ཆ་རིས་སྐལ་བཟང་ཐོགས་མེད

ཡོང་ཁུངས་Wikipedia

སློབ་དཔོན་ཆེན་མོ་ཆ་རིས་སྐལ་བཟང་ཐོགས་མེད་ལགས་ནི་1963ལོའི་ཟླ་6ཚེས15ཉིན་མདོ་སྨད་ཀླུ་ཆུ་ནས་སྐུ་འཁྲུངས་ཤིང་། སྔ་རྗེས་སུ་བྱང་ཆུབ་ལོ་མའི་དཔེ་ཚོགས་སོགས་དཔེ་དེབ་བརྒྱ་ལྷག་རྩོམ་སྒྲིག་དཔར་སྐྲུན་གནང་ཡོད་ལ། ད་ལྟ་ཀྲུང་གོ་ཏུང་ཧོང་རིག་ཚོགས་གྲངས་ཉུང་མི་རིགས་སྐད་ཡིག་ཆེད་གཉེར་ཚོགས་པའི་ཚོགས་མི་དང་། རྒྱལ་ཡོངས་སྤྱི་ཚོགས་ཚན་རིག་ཁང་གི་ལས་གཞིའི་ཐེབས་རྩའི་རིམ་པ་དང་པོའི་ཆེད་མཁས་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་རིག་གཞུང་གདན་ཞུས་བློ་འདོན་པ། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་གདན་ཞུས་ཞིབ་འཇུག་པ་ཆེན་མོ། ཀན་སུའུ་ཝུའུ་ཝེ་བོད་རིག་པ་ཞིབ་འཇུག་ཚོགས་པའི་གདན་ཞུས་བློ་འདོན་པ། ཀན་སུའུ་ཝུའུ་ཝེ་གནའ་དཔེ་དག་སྒྲིག་ཚོགས་པའི་གདན་ཞུས་བློ་འདོན་པ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་དགེ་འདུན་ཆོས་འཕེལ་ཞིབ་འཇུག་ཚོགས་པའི་མཚན་འཛིན་ཚོགས་གཙོ་གཞོན་པ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཀྲུང་གོའི་སྐབས་བཅུ་གཉིས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གྲོས་ཨུ་ཡོན། 《མདོ་སྨད་ཞིབ་འཇུག》གི་གཙོ་སྒྲིག་པ་གཞོན་པ་སོགས་ཀྱི་ལས་འགན་གཅིག་ལྕོགས་སུ་ཁུར་ཡོད་པ་མ་ཟད། 1996ལོ་ནས་བཟུང་ད་ལྟའི་བར་ཤ་ཟད་རྡོ་རུས་ཐུག་པ་མཛད་ནས་མིའི་རིགས་སྤྱི་དང་བསྒོས་སུ་བོད་ཀྱི་རིག་གནས་དར་སྤེལ་ཆེད《བོད་བརྒྱུད་ནང་བསྟན་ཚིག་མཛོད་ཆེན་མོ་》རྩོམ་སྒྲིག་གནང་བཞིན་པ་ལགས་སོ།།