Jump to content

གོང་ས་མཆོག

ཡོང་ཁུངས་Wikipedia

མཛད་རྣམ་མདོར་བསྡུས།


ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ཟླ་༥ཚེས་༥སྤྱི་ལོ་༡༩༣༥ཟླ་༦ཚེས་༧ྋགོང་ས་མཆོག་སྤྱི་ཟླ་༦ཚེས་༧ཉིན་འཁྲུངས་རུང༌། སྔོན་མ་སློབ་ གྲྭའི་གུང་གསེང་སོགས་དང་སྟབས་བསྟུན་གྱིས་འཁྲུངས་སྐར་དུས་ཆེན་སྤྱི་ཟླ་༧ཚེས་༦ཉིན་སྲུང་བརྩི་ཞུ་ལམ་བཏོད་པ་ལྟར་ད་ལྟའང་དེ་ལྟར་སྲུང་བརྩི་ཞུ་མུས་རེད། ཉིན་མདོ་སྨད་སྟག་འཚེར་དུ་ཡབ་ཡུམ་ རིགས་རུས་ཕུན་སུམ་ཚོགས་པའི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས།ཐོག་མའི་མཚན་ལ་ལྷ་མོ་དོན་གྲུབ་ཅེས་གསོལ། ྋརྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེར་ཆོས་འཁོར་རྒྱལ་ལྷ་མོའི་བླ་མཚོ་ནས་མཚོ་ མཇལ་བྱུང་བ་དང༌། བླ་ལྷ་ཁག་གི་ལུང་བརྟག་གཅིག་མཐུན་བྱུང་བར་མ་ཟད། གང་གི་སྔོན་གནས་རྗེས་དྲན་གྱི་མཛད་པ་ནས་ཀྱང་ྋརྒྱལ་བའི་ཡང་སྲིད་འཁྲུལ་བྲལ་དུ་ངེས་པ་རྙེད། བོད་ལྗོངས་ཚོགས་འདུ་ རྒྱས་འཛོམས་ཀྱི་ཐོག་ནས་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གཏན་འབེབས་ཞུས། མཚོ་སྔོན་ནས་གདན་དྲང་ཏེ་བོད་ས་ཡོས་ཟླ་༨ཚེས་༢༥སྤྱི་ལོ་༡༩༣༩ཟླ་༡༠ཚེས་༨ཉིན་ལྷ་ལྡན་རྒྱལ་སར་ྋཞབས་ སོར་འཁོད་དེ་བཀྲ་ཤིས་ཀྱི་དགའ་སྟོན་རྒྱ་ཆེན་པོ་མཛད། དེ་རྗེས་ལྷ་ལྡན་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་ྋརྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་མཆོག་གིས་སྐུ་སྐྲའི་གཙུག་ཕུད་བཞེས་ཏེ་མཚན་རྗེ་བཙུན་ འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་ཞེས་གསོལ། བོད་ལྕགས་འབྲུག་ཟླ་༡ཚེས་༡༤སྤྱི་ལོ་༡༩༤༠ཟླ་༢ཚེས་༢༢ཉིན་ཕོ་བྲང་ཆེན་པོ་པོ་ཏ་ལའི་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ཀྱི་གསེར་ཁྲིར་མངའ་གསོལ་ཞུས། དེ་ནས་ཐོུང་གི་སྣང་ངོར་རིགས་ཀྱི་ཅོད་པཎ་ཡོངས་འཛིན་རྣམ་པའི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔའི་རྩ་འགྲེལ་དང་དབང་བཀའ་རིག་གནས་དང་བཅས་པ་གསན་བཞེས་དང༌།སྐུའི་ན་ཚོད་དང་བསྟུན་བར་མ་རབ་བྱུང་དང༌། དགེ་ཚུལ། བསྙེན་རྫོགས་བཅས་ཀྱི་བསླབ་སྡོམ་རིམ་པར་བཞེས། དེ་དང་དུས་མཚུངས་འཛམ་གླིང་ཆབ་སྲིད་ཀྱི་འཕོ་འགྱུར་གནས་ཚུལ་སྤྱི་དང༌།བྱེ་བྲག་མང་གཙོའི་ལམ་སྲོལ་དང་ཚན་རིག་བཅས་ལ་ཐུགས་སྣང་ཆེན་པོས་ཞོར་སྦྱོང་མཛད། བོད་ས་གླང་སྤྱི་ལོ་༡༩༤༩ཟླ་༡༠ཚེས་༡ཉིན་བོད་ཀྱི་ཁྱིམ་མཚེས་རྒྱ་ནག་གི་སྲིད་དབང་གུན་ཁྲན་དམར་པོའི་གཞུང་གིས་འཕྲོག་མ་ཐག་བོད་ལ་བཙན་འཛུལ་བྱ་རྒྱུའི་འགོ་བཙུགས་ཏེ་བོད་གཞུང་དགའ་ལྡན་ཕོ་བྲང་ཆབ་འབངས་དང་བཅས་པ་ཛ་དྲག་གི་གནས་ལ་གྱར་བའི་སྐབས་སུ་བོད་ལྗོངས་ལྷ་མི་མགྲིན་གཅིག་གིས་ གསོལ་འདེབས་ཞུས་པ་ལྟར་ྋགོང་ས་མཆོག་དགུང་གྲངས་བཅུ་དྲུག་ཐོག་བོད་ལྕགས་སྟག་ཟླ་༡༠ཚེས་༨སྤྱི་ལོ་༡༩༥༠ཟླ་༡༡ཚེས་༡༧ཉིན་གང་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བསྐྱེད་ བཞེས་གནང༌།རྒྱ་དམར་གཞུང་དང་ཞི་བའི་གྲོས་མོལ་བྱེད་མཁན་སྐུ་ཚབ་ཆེད་གཏོང་གནང་བ་དང༌། དུས་བསྟུན་སྤྱི་ཚོགས་ཀྱི་ཆབ་སྲིད་བསྒྱུར་བཅོས་མཛད་བཞེས་ཀྱིས་ལེགས་བཅོས་སྤྱི་ཚོགས་ལས་ཁུངས་གསར་ འཛུགས་གནང༌། བོད་ཤིང་རྟ་སྤྱི་ལོ་༡༩༥༤ལོར་རྒྱ་ནག་གཞུང་གིས་གདན་ཞུས་ལྟར་རྒྱ་ནག་པེ་ཅིང་སོགས་སུ་ཕེབས་ཏེ་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་དང༌། སྲིད་བློན་ཀྲའུ་ཨེན་ལེ་སོགས་དཔོན་རིགས་མཇལ་འཕྲད་དང་རྒྱ་ནག་གི་སྤྱི་ཚོགས་གནས་སྟངས་གསལ་པོར་གཟིགས།དེ་ནི་ྋགོང་ས་མཆོག་ཕྱི་རྒྱལ་དུ་ཆིབས་སྒྱུར་གནང་བ་ཐེངས་དང་པོ་ཡིན། བོད་མེ་སྤྲེ་སྤྱི་ལོ་༡༩༥༦ལོར་རྒྱ་གར་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱི་གདན་ཞུས་ལྟར། སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་མི་ལོ་༢༥༠༠འཁོར་བར་དྲན་གསོ་ཞུ་སླད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་གནང༌། སྐབས་དེར་རྒྱ་གར་གྱི་སྲིད་འཛིན་ཌོག་ཊར་ར་ཇིན་རྡར་པར་སད་མཆོག་དང༌། སྲིད་འཛིན་སྐུ་གཞོན་ཌོག་ཊར་ར་རྡ་ཁིར་ཤི་ན། སྲིད་བློན་མི་རྗེ་ནེ་ཧ་རུ་བཅས་དང་མཇལ་འཕྲད་གནང་བར་མ་ཟད། ལྷག་པར་སྲིད་བློན་མཇལ་འཕྲད་སྐབས་བོད་ཀྱི་ཆབ་སྲིད་གནས་སྟངས་སྐོར་བཀའ་མོལ་གལ་ཆེ་གནང༌། སྐབས་དེར་རྒྱ་ནག་གི་སྲིད་བློན་ཀྲའུ་ཨེན་ལེ་ཡང་རྒྱ་གར་དུ་ཆེད་བཅར་ཞུས་པ་ལྟར་ཁོང་ལ་བོད་ཤར་ཕྱོགས་ཁུལ་གྱི་གནས་སྟངས་སོགས་བོད་མི་མང་གི་བདེ་སྡུག་གནས་སྟངས་སྐོར་ལེགས་ཆའི་འགྱུར་བ་ཡོང་ཐབས་ཀྱི་ བཀའ་མོལ་ནན་པོ་གནང་ཡོད། ཆབ་སྲིད་ཀྱི་མཛད་འཛིངས་ཆུ་གཉེར་ལྟ་བུའི་ཁྲོད་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཐའ་འཁྱོང་གནང་སྟེ་ས་ཕག་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་འདུན་འདུས་པ་ཁྲི་ཕྲག་ གཉིས་བརྒལ་བའི་དབུས་སུ་མཁས་མང་ཁྱུ་མཆོག་གི་མདུན་སར་ལྷ་རམས་མཚན་བཞེས་ཀྱི་དམ་བཅའ་འཇོག་པ་གནང༌། རྒྱ་དམར་གཞུང་གིས་དེ་སྔོན་བོད་ཤར་ཕྱོགས་ཁུལ་གྱི་བླ་དཔོན་མི་དྲག་མང་པོ་གསོལ་སྟོན་ཟེར་བར་བོས་ཏེ་འཛིན་བཟུང་བྱས་པའི་ཉམས་མྱོང་ལ་གཞིགས་ཏེ་བོད་ས་ཕག་ཟླ་༢ཚེས་༡སྤྱི་ལོ་༡༩༥༩ཟླ་༣ཚེས་༡༠ཉིན་ྋགོང་ས་མཆོག་སྟོན་འཁོར་ཉུང་ཤས་ཤིག་བོད་དམག་ཁུལ་ཁང་དུ་གཟིགས་མོར་གདན་ཞུའི་མགྲོན་བརྡ་ ཕུལ་བ་དང༌། སྐབས་དེར་མཚོན་ལྡན་སྐུ་སྲུང་དམག་མི་ཡང་རྣམ་ཀུན་ལྟར་མཉམ་ཁྲིད་གནང་ན་མི་འགྲིགས་པའི་གནས་ཚུལ་ཞུས་པ་སོགས་ྋགོང་ས་མཆོག་གློ་བུར་རྒྱ་ནག་ཏུ་གདན་འདྲེན་ཞུ་རྒྱུའི་ངན་འཆར་ བརྩམས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཡོངས་སུ་བརྡལ་བཤིག་གཏོང་བའི་གནས་ཚུལ་ཐོན་པར་རྒྱ་ཆེའི་བོད་མི་མང་འུ་ཐུག་བཟོད་བྲལ་གྱིས་དྲག་པོའི་ངོ་རྒོལ་བྱས་པ་དང་ཆབས་ཅིག་བོད་རང་དབང་ སྒེར་ལངས་ཀྱི་ཁྱབ་བསྒྲགས་བྱས་པ་དང༌། བོད་ཟླ་༢ཚེས་༨སྤྱི་ཟླ་༣ཚེས་༡༧ཉིན་གྱི་དགོང་མོ་ྋགོང་ས་མཆོག་ནས་བོད་ཀྱི་བསྟན་སྲིད་ཀྱི་དོན་ཆེན་ཐུགས་ལ་བཅངས་ཏེ་རྒྱ་དམག་གིས་མཐའ་སྐོར་བའི་དབུས་ནས་ ཉེན་གཡོལ་དུ་ཆིབས་སྒྱུར་གནང༌། མཐར་རྒྱ་གར་ས་ཐོག་ཏུ་ྋཞབས་སོར་བདེ་བར་འཁོད་དེ་སྤྱི་ཟླ་༤ཚེས་༡༨ཉིན་ཏི་ཛུ་པུར་དུ་རྒྱལ་སྤྱིའི་གསར་འགོད་པ་བརྒྱ་ཕྲག་ལ་བོད་རང་བཙན་གཙང་མའི་རྒྱལ་ཁབ་ལ་རྒྱ་དམར་ གཞུང་གིས་བཙན་འཛུལ་བྱས་པ་དང༌། བོད་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཁས་ལེན་གནང་རྒྱུ་མིན་པ་སོགས་ཡོངས་བསྒྲགས་གནང༌། དེ་ནས་མ་སུ་རིའི་བཞུགས་སྒར་དུ་ཕེབས་རྗེས་གཞུང་གི་བཀའ་བློན་ སོགས་མཐོ་རིམ་འགོ་ཁྲིད་རྣམ་པ་རྒྱས་འཛོམས་ཐོག་བཙན་བྱོལ་བོད་གཞུང་གི་ལས་ཁུངས་དང་འགན་བཞེས་མི་སྣ་བཅས་བཀོད་སྒྲིག་གནང༌།

བོད་ལྕགས་བྱི་སྤྱི་ལོ་༡༩༦༠ལོར་རིང་མོ་ཞིག་ནས་དགོངས་པར་ཡོད་པ་ལྟར་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་མི་མང་གི་འཐུས་མི་འོས་འདེམས་ཀྱིས་བོད་མི་མང་སྤྱི་ཚོགས་ལྷན་ཁང་གསར་འཛུགས་གནང་སྟེ་སྤྱི་ཟླ་ ༩ ཚེས་༢ཉིན་ལས་འཁུར་དམ་བཅའ་ཕུལ་བ་བཅས་བཙན་བྱོལ་བོད་གཞུང་མང་གཙོའི་ལམ་སྲོལ་དུ་བསྒྱུར་བཅོས་མཛད།བོད་ཀྱི་མ་འོངས་རྩ་ཁྲིམས་ཀྱི་ཟིན་བྲིས་བསྡུས་པ་ཞིག་འདོན་སྤེལ་དང༌། བོད་ཆུ་ཡོས་སྤྱི་ལོ་༡༩༦༣ལོར་བོད་ཀྱི་མ་འོངས་རྩ་ཁྲིམས་རྒྱས་པ་གཏན་འབེབས་མཛད།

བོད་ཕྲུག་ན་གཞོན་རྣམས་བོད་ཀྱི་མ་འོངས་སོན་རྩར་དགོངས་ཏེ་ཁོང་ཚོ་ཕྱི་ནང་གི་ཤེས་ཡོན་གཉིས་ལྡན་ཡོང་ཆེད་སྤྱི་ལོ་༡༩༦༠ཟླ་༣ཚེས་༣ཉིན་མ་སུ་རིར་ན་གཞོན་ལྔ་བཅུ་ཡོད་པའི་སློབ་གྲྭ་ཞིག་ཐོག་མར་གསར་འཛུགས་ བསྐྱངས་པ་དང༌།དེ་རྗེས་རིམ་པས་གཞི་རིམ་དང༌།འབྲིང་རིམ།མཐོ་རིམ་བཅས་ཁྱོན་སློབ་གྲྭ་དགུ་བཅུར་ཉེ་བ་གསར་འཛུགས་གནང་སྟེ་བཙན་བྱོལ་བའི་བུ་ཕྲུག་བརྒྱ་ཆ་བརྒྱ་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་པར་མ་ཟད། བོད་ ནང་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའི་ན་གཞོན་སྟོང་ཕྲག་མང་པོར་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད། ས་དགེ་བཀའ་རྙིང་བོན་དང་བཅས་པའི་རིས་མེད་ཀྱི་ཆོས་སྒར་དགོན་སྡེ་ཉིས་བརྒྱ་ལྷག་ཙམ་དང༌། བོད་ཀྱི་གསོ་རིག་སྨན་རྩིས་དང༌། ཕྱི་ལུགས་ཀྱི་སྨན་ཁང༌། ཟློས་གར། ལག་ཤེས་བཟོ་ལས་བཅས་ཀྱིས་གནས་གཞི་མང་པོ་གསར་ འཛུགས་གནང༌། རྒྱ་གར་ལྷོ་ཕྱོགས་མའེ་སོར་བེ་ལ་ཀོ་པིར་ཐོག་མར་མི་གྲངས་༦༦༠ཡོད་པའི་གཞིས་སྒར་ལུགས་ཟུང་བསམ་འགྲུབ་གླིང་འཛུགས་གནང་མཛད་པ་ནས་བཟུང་ད་ཆ་རྒྱ་བལ་འབྲུག་གསུམ་ཁུལ་དུ་བཟོ་ གཞིས་ཁག་དྲུག་ཅུ་བརྒལ་བའི་འཕེལ་རྒྱས་སོང་སྟེ་བོད་མིའི་སྤྱི་ཚོགས་ཀྱི་རྨང་གཞི་སྲ་བརྟན་ཞིག་ཆགས་ཡོད། ྋགོང་ས་མཆོག་ནས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་སུ་བོད་དོན་སྐོར་ཞུ་བསྐུལ་མཛད་པ་བཞིན་རྒྱལ་ཚོགས་ནས་བོད་མིར་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་པའི་རྒྱབ་སྐྱོར་གྱི་གྲོས་ཆོད་སྤྱི་ལོ་༡༩༥༩། ༡༩༦༡། ༡༩༦༥བཅས་སོ་སོར་བཞག་ཡོད།བོད་མེ་ལུག་སྤྱི་ལོ་༡༩༦༧ལོར་ྋགོང་ས་མཆོག་ཕྱི་རྒྱལ་ཡུལ་ཁག་དུ་ཆིབས་སྒྱུར་གནང་འགོ་ཚུགས་པ་ནས་བཟུང་ད་བར་ཨ་རི་དང༌། དབྱིན་ཇི། ཕ་རན་སི། ཨུ་རུ་སུ།ཇར་མ་ནི།ཉི་ཧོང༌། སོག་ཡུལ་སོགས་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་ཆིབས་སྒྱུར་གནང་སྟེ་སྲིད་འཛིན་སྲིད་བློན་གྱིས་གཙོས་པའི་དཔོན་རིགས་དང༌། ཆོས་ལུགས་ཁག་གི་བླ་ཆེན།ཚན་རིག་རིག་གནས་དང༌། ལོ་རྒྱུས་རིག་པ་སོགས་ཀྱི་གྲགས་ཅན་མི་མང་པོར་མཇལ་འཕྲད་གནང་བར་ཀུན་གྱིས་བརྩི་བཀུར་ཆེན་པོ་ཞུས་ཡོད། ྋགོང་ས་མཆོག་གིས་བོད་དོན་འཐབ་རྩོད་ཀྱི་ཐབས་ལམ་འཚེ་མེད་ཞི་བ་ཡིན་པ་གཏན་འཁེལ་གནང་བ་དང༌། རྒྱ་ནག་གཞུང་དང་འབྲེལ་བ་བསྐྱར་གསོ་བྱུང་སྟེ་བོད་དང་རྒྱ་ནག་བཅས་པར་གཟིགས་སྐོར་སྐུ་ཚབ་ཚོགས་པ་སྔ་རྗེས་གཏོང་གནང་མཛད་པས་བོད་གཞིས་བྱེས་མ་བུ་ངོ་འཕྲད་བྱུང་བ་དང༌། བོད་མེ་ཡོས་ལོ་སྤྱི་ལོ་༡༩༨༧ཟླ་༩ཚེས་༢༡ཉིན་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོག་ཀྱི་ཚོགས་འདུའི་ཐོག་ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ་འདོན་གནང་མཛད་པ་དང༌། དེ་རྗེས་ཡོ་རོབ་གྲོས་ཚོགས་ཁང་དུ་གོང་གསལ་དོན་ཚན་ལྔ་པའི་དོན་རྙིང་གསལ་བཤད། དེ་ཙམ་དུ་མ་ཟད་འཛམ་གླིང་གི་ཞི་བདེ་དང༌། འགྲོ་བ་མིའི་ཐོབ་ཐང༌། ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་ཁག་ཕན་ཚུན་བར་དག་སྣང་གིས་མཛའ་མཐུན་ཡོང་ཐབས་བཅས་ལ་ཐུགས་ཁུར་ཆེན་པོ་བཞེས་པར་བརྟེན།

བོད་ས་སྦྲུལ་སྤྱི་ལོ་༡༩༨༩ཟླ་༡༢ཚེས་༡༠ཉིན་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བྱ་དགའ་ཕུལ་ཏེ་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་བ་དང༌། དེ་མིན་རྒྱལ་ཁབ་གྲགས་ཅན་བཅུ་དྲུག་གི་ཁོངས་ནས་ཆེ་བསྟོད་གུས་བཀུར་ཀྱི་མཚན་གཟོས་རྟགས་མ་སོགས་དྲུག་ཅུར་ཉེ་བ་ཕུལ་ཡོད།

བོད་ལྕགས་རྟ་སྤྱི་ལོ་༡༩༩༠ལོར་མང་གཙོའི་བསྒྱུར་བཅོས་ཆེན་པོ་ཞིག་མཛད་དེ་བཙན་བྱོལ་དུ་བཞུགས་རིང་ཕྱག་བསྟར་གནང་རྒྱུའི་བཅའ་ཁྲིམས་གསར་བཟོ་དང༌། བོད་མི་མང་སྤྱི་འཐུས་ཀྱི་གྲངས་འབོར་སྤར་ཆ། ཆེས་ མཐོའི་ཁྲིམས་ཞིབ་ཁང་དང༌། ཁྲིམས་བཟོ་ལྷན་ཚོགས།འཛིན་སྐྱོང་བཀའ་ཤག་བཅས་མང་གཙོའི་ཀ་བ་གསུམ་གྱི་ངོ་བོ་དང་ལས་འགན་གཏན་འཁེལ་གྱིས་ཁྲིམས་ལུགས་ཀྱི་དབང་སྒྱུར་ལ་ཤུགས་བསྣོན། བཀའ་ བློན་རྣམ་པ་བོད་མི་མང་སྤྱི་འཐུས་ཀྱིས་འོས་འདེམས་གནང་རྒྱུའི་ལམ་སྲོལ་གཏོད། ལྷག་པར་ཉེ་ཆར་བཀའ་བློན་ཁྲི་པ་བཙན་བྱོལ་བོད་མི་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱེད་པའི་ཐོབ་ཐང་སྩལ་བ་སོགས་མང་གཙོ་ཚད་དང་ལྡན་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གནང༌། ད་བར་ཕྱི་ནང་གི་གདུལ་བྱ་འབུམ་ཕྲག་མང་པོར་དམ་པའི་ཆོས་ཀྱིས་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར་གནང་བར་མ་ཟད། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཡང་ཐེངས་ཉེར་དྲུག་གནང་ཡོད། མདོར་ན་ྋགོང་ས་མཆོག་གི་ཆོས་སྲིད་ཀྱི་མཛད་འཕྲིན་མཐའ་དག་བསྟན་པ་རྒྱས་ཞིང་འགྲོ་ཀུན་བདེ་བ་དང༌།ལྷག་པར་བོད་དོན་བདེན་མཐའ་གསལ་ལ་ཉེ་བའི་གཞི་རྩ་དམ་པར་གྱུར་ཏེ་དེང་གི་སྐབས་སུ་གངས་ཅན་བོད་མི་ཡོངས་རྫོགས་འཛམ་གླིང་སྐྱེ་བོ་ཀུན་གྱི་ཁྲོད་དུ་མགྲིན་པ་གཟེངས་སུ་བསྟོད་པའི་གཟི་བརྗིད་ཀྱི་དཔལ་ཡོན་རྒྱས་པ་འདི་ྋགོང་ས་

ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཁོ་ན་ཡིན་ནོ།།