ཆ་ག་པ་

ཡོང་ཁུངས་Wikipedia

ཆ་ག་པ Locust འབུ་ཆ་ག་པ་ནི་ཆ་ག་པའི་ཁོངས་ཡིན་ལ་གཤོག་དྲང་སྡེའི་སྲིན་འབུ་ཡིན། ཨ་ཙག་ཚག་ཀྱང་ཟེར། འཛམ་གླིང་ཡོངས་སུ་རིགས་ཁྲི1ལྷག་ཡོད་པ་དང་། ཀྲུང་གོར་རིགས700ལྷག་ཡོད། འཛམ་གླིང་ཡོངས་ཀྱི་ཚ་ཁུལ་ས་ཆ་དང་ཚ་ཁུལ་བར་མའི་ས་ཆ། བྱེ་ཐང་ས་ཁུལ་དུ་གནས།

ངོ་སྤྲོད།[རྩོམ་སྒྲིག]

འབུ་ཆ་ག་པ་ནི་ཞིང་ལས་ཀྱི་གནོད་འབུ་གཏེ་བོ་ཡིན་ལ། འཛམ་གླིང་ཡོངས་སུ་རིགས་ཁྲི1ལྷག་ཡོད་པ་དང་། ཀྲུང་གོར་རིགས700ལྷག་ཡོད། འབུ་དེ་སུག་ཚིགས་སྲོག་ཆགས་རིས་ཀྱི་འབུ་སྲིན་རིགས་ལ་གཏོགས། ལུས་ཕུང་ཕྲ་ཞིང་རིང་ལ། ལུས་མདོག་ལྗང་གུ་དང་ཁམ་སེར་ཡིན་ཞིང་། ལུས་ངོས་སུ་ཆི་ཐིན་རྒྱུའི་ཕྱིའི་རུས་སྐོགས་ཡོད་པ་དེས་ལུས་ནང་གི་གཤེར་ཆ་འཛིན་ཐུབ་པས་མི་ཚད་ཕྱིའི་ཐན་པ་དང་བརླན་གཤེར་དང་འབུ་ཕྲ་ཡང་འགོག་ཐུབ་པ་རེད། སྐུད་ཕྲའི་གཟུགས་ཀྱི་དབང་རྭ་ཆ་གཅིག་ཡོད་པ་དང་། ཁ་ཆས་ནི་ལྡད་མུར་གྱི་རྣམ་པ་དཔེ་ཚབ་ཅན་གྱི་ཡིན། རྐང་ལག་དྲུག་གི་བར་རིང་ཞིང་རྐང་པ་རིང་པོར་བརྟེན་ནས་ས་ལ་འགྲོ་མཆོངས་བྱེད་པ་དང་། གཤོག་པ་ཡོད་པས་བར་སྣང་ལའང་འཕུར་ཐུབ་ཀྱི་ཡོད། ཟས་སུ་གྲོ་དང་འབྲས་ཀྱི་མྱུ་གུ་ཟ་བ་དང་དེ་མིན་རྩྭ་རིགས་སྣ་ཚོགས་ཟ།

རིགས་དབྱེ།[རྩོམ་སྒྲིག]

ཆ་ག་པ་ལ་ཚོགས་སྡོད་དང་ཐོར་སྡོད་བྱེད་པའི་སྐྱེ་ཁམས་དཔེ་སྲོལ་ཅན་རིགས་གཉིས་ཡོད། དེ་ལས་ཚོགས་སྡོད་ཆ་ག་པའི་ཁྱུ་ཚོགས་ཆེན་པོ་ནི་ཁ་བ་བུ་ཡུག་འཚུབ་པ་ལྟར་ལངས་ཡོང་ནས་གར་སླེབས་ས་ནས་ཞིང་ལས་ལོ་ཏོག་དང་རྩྭ་ལྡུམ་ལ་སོགས་ལྷག་མ་མེད་པར་ཟས་འགྲོ་བ་རེད། དཔེར་ན་སྤྱི་ལོ1988ལོར་ཧྥེ་གླིང་དབུས་ཁུལ་དུ་བྱུང་བའི་ཆ་ག་པའི་གོད་ཆགས་ནང་དུ་ཆ་ག་པའི་ཚོགས་ཀྱི་ལྗིད་ཚད་ཏུན་ཁྲི་ཚོ50ཡོད་ཚོད་འདུག་སྐད། ཆ་ག་པ་ལ་འཕུར་རྩལ་ཆེན་པ་ལྡན་པ་སྟེ། ཉིན་མཚན་ཁ་སྤྲོད་དུ་འཕུར་ཐུབ་པས་མཚོ་འགག་དང་རྒྱ་མཚོའི་ཕ་མཐར་བརྒལ་ནས་གང་ས་གང་དུ་གནོད་འཚེ་བཏང་ཡོང་གི་ཡོད།

སྐྱེ་འཕེལ།[རྩོམ་སྒྲིག]

ཆ་ག་པ་ནི་གཟུགས་འགྱུར་ཆ་ཚང་མི་བྱེད་པའི་འབུ་སྲིན་ཡིན་པ་སྟེ། སྒོ་ང་ལས་ནར་མ་སོན་པའི་འབུ་ཕྲུག་སྐྱེ་བ་དང་པགས་པ་ཐེངས5བརྗེས་རྗེས་འབུ་དར་མ་ཆགས་པ་རེད། རྩྭའི་གསེབ་དང་ས་ཁུང་དུ་སྒོ་ང་བཏང་ནས་ཕྱི་ལོའི་ཟླ4-5པའི་ནང་དུ་སྒོ་ང་ཁ་གས་ནས་ཟླ8-9བའི་ནང་ཕྲུ་གུ་དེ་ཆེན་པོ་ཆགས་ཐུབ།

ཁྱབ་ཡུལ།[རྩོམ་སྒྲིག]

ཆ་ག་པའི་གྲངས་འབོར་ཧ་ཅང་མང་ལ་གསོན་ཤུགས་ཐུམ་མེད་ཅིག་ཡིན། ས་གནས་སྣ་ཚོགས་ནས་འཚོ་ཐུབ་ཀྱང་རི་སྡེ་དང་ནགས་ཚལ། གཤོང་སའི་ས་ཁུལ། ཕྱེད་སྐམ་ཁུལ། ཡིན་ཡང་རྩྭ་ཐང་ནས་ཆེས་མང་བ་ཡིན།

གནོད་སྐྱོན།[རྩོམ་སྒྲིག]

ཆ་ག་པས་ཞིང་ལས་དང་ནགས་ལས། འབྲོག་ལས་སོགས་ལ་ཚད་མི་གཅིག་པའི་གནོད་སྐྱོན་བཟོ་ཀྱིན་ཡོད། འཛམ་གླིང་སྟེང་གི་ཆ་ག་པར་རིགས་ཁྲི1ལྷག་ཡོད་པ་དང་དེ་ལས་ཞིང་ལས་དང་ནགས་ལས། འབྲོག་ལས་ལ་གནོད་སྐྱོན་བཟོ་བའི་ཆ་ག་པའི་རིགས300ལྷག་ཡོད། ཨོའུ་གླིང་དང་ཡ་གླིང་གི་སྐམ་ས་ཆེན་པོའི་བྱང་འཕྲེད་ཐིག550ཡི་བྱང་ཕྱོགས་དང་འཛམ་གླིང་གི་ལྷོ་སྣེ་མ་གཏོགས་པའི་ས་ཆ་ཡོངས་ལ་ཆ་ག་པས་གནོད་སྐྱོན་ཐེབས་ཀྱི་ཡོད། འཛམ་གླིང་ཡོངས་ལ་ལོ་རེར་ཆ་ག་པས་གནོད་སྐྱོན་ཐེབས་པའི་སའི་རྒྱ་ཁྱོན་ནི་སྟོང་སྨི་གྲུ་བཞི་མ་ཁྲི4680ལྷག་ཡིན་པ་དང་། གོ་ལ་ཧྲིལ་བོའི་མི1/8ལ་དུས་རྒྱུན་ཆ་ག་པས་འཇབ་རྒོལ་ཐེབས་ཀྱི་ཡོད།

"https://bo.wikipedia.org/w/index.php?title=ཆ་ག་པ་&oldid=133922"ལས་སླར་རྙེད་སོང།