ཆུ་བྱི་དམག་འཁྲུག་
ཆུ་བྱི་དམག་འཁྲུག
[རྩོམ་སྒྲིག]རབ་བྱུང་བཅོ་ལྔ་པའི་ས་སྤྲེལ(༡༩༠༨)ལོའི་ཟླ༡༠པར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་པེ་ཅིང་ནས་བོད་དུ་ཕེབས་རྡོག་ཐོན་ཏེ་ས་བྱ(༡༩༠༩)ལོའི་ཟླ་༩ཚེས་༣༠ཉིན་ལྷ་སར་ཕེབས། ལོ་དེར་ཆིང་ཀྲུང་དབྱང་སྲིད་གཞུང་ནས་ཀྲའོ་ཨར་ཧྥུང་བོད་སྡོད་ཨམ་བན་དང་། ཟི་ཁྲོན་དང་ཡུན་ནན་མཐའ་མཚམས་དོན་གཅོད་བློན་ཆེན་དུ་བསྐོས་པ་དང་། ཀྲའོ་ཨར་ཧྥུང་གིས་ཟི་ཁྲོན་སྐམ་དམག་ནས་ཧྲག་སྒྲུག་མི་ཉིས་སྟོང་ཙམ་ཆབ་མདོ་བརྒྱུད་ལྷ་སར་བཏང་བ་དེ་དག་དམག་ཁྲིམས་ཧ་ཅང་ཞན་སྟབས་ལམ་བར་མི་སེར་ལ་རྡབ་སིག་ཆེ་བའི་ཐོག་གསོད་རྡུང་སྲེག་བཅོམ་བྱས་རྐྱེན་མི་རིགས་འབྲེལ་བར་གནོད་སྐྱོན་ཆེན་པོ་བྱུང་ཞིང་། ཀྲའོ་ཨར་ཧྥུང་གི་དམག་མི་ལྷ་སར་འབྱོར་སྐབས་ས་སྲུང་དམག་མིར(སྐབས་དེའི་བོད་ཀྱི་ས་སྲུང་དམག་མི་ཚོ་གྱོན་པ་སྣམ་བུ་སྔོན་པོ་དང་ཞྭ་མོ་སོག་ཞྭ་གྱོན་གྱི་ཡོད་སྐད)མེ་མདའ་བརྒྱབ་སྟེ་བསད། དེ་ཉིན་ལྕགས་བྱི(༡༩༡༠)ལོའི་བོད་ཟླ༡ཚེས༣ཡིན་སྟབས་ལྷ་ས་སྨོན་ལམ་གྱི་གྲལ་འཛིན་འཁེལ་བས་སྨོན་ལམ་སྤྱི་ཁྱབ་ཕུན་ཁང་ཐའི་ཇི་བཀྲ་ཤིས་རྡོ་རྗེ་དང་། ལས་རོགས་རྩེ་མགྲོན་འཇམ་དབྱངས་རྒྱལ་མཚན་གཉིས་ཕོ་བྲང་པོ་ཏ་ལ་ནས་གཙུག་ལག་ཁང་དུ་ཡོང་བའི་ལམ་བར་ཀླུ་སྦུག་རྒྱལ་སྒོའི(སྨན་རྩིས་ཁང་གི་ལྷོ་ངོས་ཐོག་རྩེག་ཚོང་ཁང་ཡོད་སའི་རྒྱུད)འགྲམ་དུ་ཟི་ཁྲོན་དམག་དང་ཐུག་པས་དེར་མེ་མདའ་བརྒྱབ་སྟེ་རྩེ་མགྲོན་འཇམ་དབྱངས་རྒྱལ་མཚན་དང་ཕུན་ཁང་ཐའི་ཇིའི་ཞབས་གྲས་གཅིག་བསད། ཕུན་ཁང་ཐའི་ཇི་རྨས་པ་སོགས་བྱུང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་དང་། བློན་ཆེན་བཤད་སྒྲ་དཔལ་འབྱོར་རྡོ་རྗེ། ཞོལ་ཁང་དོན་གྲུབ་ཕུན་ཚོགས། ཆང་ཁྱིམ་མཁྱེན་རབ་དཔལ་ལྡན། བཀའ་བློན་གསར་བྱུང་དང་། བསམ་ཕོ་བ། བཀའ་ཚབ་གུང་ཐང་པ་སོགས་ལྷ་ས་ནས་ཕེབས་ཐོན་ཟིན་པ་མ་ཟད། དགའ་ལྡན་ཁྲི་ཐོག་གྱ་བདུན་པ་ཚེ་སྨོན་གླིང་སྐུ་ཕྲེང་གསུམ་པ་བསྟན་པའི་རྒྱལ་མཚན་ལ་སྲིད་སྐྱོང་བསྐོས་པ་སོགས་དཔོན་རིགས་བྱིངས་ཚོས་ཤེས་རྟོགས་མེད་ཁར། རྫོང་རྒྱབ་སྤྲོ་ཁང་དུ་འཆར་ཅན་གྱི་ཚེས་གསུམ་ཐོག་མདའི་དུས་ཆེན་མཛད་སྒོ་སྤེལ་བཞིན་པའི་སར་གནས་ཚུལ་ཐོས་སྐབས་དཔོན་རིགས་འགའ་ཤས་ས་ཆ་དེ་རང་ནས་ཉེ་འདབས་གྲོང་གསེབ་ཁག་ཏུ་བྲོས་འགྲོ་མཁན་ཡང་བྱུང་སྐད། ཟི་ཁྲོན་དམག་ནས་གང་བྱུང་དུ་མི་གསོད་རྐུ་འཕྲོག་སོགས་བྱས་སྟབས་དེ་ཚོར་ངོ་རྒོལ་བྱེད་མཁན་ཇེ་མང་དུ་སོང་བས་དྲག་ཟིང་ལངས་པ་མ་ཟད། ཟི་ཁྲོན་དམག་ནང་ཁུལ་དུའང་འགལ་བ་ཆེན་པོ་བྱུང་ནས་ཟིང་ཆ་མང་པོ་ལངས་པ་སོགས་ལ་བརྟེན་ལྷ་སར་མི་བདེ་བའི་དྲག་ཟིང་ཆེན་པོ་བྱུང་། སྐབས་དེར་བཀའ་བློན་ཚ་རོང་དབང་ཕྱུག་རྒྱལ་པོས་བཀའ་ཤག་གི་གཙོ་འགན་འཁུར་བཞིན་པ་དེས་ཉིན་མོ་རྩེ་ཕོ་བྲང་དུ་བཀའ་ཤག་ལྷན་རྒྱས་སར་འགྲོ་བ་དང་། མཚན་མོ་ཀླུ་སྦུག་ཡ་མོན་ཨམ་བན་སར་འགྲོ་བ་སོགས(རེ་འགས་ལྷ་སར་བདེ་འཇགས་ཡོང་རེ་བྱས་པ་ཟེར་བ་དང་། ལ་ལས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཉན་རྣ་མཁན་ཡིན་སྐད། རེ་འགའས་ཟི་ཁྲོན་དམག་དཔུང་གི་ཉུལ་མ་རེད་ཟེར་བ་སོགས་ཤོད་སྟངས་མི་འདྲ་བ་འགའ་ཞིག་ཡོད)བྱས་པར་ལྷ་སར། སྔ་དྲོ་གསེར་བྱ་ཡིན་ཟེར། པོ་ཏ་ལ་ཕེབས་ཀྱིས། དགོང་མོ་གཡུ་བྱ་ཡིན་ཟེར། ཡ་མོན་གཞུང་ལ་ཕེབས་ཤག། ཟེར་བ་སོགས་ཡིག་སྐྱུར་སྦྱར་བ་དང་གླུ་གཞས་གཏོང་བ་སོགས་བྱས་ཏེ་གླེང་ཕྱོགས་བཟོས་མཐར་ཚ་རོང་བཀའ་བློན་དང་དེའི་བུ་བཀའ་མགྲོན་པོ་ཏ་ལའི་མདུན་དུ་དམར་གསོད་བཏང་། གཞན་ཡང་སྨོན་གྲོང་མགྲོན་གཉེར་ཆེན་མོ་དང་དེའི་ཚ་བོ་རྩེ་དྲུང་ཞིག་སོགས་ཟི་ཁྲོན་དམག་གི་དགའ་ཉེ་ཡིན་ཚུལ་གྱིས་བསད་འདུག ལྷ་སའི་གྲོང་ཁུལ་དེ་ལྷོ་བྱང་གཉིས་སུ་གྱུར་ཏེ་ལྷོ་ངོས་ཕལ་ཆེར་ཟི་ཁྲོན་དམག་གིས་བཟུང་བ་དང་བྱང་ངོས་རྣམས་བོད་དམག་གིས་བཟུང་། དེ་སྔ་ས་ཕག(༡༨༩༩)ལོར་བསྟན་རྒྱས་གླིང་གི་དགོན་བདག་སྲིད་སྐྱོང་ཟུར་པ་དེ་མོ་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས་ཀྱི་ཚ་བོ་ནོར་བུ་ཚེ་རིང་དང་དོན་ལྡན་སོགས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་བཀྲོང་སྟེ་དེ་མོ་བླ་བྲང་ནས་མུ་མཐུད་སྲིད་དབང་འཛིན་རྒྱུའི་རེ་བ་བཅངས་ཏེ་ཁམས་ཀྱི་ཉག་སྤྲུལ་དང་འཕྱོང་རྒྱས་དཔལ་རི་སྤྲུལ་སྐུ་སོགས་ལ་མཐུ་གཏད་ཐབས་བྱས་ཚུལ་གསང་བ་གྱར་སྟབས་དེ་མོ་སྲིད་ཟུར་དང་བླ་བྲང་གི་ལས་སྣེ་ལེ་ཐོགས་ཡོད་རིགས་འཛིན་བཟུང་ཐོག་འདྲི་ཞིབ་ཀྱིས་ངོས་ལེན་བྱས་པ་བཞིན་དེ་མོ་སྲིད་ཟུར་བསྟན་རྒྱས་གླིང་ཆོས་རར་མཚམས་སུ་བཞུགས་རྒྱུ་དང་། ནོར་བུ་ཚེ་རིང་སོགས་ལ་ཉེས་ཆད་ནན་པོ་བཅད་ཐོག་དེ་མོ་བླ་བྲང་གི་བདག་ཐོབ་གཞུང་བཞེས་སོགས་བྱས་པར་བསྟན་རྒྱས་གླིང་གྲྭ་ཚང་གི་ལས་སྣེ་ཁག་གཅིག་ནས་དུས་སྐབས་དང་བསྟུན་ཏེ་འཁོན་ལན་སློག་ཕྱིར་ཟི་ཁྲོན་དམག་དང་གཞོགས་འདེགས་ཀྱིས་བོད་ས་གནས་སྲིད་གཞུང་གི་ཁ་གཏད་དུ་ལངས་ཐོག་བསྟན་རྒྱས་གླིང་དགོན་པའི་ནང་ཟི་ཁྲོན་དམག་གི་རྟེན་གཞི་བྱས་ཏེ་ཕན་ཚུན་མེ་མདའ་རྒྱག་རེས་སོགས་བྱས་མཐར་ཟི་ཁྲོན་དམག་གིས་བཞི་སྡེ་དགོན་པ་མེ་ལ་བསྲེགས། བོད་དམག་དང་སེ་རའི་སེར་དམག(གྲྭ་པའི་དམག་མི)གིས་བསྟན་རྒྱས་གླིང་མེ་ལ་བསྲེགས་པ་སོགས་བྱས་པས་མཚོན་ལྷ་ས་གྲོང་ཁུལ་དུ་གཏོར་སྐྱོན་ཆེ་བ་བྱུང་། སྐབས་དེར་མི་འགའ་ཤས་ཀྱིས་དམག་འཁྲུག་གི་དུས་སྐབས་བེད་སྤྱད་དེ་རྐུ་འཕྲོག་བྱས་ནས་ཕྱུག་པོ་ཆགས་པར་བརྟེན་ཕྱིས་སུ་མི་དེ་ཚོར་དམག་རྒྱགས་པ་ཞེས་བཏགས་སྐད།