གྱང་ར་དགེ་བཤེས་བསྟན་པ་རྒྱལ་མཚན་

ཡོང་ཁུངས་Wikipedia

སེར་སྨད་ཐོས་བསམ་གླིང་གི་མཁན་ཟུར་རིན་པོ་ཆེ་བསྟན་པ་རྒྱལ་མཚན་(མཚན་གཞན་དགེ་བཤེས་གྱང་ར་)ཞུ་བ་ནི། ཕྱི་ལོ་1914ལོར་བོད་ཤར་ཕྱོགས་རྒྱལ་ཐང་གཏེར་མ་རོང་དུ་གྱང་ར་ཞེས་པའི་ཁྱིམ་ཚང་དབུལ་ཕྱུག་འབྲིང་རིམ་ཞིག་ཏུ་སྐུ་འཁྲུངས། གཞོན་ནུའི་དུས་ནས་རིག་རྩལ་ཆེ་ཞིང་ཀུན་སྤྱོད་བཟང་བ་བཅས་ལ་བརྟེན་ནས། ཁོང་གི་ཞང་པོ་གྱང་ར་སྡེ་པ་ཞུ་བ་ཞིག་ཡོད་པ་དེས། རྒྱལ་ཐང་དགོན་པ་དགའ་ལྡན་སུམ་རྩེན་གླིང་གི་སྒྲིག་ཁོངས་སུ་བཅུག སྐྱབས་རྗེ་ཟངས་འབུམ་རྡོ་རྗེ་འཆང་གོང་མ་ལས་རབ་ཏུ་བྱུང་། དགོན་པ་སྤྱིའི་འདོན་ཆོག་ཆ་ལག་དང་བཅས་པ་རྒྱུག་སྤྲོད་ཐོན་པ་མ་ཟད། ནང་གསེས་བཙན་བཟང་ཁང་ཚན་གྱི་ཐུན་མོང་མ་ཡིན་པའི་འདོན་ཆོག་དང་། དུང་རྒྱ་འབུད་གཏོང་སོགས་ཆོས་ཕྱོགས་ཆ་གའི་ཕྱག་ལེན་མཐའ་དག་རྒྱུག་སྤྲོད་ལེགས་ཐོན་གྱིས་མཁས་པར་གྱུར། ཕྱི་ལོ་1933ལོར་བོད་དབུས་ལྷ་ལྡན་དུ་ཕེབས་ཏེ་དབུས་གྱུར་ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྒྲིག་ཞུགས་མཛད་ཅིང་། གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་ཚུལ་བཞིན་གནང་སྟེ་མཁས་པའི་མཚན་སྙན་འབར་བཞིན་པའི་སྐབས་ཤིག་ནས་ལྷ་མཁར་རིན་པོ་ཆེའི་ཡོངས་འཛིན་གྱི་ཁུར་བཞེས་མཛད། ཕྱི་ལོ་1952ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་མཁས་དབང་ནམ་མཁའི་སྐར་ཚོགས་ལྟ་བུའི་དབུས་སུ་མདོ་ཕྱོགས་ཀྱི་སློབ་པ་མཐར་སོན་པའི་འབྲས་རྟགས་སུ། དགེ་བཤེས་ལྷ་རམ་པའི་དམ་བཅའ་འཇོག་གནང་མཛད་དེ། ཨང་རིམ་གྱི་གཟེངས་བསྟོད་ཐོབ། དེ་རྗེས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས། རྒྱུད་རྒྱལ་གསང་བ་འདུས་པ་ལ་སོགས་པའི་གསང་ཆེན་སྔགས་ཕྱོགས་ལའང་སྦྱངས་པ་མཐར་ཕྱིན་པར་གནང་སྟེ། སྔགས་ཀྱི་དམ་བཅའ་འཇོག་གནང་མཛད། ཕྱི་ལོ་1959ལོར་རྒྱ་གར་དུ་སྐྱབས་བཅོལ་ཕེབས་ཉིད་གང་མཚམས་ནས། ལ་དྭགས་རྒྱལ་སྲས་སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེ་མཆོག་ནས་ལ་དྭགས་བྱང་ཤར་ཁུལ་གྱི་དགོན་པ་འགའ་ཤས་སུ། གང་ཉིད་ཀྱི་སྐུ་ཚབ་དང་མཁན་པོ་གཅིག་ལྕོགས་ལྟ་བུར་བསྐོ་བཞག་གནང་བ་ལྟར་ཁུར་འགན་བཞེས། དེ་རྗེས་ལྡི་ལིར་ལ་དྭགས་ནང་པའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཆོས་དགེའི་མཚན་ཁུར་བཞེས་བཞིན་པའི་སྐབས་། ཕྱི་ལོ་1965ལོར་སེར་སྨད་གྲྭ་ཚང་གི་འཆར་ཕུལ། གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་རྟགས་རིན་པོ་ཆེ་སྤྱི་ཕེབས་དགོངས་དོན་ལྟར་སེར་སྨད་གྲྭ་ཚང་གི་མཁན་པོའི་མཛད་ཁུར་བཞེས། རིང་མིན་མཁན་པོའི་མཛད་ཁུར་དགོངས་ཞུས་བཀའ་ཁྲོལ་ཐོབ་སྟེ། ཐོས་དོན་སྒྲུབ་པ་ཉམས་སུ་བསྟར་བ་དང་། སྣོད་ལྡན་འགར་རིག་གནས་སོགས་རང་རང་འདོད་ཆོས་ཀྱིས་ཚིམས་པར་མཛད། དེང་སྐབས་ཟངས་འབུམ་མཆོག་སྤྲུལ་རིན་པོ་ཆེའི་ཡང་སྲིད་མཆོག་གི་སློབ་གཉེར་སོགས་ཀྱི་གནང་སྒོ་ཁག་ལ་གཟིགས་སྐྱོང་གི་སླད་དུ། རྒྱ་གར་ལྷོ་ཕྱོགས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་བཞུགས་བཞིན་པ་ལགས་ཤིང་།