ཆུ་སྒང་ལོ་རྒྱུས་དེབ་ཕྲེང་བཞི་པའི་སྔོན་གླེང་རགས་བསྡུས།

ཡོང་ཁུངས་Wikipedia

འཛམ་གླིང་དམག་ཆེན་གཉིས་པ་ཞེས་གནམ་རིམ་པ་དགུ་ཡི་གོང་རིམ་ནས་ས་རིམ་པ་བདུན་གྱི་དམའ་ཞབས་ཡན་ཆད། རྒྱ་མཚོ་འཕྱུར་བ་དང་། རི་བོ་ཉིལ་པ་ལྟ་བུའི་ཁྲོད། སྐད་དང་ཤ་མདོག་མི་གཅིག་པའི་འཛ མ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་བརྒྱ་ཕྲག་ལྷག་ཕལ་ཆེ་བ་དམག་འཁྲུག་གི་ཡོ་ལངས་ནང་འཛུལ་བ་དང་ཚུད་པ་ཅི་རིགས་པའི་སྒོ་ནས། སྔོན་ཆད་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་དྲག་སྤྱོད་འབར་གས་གཏོར་བཅོམ་ཅི་རིགས་སྣ་ཚོགས་པས་སྐྱེས་འགྲོ་དུང་ཕྱུར་མང་པོའི་ཚེ་སྲོག་ལ་ཁའི་དར་ལྕོག་དང་རླུང་ཁའི་མར་མེ་བཞིན་གཡོ་བའི་མཇུག་འབྲས་སུ། མི་དམངས་ས་ཡ་དྲུག་ཅུ་6000000 (ཁ་ཅིག་ས་ཡ་རེ་གཉིས་དང་། ཡང་ཁ་ཤས་ཀྱིས་ས་ཡ་བདུན་ཅུ་ཤི་ཡང་ཟེར།) ཙམ་ཆེ་སྲོག་ལ་གད་ཆགས་བྱས། སྤྱི་ལོ་༡༩༤༥ལོ་ནས་འཁྲུག་ཆེན་ལ་མཇུག་བསྡོམས་བཀོད་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་བྱས། དེ་སྔོན་རྒྱལ་ཁབ་ཆེ་བས་ཆུང་བ་ཟོས་པ་མང་པོ་རིམ་བཞིན་རང་དབང་བསྐྱར་གསོའི་གོ་སྐབས་བཟང་པོ་ཐོབ། སྤྱི་ལོ་༡༩༤༩ལོར་ཁྱིམ་མཚེས་རྒྱ་ནག་རྒྱལ་ཁབ་ནང་འཁྲུག་དུས་ལོག་གི་མཇུག་འབྲས་སུ་གོ་མིན་ཏང་ཕམ་ཉེས་ཤོར་ཏེ། ཀྲུང་གོ་གུང་ཁྲན་ཏང་སྲིད་གཞུང་གསར་འཛུགས་བྱས། ལོ་དེའི་སྤྱི་ཟླ་༡༠ཚེས་ ༡ ལ་ཀྲུང་ཧྭ་མི་དམ་ངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོའི་ཐོག་ཀྲུའུ་ཞི་མའོ་ཙེ་ཏུང་གིས་ཡོངས་ཁྱབ་གསུང་བཤད་དུ། ད་དུང་བཅིངས་གྲོལ་གཏོང་རྒྱུ་ལོས་ཡོད་པའི་རང་རྒྱལ་གྱི་མངའ་ཁུལ་ཡིན་པ་ཐེ་ཝན་དང་བོད་ལྗོངས་པ་མུ་མཐུད་ནས་ཤར་བསྐྱོད་བྱེད་དགོས་ཞེས་པའི་བསྒྲགས་གཏམ་སྤེལ། ལོ་དེའི་སྤྱི་ཟླ་༡༢པ་ནས་ཀྲ་གོ་ཧྭ་ཡིས་སྣེ་ཁྲིད་པའི་ཅུས་༡༨པའི་དམག་སྡེ་རྒྱ་ནག་སི་ཁྲོན་བརྒྱུད་ནས་དཀར་མཛེས་ཁུལ་དུ་འབྱོར། ཐོན་ཀོན་སན་གྱིས་སྣེ་ཁྲིད་པའི་དམག་དཔུང་མཚོ་སྔོན་ནས་མངའ་རིས་སུ་འབྱོར་ཏེ་འཛམ་གླིང་ཡང་རྩེ་ཞི་བདེའི་བསྟི་གནས་ཆོས་ཀྱི་རྒྱལ་ཁབ་ཆེན་པོ་འདི་བཞིན་འཚེ་བ་དང་དམག་དཔུང་གི་དྲ་བའི་ནང་ཚུད་རྒྱུའི་མགོ་འཛུགས་བྱས། ཞི་བ་ཁོ་ནའི་ལམ་ནས་རང་སྲུང་བདེ་འཇགས་ཀྱི་ཐབས་ལམ་རབ་དང་རིམ་པར་བཏིངས་ཀྱང་ལས་དབང་ལ་བཟློག་ཐབས་མེད་པ་ནི་ཆོས་ཉིད་ཀྱི་རང་བཞིན་ཡིན་པས་མི་འདོད་བཞིན་དུ་རང་སྲུང་བཙན་རྒོལ་གྱི་དམག་གྲལ་སྒྲིག སྤྱི་ལོ་༡༩༥༠ལོར་ཀྲ་གོ་ཧྭ་ཡི་དམག་དཔུང་དཀར་མཛེས་བརྒྱུད་འབྲི་ཆུ་ཤར་རྒྱུད་ནས་དྲག་ཤུགས་ཅི་བས་ཆེ་བའི་སྒོ་ནས་འབྲི་ཆུ་དམག་དང་ཡུལ་སྡོད་དམངས་དམག་མཉམ་རུབ་ཀྱིས་འཆི་བ་སྲོག་བསྡོས་ཀྱིས་ཕར་རྒོལ་དྲག་པོ་བྱས་ཀྱང་། གོ་ལག་དང་དམག་སྦྱོང་། སྒྲིག་འཛུགས་དང་དམག་ཇུས་གང་ཐད་ནས་དགྲ་བོ་ལ་ཁ་གཏད་ལྕོགས་རྒྱུའི་ནུས་པ་ཡོངས་སུ་ཟད་དེ་ཆབ་མདོ་མན་ཆད་དགྲ་ལག་ཏུ་ཤོར། སྤྱི་ལོ་༡༩༥༡ཟླ་༥ཚེས་༢༣བོད་ས་སྟོད་སྨད་གཉིས་ཀ་ནས་དྲག་སྤྱོད་དམག་གི་འཇིགས་སྐུལ་འོག་མི་འདོད་བཞིན་དུ་མེ་མདའི་ཁ་ནས་བོད་རྒྱ་གྲོས་མཐུན་དོག་ཚན་བཅུ་བདུན་ཟེར་བ་དེ་བཞག་དགོས་བྱུང་། སྤྱི་ལོ་༡༩༥༦ལོ་ནས་འབྲི་ཆུའི་ཤར་རྒྱུད་ཀྱི་མདོ་ཁམས་གཉིས་སུ་རྙིང་བཞི་གཏོར་བཅོམ་གྱི་ལས་འགུལ་མགོ་འཛུགས་བྱས་ཏེ། ཁམས་དང་ཨ་མདོའི་ཁུལ་གྱི་དགོན་སྡེ་གྲྭ་ཚང་མང་པོ་གཏོར། བླ་སྤྲུལ་དགེ་བཤེས་ཆེ་ཁག་དང་ཡུལ་མི་སྡེ་དཔོན་ཆེ་ཁག་དེ་སྔོན་ས་གནས་དཔོན་ས་རང་འཇག་བཞག་ཁུལ་བྱས་པ་དེ་རིགས་ལྐོག་བསད་དང་བཀག་ཉར་ཅི་རིགས་བྱས་ཏེ། ས་གནས་ཡོངས་རྫོགས་མགོ་བཅད་མཇུག་གཏུབ་ཀྱི་བྱ་ངན་རིམ་པར་སྤེལ་བས། ས་གནས་སོ་སོ་ནས་སྐྱེས་པ་ཕོ་ལུས་ལེན་ཚོད་གྲོང་ཡུལ་དུ་སྡོད་བཟོད་མ་བདེ་ནས་རུ་སུལ་དང་ཤིང་ནགས་གང་སར་བཙན་ས་གཟུང་པ་དང་། མེ་མདའ་དང་སྐེད་གྲི་སོགས་མཚོན་ཆ་གང་ཡོད་སྤྱོད་ནས་ཡར་ལན་སློག་རྒྱུའི་འུ་ཐུག་གི་མཆོངས་རྒྱག་མི་བྱེད་ཐབས་མེད་བྱུང་། མུ་མཐུད་རྒྱ་གཞུང་གི་དྲག་པོའི་གནོན་ཤུགས་འཚམས་འཇོག་མེད་སྟབས། མདོ་ཁམས་སྟོད་སྨད་གང་སར་ཆས་བུད་མང་པོ་དཔུང་ཚོགས་མཉམ་སྒྲིག་གིས་གདོང་ལེན་རུ་ཁག་ཆེ་ཆུང་ཆི་རིགས་སྣ་ཚོགས་པ་མང་པོ་བཙུགས་པ་དང་། རྒྱ་གཞུང་དྲག་སྤྱོད་དམག་དཔུང་དབར་དམར་འཛིངས་དྲག་འཐབ་ཀྱི་ལོ་རྒྱུས་ཐུང་ཐུང་མིན་ལ་ཉུང་ཉུང་དེ་བས་མིན། མང་མཐའ་མི་ཚོགས་ཁྲི་ཕྲག་དུ་མ་ཚོགས་པ་ནས་ཉུང་མཐའ་ཆས་བུད་རེ་གཉིས་ཡན་ཆད་ཀྱིས་བཙན་གནོན་དྲག་ཤུགས་ལ་རང་སྲུང་དགྲ་འཐབ་ཀྱི་ལས་འགུལ་གང་ས་ནས་སྤེལ་བ་ནི། སྟོན་ཀྱི་སྤྲིན་རུམ་དང་། རྒྱ་མཚོའི་རླབས་ཕྲེང་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་དང་འབྱུང་པར་དགྲ་བོའི་དྲག་སྤྱོད་ལས་འགུལ་ཡང་ཉི་རེ་ནས་ཉི་རེར་ཇེ་ཆེར་སོང་སྟེ། ལུང་པ་ཁ་ཤས་ཕོ་ཟད་མོ་ལ་ཐུག ཤ་ཟད་རུས་ལ་ཐུག སོ་ཟད་རྐན་ལ་ཐུག་སྟེ། ཟ་མ་མོ་ཡིས་ཞིང་ས་རྨོ་དགོས་བྱུང་བའི་ལོ་རྒྱུས་ཀྱང་ཉུང་ཉུང་མིན། དེ་བཞིན་རི་འཕྲང་རྫ་འཕྲང་དང་། ནགས་འཕྲང་ཆུ་འཕྲང་རྣམས་སུ་ཉེར་ཡོལ་དཔུང་སྒྲིག་གིས་ལོ་ཟླའི་ཕྲེང་བ་དུ་མའི་ནང་དགྲ་བོ་ལ་རྒོལ་འཛིང་རིམ་པར་བྱས། སྤྱི་ལོ་༡༩༥༧ ལོར་དབུས་ཁུལ་དུ་མདོ་ཁམས་དཔའ་བོའི་ཡང་རྩེ་ཨ་འབྲུག་མགོན་པོ་བཀྲིས་ཀྱིས་བསྟན་སྲུང་དྭངས་བླངས་དམག་དངོས་སུ་བཙུགས་ཟིན་པའི་གཏམ་བཟང་དེ་མདོ་ཁམས་གཉིས་སུ་ཉི་རེ་བཞིན་ཁྱབ་བརྡལ་དུ་ཕྱིན་པ་དང་། ཕྱོགས་མཐའ་ཁག་གི་ཆས་བུད་དཔའ་བོ་མང་པོ་འབྱུང་འགྱུར་རྒྱལ་ཁའི་འཛུམ་མདངས་ལ་རེ་བའི་རྨི་ལམ་གསར་པ་རེ་བཏང་ནས་རང་ཁུལ་རང་སྲུང་དགྲ་འགོག་གི་ནུས་པ་མ་འདང་བ་བྱུང་ན་དབུ་ལམ་འཚོལ་ནས་ཕྱི་སྤྱོད་བྱེད་པ་དང་། ད་དུང་དབུས་ཁུལ་བསྟན་སྲུང་དྭང་བླངས་དམག་དཔུང་དང་ཕྱི་གླིང་ཨ་རི་དབར་དམག་དོན་ཐོག་ནས་འབྲེལ་བ་ཡོད་ལུགས་ཀྱི་གཏམ་ཡན་རེ་ཡང་གོ་རྒྱུ་ཡོད་པའི་རྒྱུ་རྐྱེན་ལ་བརྟེན་ནས། ལི་ཐང་དང་སྨར་ཁམས་སོགས་དཔུང་ཚོགས་ཁྲི་ཁྲག་ཡོད་པའི་དམག་སྒར་ཁ་ཤས་ནི་རང་ས་བརྟན་སྲུང་ཡོང་སླད་སེམས་ཐག་གཅང་བཅད་ཀྱིས་རང་སར་བསྡད་ནས་དགྲ་བོར་རྒོལ་འཛིངས་རྒྱུན་རིང་བྱས་པ་དང་། དབུས་སྡོད་ཆུ་སྒང་བཀོད་འདོམས་པ་ཨ་འབྲུག་ཚང་དང་ཡང་ཡིག་ངག་ཅི་རིགས་ཐོག་ནས་འབྲེལ་བ་དམ་ཟབ་ཀྱིས་འབྱུང་འགྱུར་བྱ་སྤྱོད་སྤེལ་སྟངས་ཐད། བཀའ་སློབ་ལམ་སྟོན་ཞུ་བ་དང་། བྱང་བསྐྱོད་ཨ་འབྲུག་དམག་དཔུང་དང་དགྲ་བོའི་རྗེས་འདེད་དབར་དམག་འཐབ་རབ་དང་རིམ་པར་བྱས་པའི་གནས་ཚུལ་ཡང་མདོ་ཁམས་གཉིས་སུ་ཁྱབ་འོངས་པ་བཅས་ལ་བརྟེན་ནས། མདོ་ཁམས་གཉིས་སུ་རང་སྲུང་བཙན་རྒོལ་གྱི་དཔུང་ཚོགས་ཆེ་ཕྲ་མང་པོར་གསོན་ཤུགས་བསྐྱར་མ་འཕེལ་ནས་རང་སྲུང་དགྲ་རྒོལ་གྱི་དྲག་འཐབ་དམར་འཛིང་གི་ལོ་རྒྱུས་ནི་དུས་རབས་ཉི་ཤུ་ལོ་རབས་ལྔ་བཅུ་ནང་། རྒྱལ་སྤྱིའི་ཐོག་གླེང་རིན་ཡོད་པའི་དཔའ་བོའི་ལོ་རྒྱུས་ཀྱི་ཟུར་ཐོ་དང་ལེའུ་མགོ་བརྗོད་རུང་བ་ཞིག་ཡིན། དེ་སྔོན་ཕྲན་དང་ཆབ་མདོ་ཤེས་རབ་གཉིས་ཀྱིས་བསྒྲིགས་པའི་ཆུ་སྒང་ལོ་རྒྱུས་དེབ་ཕྲེང་དང་པོ་དང་ཕྲན་གྱིས་བརྩམས་པའི་ཆུ་སྒང་ལོ་རྒྱུས་དེབ་ཕྲེང་གཉིས་པའི་ནང་དུ་ཨ་འབྲུག་ཚང་གིས་མགོ་ཁྲིད་ནས་ཁང་གི་མཆོད་ཁང་ནང་རྒྱལ་པའི་བཀའ་བསྟན་དཔང་བཙུགས་གནས་བཞག་དམ་འཇོག་གིས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་བསྟན་སྲུང་དམག་དཔུང་གསར་འཛུགས་བྱས་པ་ནས་དྭང་བླངས་དམག་དཔུང་སྤྱིའི་སྒྲིག་འཛུགས་གིས་རྒྱལ་སྲུང་དགྲ་འཐབ་ཇི་ལྟར་བྱས་ཚུལ་གྱི་སྤྱི་བསྡོམས་ཀྱི་ལོ་རྒྱུས་ཡིན་ལ། དེབ་ཕྲེང་གསུམ་པ་ནི་དེ་སྔོན་རྩོམ་སྒྲིག་འགན་འཛིན་པ་རྣམ་པ་ཚོའི་འཆར་གཞི་ལྟར་བྱས་ན་ཆུ་སྒང་སྤྱིའི་སྒྲིག་འཛུགས་དང་འབྲེལ་བའི་གློ་སྒྲིག་འཛུགས་ཀྱི་གསང་བའི་འཇབ་དམག་དང་ཆུ་ཨའི་གནས་ཚུལ་ཡིན་ཡང་། བར་ལམ་ནས་སྔ་འཆར་ཕྱི་འགོད་ཀྱི་འཆར་དོན་ལག་བསྟར་མ་ཐུབ་སྟབས། དེབ་ཕྲེང་གསུམ་པའི་ནང་། ཁམས་ཁུལ་ལུང་ཚན་སོ་སོའི་ཁུལ་ནས་དགྲ་བོའི་བཙན་འཛུལ་ལ་རྒོལ་ལན་སློག་པ་དང་། རང་སྲུང་དགྲ་འགོག་གི་ལས་འགུལ་གང་ཞིག་སྤེལ་ཚུལ་སྐོར་ཡིན་ཞིང་། དེབ་ཕྲེང་བཞི་པ་ཡང་། གོང་གསལ་དེབ་ཕྲེང་གསུམ་པའི་ནང་དུ་མ་རྫོགས་པའི་ཁམས་ཀྱི་ལུང་ཚན་ཁག་གཅིག་གི་སྔོན་བྱུང་ལོ་རྒྱུས་དང་ལྷག་དོན་སྐབས་དེར་རྒྱལ་སྲུང་དགྲ་འཐབ་ཀྱི་ལས་འགུལ་ཇི་ལྟར་སྤེལ་ཚུལ་སྐོར་རྣམས་ཡིན།

རྩོམ་སྒྲིག་པས། ༢༠༡༤།༥།༢༠།