྲུབ་པའི་ནང་ལྷུང་བཟེད་དང་། ཕོར་པ། ཁོག་ལྡིར་སོགས་ཡོད་ཅིང་། མང་ཆེ་བའི་མཐིལ་རིལ་རིལ་དང་སྒོར་སྒོར་ཡིན་པ་དང་། མཐིལ་ལེབ་ལེབ་དང་རྐང་གསུམ་བྱས་པ་མཐོང་རྒྱུ་མེད། ཡོ་བྱད་ཀྱི་ལུང་དར་ཁྱབ་ཆེ་ཙམ་ཡོད། གནའ་ཤུལ་ནས་སྔོག་ཐོན་བྱུང་བའི་རུས་པའི་ཡོ་ཆས་ཁྱོན་བཅོ་ལྔ་ཡོད་པའི་ནང་ནས་ཁབ་དང་སྙུང་ཁབ། གྲི་མདའི་རྩེ། གཞོག་ཆས་སོགས་ཀྱི་རྣམ་གྲངས་ཡོད། རུས་པའི་ཁབ་དང་། དབྱིབས་ཅན་གྱི་རུས་པའི་ཁབ། རུས་པའི་གྲི་བཅས་ཀྱི་ངོས་འཇམ་ལ་འོད་དང་ལྡན་པ་དང་ལས་སྣོན་ཞིབ་ཚགས་པོ་ཡོད། འོན་ཀྱང་རུས་པའི་ཡོ་བྱད་མང་ཆེ་བ་ནི་རུས་པ་ཆག་རོས་བཟོས་པ་ཞིག་ཡིན་ཅིང་། དགོས་མཁོར་གཞིགས་ཏེ་རུས་པའི་ཆ་ཤས་ཤིག་བརྡར་ནས་རྩེ་མོ་དང་རྣོ་བཟོས་ཡོད། དེ་ཡང་རུས་པ་བེད་སྤྱོད་དེ་རྡར་གཏུབ་ཀྱིས་བཟོ་རྩལ་སྤྱད་པ་ཞིག་ཡིན་པ་ནི་བཟོ་འཕྲོས་ཆུ་ལུས་ཡོད་པ་ནས་མངོན་ཐུབ། རུས་པའི་ཡོ་བྱད་དེ་ཚོའི་ནང་ནས་ཐལ་དོང་གཉིས་པ་ནས་རྔོག་ཐོན་བྱུང་བའི་རུས་པའི་ཁབ་ནི་ལས་སྣོན་ཞིབ་ཚགས་ཤོས་ཡིན་པ་དང་བཟོ་དབྱིབས་ནི་དེང་སྐབས་ཀྱི་རྣོ་ལྕགས་ཀྱི་ཁབ་དང་རྩ་བའི་ཆ་ནས་འདྲ་ཞིང་ངོས་ལ་འོད་དང་ལྡན་པ། ཁབ་རྩེ་རྣོ་བ། ཁབ་མིག་ཕྱི་ནང་བར་འདྲོང་པོ་ཡོད་ཅིང་། རིང་ཚད་ལི་རྨིས༧.༥དང་འཁོར་རྒྱ་ལི་རྨིས༢༥ཁབ་ཅིག་གི་འཁོར་རྒྱ་ལི་རྨིས་༡༢བཅས་ཡིན། ཆོས་གོང་གྲོང་ཚོའི་གནའ་ཤུལ་ནི་ལྷ་སར་དང་ཐོག་བཙལ་རྙེད་ཐུབ་པའི་རྡོ་ཆས་གསར་པའི་རིག་གནས་ཀྱི་གནའ་ཤུལ་ཞིག་ཡིན་ལ་ཆབ་མདོའི་ཁ་རུབ་གནའ་ཤུལ་གྱི་རྒྱུན་ནས་བོད་ལྗོངས་སུ་ཚན་རིག་བརྟག་དཔྱད་ཐེངས་གཉིས་བྱས་པ་དང་ཚོད་ལྟའི་སྔོག་འདོན་བརྒྱུད་པའི་རྡོ་ཆས་གསར་པའི་གནའ་ཤུལ་ཞིག་ཀྱང་ཡིན། གནའ་ཤུལ་གཏོར་བཤིག་ཚབས་ཆེན་སོང་ཞིང་ཚོད་ལྟའི་སྔོག་འདོན་བྱས་པའི་རྒྱ་ཁྱོན་ཆུང་ངུ་ཡིན་པ་དང་ཁང་པའི་གནའ་ཤུལ་རྙེད་མེད་རུང་ས་ཕུག་དང་ཐལ་དོང་། རིག་དངོས་བང་རིང་གྱི་མཐུག་ཚད་བཅས་ལ་གཞིགས་ན་དེ་གར་སྔོན་ཆད་གདོད་མའི་མི་རྣམས་ཡུན་རིང་འཚོ་གནས་བྱེད་པའི་ས་ཁུལ་ཞིག་ཡིན་པའི་དངོས་ར་གསལ་པོ་འཕྲོད་ཐུབ་ཀྱི་ཡོད། གནའ་ཤུལ་ལས་བསྡུ་རུབ་དང་ས་འོག་ནས་ཐོག་པའི་ཟུར་གཉིས་ལྡན་གྱི་རྡོ་ཁྱིམ་དང་རྡོ་གཞོང་བཅས་ཀྱིས་ཞིང་ལས་དཔལ་འབྱོར་གྱི་རྣམ་གྲངས་ཁག་གཅིག་མཚོན་ཐུབ་པ་དང་། ཨ་ལོང་ཅན་དང་། རུས་པའི་སྟེའུ། ཐལ་གདོང་ནས་ཐོན་པའི་སེམས་ཅན་གྱི་རུས་པ་འབོར་ཆེན་བཅས་ཀྱི་ཐོག་ནས་སྐབས་དེའི་ཉ་ལས་ངལ་རྩོལ་ཡང་བསྡུར་ཚད་ངེས་ཅན་ཞིག་ཟིན་པའི་དངོས་ར་འཕྲོད་ཐུབ། ཆོས་གོང་གྲོང་ཚོའི་གདོད་མའི་རིག་དངོས་ལ་དམིགས་བསལ་གྱི་ས་གནས་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་ཞིང་བོད་ལྗོངས་སུ་ཤེས་རྟོགས་བྱུང་བའི་རྡོ་ཆས་གསར་པའི་དུས་སྐབས་ཀྱི་གནས་ཚུལ་དང་བསྡུར་སྐབས་ཉིང་ཁྲིའི་གནའ་ཤུལ་ཁ་ཤས་ཀྱི་རིག་གནས་ཀྱི་ངོ་བོ་དང་རྩ་བའི་ཆ་ནས་གཅིག་མཚུངས་ཡིན་པ་དང་ཆབ་མདོའི་ཁ་རུབ་ཀྱི་རིག་གནས་དང་ཁྱད་པར་ཆེ་ཙམ་ཡོད། ཆོས་གོང་གྲོང་ཚོའི་གནའ་ཤུལ་གྱི་རྡོ་ཆས་བཟོ་རྩལ་དང་རྫའི་རྒྱུ་ཆ། ཡོ་བྱད་ཀྱི་བཟོ་དབྱིབས་སོགས་ཐད་ཡར་རྒྱས་ངེས་ཅན་ལྡན་པ་མངོན་ཞིང་དུས་རབས་ནི་ཁ་རུབ་ནིག་གནས་ལས་ཕྱི་བ་ཡོད་པས་རྩ་བའི་ཆ་ནས་བོད་ཀྱི་རྡོ་ཆས་གསར་པའི་དུས་རབས་མཇུག་པའི་དམིགས་གསལ་ཁྱད་ཆོས་ལྡན་པའི་རིག་གནས་རྣམ་གྲངས་གསར་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག་ཡོད། ཆོས་གོང་གྲོང་ཚོ་ནས་རྡོ་ཆས་དུས་རབས་གསར་མའི་རྗེས་ཤུལ་གསར་དུ་རྙེད་པ་དེ་ཐོག་མི་ལོ་བཞི་སྟོང་ལྔ་སྟོང་གི་སྔོན་རོལ་ནས་ལྷ་ས་སྐྱིད་ཆུའི་གཡས་གཡོན་གྱི་ས་གཞི་གཤིན་པོ་འདིའི་ཐོག་གདོད་མའི་རྡོ་ཆས་ལ་བརྟེན་ནས་མི་རྣམས་འཚོ་གནས་དང་སྐྱེ་འཕེལ་བྱེད་འགོ་ཚུགས་ཟིན་པ་ར་འཕྲོད་བྱུང་ཡོད་པ་མ་ཟད། བོད་ལྗོངས་ས་གནས་སུ་ཡོུད་པའི་རྡོ་ཆས་གསར་པའི་དུས་སྐབས་ཀྱི་རིག་གནས་གནའ་ཤུལ་ཞིབ་འཇུག་བྱ་རྒྱུའི་ཐད་ཀྱི་སྟོང་ཆ་ཁ་གསབ་བྱས་པ་ཞིག་ཀྱང་ཡིན།