ཆོས་

ཡོང་ཁུངས་Wikipedia

ཆོས།[རྩོམ་སྒྲིག]

ཆོས་ཞེས་པར་གོ་དོན་མི་འདྲ་བ་མང་པོ་ཡོད་ཀྱང་སྤྱིར་ན་ཆོས་ནི་དཀོན་མཆོག་གསུམ་གྱི་ནང་གི་ཆོས་དཀོན་མཆོག་སྟེ་ཆོས་དངོས་ནི་རང་བརྒྱུད་ཀྱི་ཉོན་རྨོངས་སྤངས་པའི་འགོག་པ་དང་། ཉོན་རྨོངས་དེ་སྤོངས་བྱེད་ཀྱི་ལམ་དེ་ཉིད་ཡིན་ཅིང་། དེ་ལ་རྟོགས་པའི་ཆོས་ཟེར་བ་དང་། རྟོགས་པའི་ཆོས་དེ་མཚོན་བྱེད་ཀྱི་གསུང་རབ་གླེགས་བམ་རྣམས་ནི་ཐོས་བསམ་བྱ་བའི་གཞི་ཡིན་པས་ལུང་གི་ཆོས་དཀོན་མཆོག་ཟེར། སྤྱིར་ཆོས་ལ་ལེགས་སྦྱར་སྐད་དུ་དྷརྨ་dharmaཞེས་པ་དང་། དེའི་དོན་ནི་འཛིན་པས་ན་ཆོས་ཞེས་བྱ་ལ། འདོད་འཇོ་ལས། ཐམས་ཅད་འཛིན་པས་ན་དྷརྨ་སྟེ་ཆོས་སོ། །ཞེས་གསུངས། དཔེར་ན་ཤེས་བྱ་ལ་ཆོས་ཞེས་བརྗོད་པའི་རྒྱུ་མཚན་ནི་རང་གི་མཚན་ཉིད་འཛིན་པས་ན་དེ་ལྟར་བརྗོད། དེས་ན་ཆོས་ཞེས་བྱ་བའི་སྒྲ་དེ་དོན་བཅུ་ལ་འཇུག་སྟེ 《རྣམ་བཤད་རིག་པར》ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་གསུངས། དེ་དག་ལས་མཆོག་ཏུ་གྱུར་པ་ནི་ལམ་དང་མྱང་འདས་དང་གསུང་རབ་རྣམས་ཡིན་ནོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ཀྱི་དོན་དུ་མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་དེ་ཐམས་ཅད་ཀྱི་ནང་ནས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་འཕྲིན་ལས་ཐམས་བཅད་ལས་ཆེས་ཁྱད་དུ་འཕགས་པའམ་མཆོག་ཏུ་གྱུར་པ་ཞིག་ཡིན། དེ་ལ་དམ་པའི་ཆོས་ཞེས་པ་ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་པ་ལྟར་གང་ལ་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་ཞིག་ལ་དམ་པའི་ཆོས་ཀྱི་མཚན་ཉིད་ཅེས་བརྗོད་པ་ཡིན། མཚན་གཞི་ནི་འགོག་ལམ་གྱིས་བསྡུས་པའི་ཟག་མེད་ཀྱི་ཆོས་རྣམས་དང་ཚད་ལྡན་གྱི་བཀའ་བསྟན་བཅོས་རྣམས་ཡིན། ལེགས་སྦྱར་སྐད་ཀྱི་དྷརྨ་ཞེས་པ་བོད་སྐད་དུ་དམ་པའི་ཆོས་ཞེས་པར་འཇུག་སྐབས་དེའི་སྒྲ་བཤད་ནི་དམ་པ་ནི་སྟོན་པ་སངས་རྒྱས་ཡིན་ལ་དེས་བསྟན་པའི་ཆོས་ཡིན་པས་དམ་པའི་ཆོས་སམ་ཡང་ན་སྐྱེས་བུ་དམ་པ་རྣམས་ཀྱིས་སྤྱད་པར་བྱ་བའི་ཆོས་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དམ་པའི་ཆོས་དེ་ལ་དབྱེ་ན། བརྗོད་བྱ་རྟོགས་པའི་དམ་པའི་ཆོས་དང་། རྗོད་བྱེད་ལུང་གི་དམ་པའི་ཆོས་གཉིས་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་སོ། །

"https://bo.wikipedia.org/w/index.php?title=ཆོས་&oldid=91800"ལས་སླར་རྙེད་སོང།