གསང་སྔགས་ལམ་གྱི་མཚན་ཉིད་མདོར་བསྡུས་པ་

ཡོང་ཁུངས་Wikipedia

༄༅། །གསང་སྔགས་ལམ་གྱི་མཚན་ཉིད་མདོར་བསྡུས་པ་བཞུགས།

གསང་སྔགས་ཀྱི་སྒོར་ཞུགས་པའི་གང་ཟག་རྣམས་ཀྱི་རྒྱུད་ལ་ལམ་ཇི་ལྟར་སྐྱེ་བའི་ཚུལ་བསྟན་པ་ནི། སྤྱིར་ཐེག་པ་ཆེན་པོའི་ལམ་གྱི་དངོས་པོ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ཡིན་ཡང་། གསང་སྔགས་ཀྱི་གཞུང་ཕལ་མོ་ཆེ་ནས། ལམ་གྱི་དངོས་པོ་བསྙེན་སྒྲུབ་ཀྱི་བྱེ་བྲག་ཡིན་པར་གྲགས་ཏེ། དེ་བས་ཀྱང་གསང་སྔགས་ཀྱི་སྒོ་ནི། ཐབས་མང་ཞིང་ཡངས་པ་ཡིན་ཡང་། བསྙེན་སྒྲུབ་ཀྱི་མཚན་ཉིད་དུ་བསྡུ་རུ་རུང་ངོ་། །ལམ་དེ་ཡང་མདོར་བསྡུས་ཏེ་ཤེས་པར་བྱ་ན། ལམ་གྱི་མཚན་ཉིད་དང་། ལམ་གྱི་གོ་རིམ་དང་། ལམ་སྐྱེ་བའི་ཚུལ་རྣམས་ཤེས་པས་ཐམས་ཅད་བསྡུས་སོ། །དེ་ལ་ལམ་གྱི་མཚན་ཉིད་ནི། བསྙེན་སྒྲུབ་ཀྱི་བྱེ་བྲག་ཡིན་ཏེ། དེ་ཡང་ཁ་ཅིག་ལས་ཡན་ལག་བཞིར་གྲགས་ཏེ། འདི་ལྟར་བསྙེན་པ་དང་ཉེ་བའི་བསྙེན་པ་དང་། བསྒྲུབ་པ་དང་བསྒྲུབ་པ་ཆེན་པོའོ། །ཁ་ཅིག་ལས་གསུམ་དུ་གྲགས་ཏེ། བསྙེན་པ་དང་བསྒྲུབ་པ་དང་བསྒྲུབ་པ་ཆེན་པོ་མཚན་ཐོག་ཐག་པའོ། །ཁ་ཅིག་ལས་གཉིས་སུ་གྲགས་ཏེ། བསྙེན་པ་དང་བསྒྲུབ་པའོ། །ཁ་ཅིག་ལས་དངོས་གྲུབ་ཕྲ་མོ། ཁ་ཅིག་ལས་བསྙེན་སྒྲུབ་གོ་ཆུ་རུབ་ཀྱང་འབྱུང་ངོ་། །ཁ་ཅིག་ལས་བསྒྲུབ་པའི་བྱེ་བྲག་ཏུ་མིང་གྲགས་ཏེ། བསྒྲུབ་པ་དང་། རྗེས་སུ་བསྒྲུབ་པ་དང་། ཉེ་བར་བསྒྲུབ་པ་དང་། བསྒྲུབ་པ་ཆེན་པོ་ལ་སོགས་སུ་ཕྱེ་བ་དང་། དེ་བཞིན་དུ་སྦྱོར་བ་དང་། རྗེས་སུ་སྦྱོར་བ་དང་། རབ་ཏུ་སྦྱོར་བ་དང་། རྣལ་འབྱོར་ཆེན་པོ་ལ་སོགས་པ། མིང་གི་སྒོ་གཞན་དང་གཞན་དུ་འདོད་པ་ཡང་ཡོད་དེ། སྤྱིར་སྦྱར་ན། བསྙེན་བསྒྲུབ་ཀྱི་ཡན་ལག་ལས་མི་འདའ་འོ། །དེ་ཡང་ཐབས་ཀྱི་དངོས་གཞི་ནི། གནས་པ་གསུམ་གྱི་མཚན་ཉིད་ཡིན་ཏེ། འདི་ལྟར་དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་སྡོམ་པ་ལ་གནས་པ་དང་། བཟླས་བརྗོད་དང་། བསམ་གཏན་ལ་གནས་པའོ། །དེ་དག་གི་ཡུལ་ཡང་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་རྣམ་པ་གསུམ་ཡིན་ཏེ། ཕྱག་རྒྱ་ཐམས་ཅད་མདོར་བསྡུས་པའི་མཚན་ཉིད་ཡིན་ནོ། །གནས་སོགས་གསུམ་པོ་དེ་དག་རེ་རེའི་ཡུལ་དུ་ཡང་། སྐུ་གསུང་ཐུགས་གསུམ་ཀ་ཚང་བར་འགྱུར་མོད་ཀྱི། རེ་ཤིག་སྤྱིའི་དབང་དུ་ན། དཀའ་ཐུབ་དང་བརྟུལ་ཞུགས་ནི། ལུས་སྡུག་བསྔལ་སྤྱད་པ་དང་། རྣམ་པར་འགྱུར་བའི་མཚན་ཉིད་པས། ལུས་ཀྱི་བདེན་པའི་བྱིན་རླབས་ཉེ་བར་བསྒྲུབ་པའོ། །བཟླས་བརྗོད་ནི། ཆོས་ཀྱི་ཕྱག་རྒྱར་བརྗོད་པའི་དབང་དུ་གསུངས་པས། ངག་གི་བདེན་པའི་བྱིན་རླབས་འབྱུང་བར་བྱེད་པའི་མཚན་ཉིད་དོ། བསམ་གཏན་ནི། རྣམ་པར་རྟོག་པའི་བདག་ཉིད་པས། སེམས་ཀྱི་བདེན་པའི་བྱིན་རླབས་མྱོང་བར་བྱེད་པའི་བདག་ཉིད་དོ། །བྱིན་རླབས་དེ་དག་རེ་རེ་ལ་ཡང་། སྐྱེས་བུའི་རྩོལ་བའི་ནུས་མཐུ་དང་། རྒྱལ་བའི་བྱིན་རླབས་ཏེ། གཉིས་གཉིས་དང་ལྡན་པར་ཤེས་པར་བྱའོ། །དེ་ཡང་ལུས་ཀྱི་སྡུག་བསྔལ་དང་རྣམ་པར་བསྒྱུར་བ་རབ་འབྲིང་ཐ་གསུམ་དུ་སྤྱད་པ་ལས། འབྲས་བུ་རབ་འབྲིང་གསུམ་དུ་འགྱུར་བའི་ནུས་པ་ཡོད་པ་ནི། སྐྱེས་བུའི་རྩོལ་བའི་བྱིན་རླབས་སོ། །དེ་ལྟར་སྣོད་དུ་རུང་བའི་ལུས་ལ། ཆུ་དྭངས་པ་ལ་ཉི་ཟླའི་གཟུགས་བརྙན་འབྱུང་བ་བཞིན་དུ་རྒྱལ་བའི་བྱིན་རླབས་ཀྱིས་ཀྱང་བསྲངས་ཏེ་འབྱུང་བ་སྟེ། དེ་ལྟར་རྣམ་པ་གཉིས་ཚང་བ་ན་ལུས་ཀྱི་བྱ་བས་དངོས་གྲུབ་འབྱུང་བའི་ཚད་དུ་གྱུར་པ་ཡིན་ནོ། ། བཟླས་བརྗོད་བྱེད་པའི་དུས་ན། མང་དུ་བཟླས་ཤིང་དག་པར་བཟླས་པའི་མཐུས། ངག་བདེན་པ་འཐོབ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་འབྲས་བུ་འབྱིན་པར་ནུས་པ་ན། དངོས་གྲུབ་འབྱུང་བའི་དུས་ཡིན་ཏེ། དེའི་ཚེ་རྒྱལ་བའི་བྱིན་རླབས་ཀྱིས་ཀྱང་སྟོངས་བྱེད་པར་འགྱུར་ཏེ། དེ་ལྟར་བྱིན་རླབས་རྣམ་པ་གཉིས་ཡིན་ནོ། །བསམ་གཏན་གྱི་བྱིན་རླབས་ནི། འདི་ལྟར་བསམ་གཏན་གྱི་ཡུལ་གང་ཞིག ། ཡིད་ལ་བྱས་པའི་ཡུལ་དེ་ཡང་དང་ཡང་དུ་ཞེན་ཅིང་། ནུས་པ་བརྟན་པར་བྱས་པས་མངོན་དུ་གྱུར་པའི་ཚེ། ཇི་ལྟར་ཕྱི་རོལ་གྱི་ཁམས་དག་གིས་རྣམ་པར་ཤེས་པ་བསྐྱེད་ནུས་པ་དེ་བཞིན་དུ། བསམ་གཏན་གྱི་ཡུལ་གྱིས་རྣམ་པར་ཤེས་པ་སྐྱེད་ནུས་པ་ན། བསམ་གཏན་གྱི་དངོས་གྲུབ་གྲུབ་པའི་ཚད་དུ་གྱུར་པ་ཡིན་ཏེ། དེ་ནི་སྐྱེས་བུ་རྩོལ་བའི་བྱིན་རླབས་ལ། དེའི་ཚེ་རྒྱལ་བའི་བྱིན་རླབས་ཀྱིས་ཀྱང་། ཡོན་ཏན་ཁྱད་པར་ཅན་གྱི་གནས་ཀྱིས་བྱིན་གྱིས་རློབ་པར་འགྱུར་ཏེ། དེ་བས་ན་རལ་གྲི་ལ་སོགས་པའི་རྫས་ཤིག་གྲུབ་སྟེ། འབར་བ་དང་། དུ་བ་འབྱུང་བ་དང་ཚ་བར་གྱུར་པ་བྱུང་ན། དེའི་ཚེ་བྱིན་རླབས་རྣམ་པ་དྲུག་གི་མཐུས་བསྲངས་པར་ཤེས་པར་བྱའོ། ། དེ་ལ་དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་སྡོམ་པའི་ཡུལ། སྐུ་གསུང་ཐུགས་ཡིན་པ་ནི། དཀའ་ཐུབ་ཐམས་ཅད་ཀྱང་ལུས་ངག་ཡིད་གསུམ་གྱིས་བསྡུས་པ་ཡིན་ལ། བརྟུལ་ཞུགས་ཐམས་ཅད་ཀྱང་ལྷའི་སྐུ་གསུང་ཐུགས་ཀྱི་བརྟུལ་ཞུགས་ཡིན་ཏེ། དེ་བས་ན་དཀའ་ཐུབ་ཀྱིས་དག་པར་བྱས་པའི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབ་པ་ཡིན་པས། སྡོམ་པའི་ཡུལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་གསུམ་ཡིན་ནོ། །བཟླས་བརྗོད་ཀྱི་ཡུལ་ཡང་དེ་རྣམས་ཡིན་ཏེ། དམིགས་པ་དང་ཡན་ལག་ཏུ་བཅས་པའི་བཟླས་བརྗོད་ལ། དམིགས་པར་བྱ་བ་ཡང་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིན་ལ། བདག་ཀྱང་ཕྱག་རྒྱ་དེས་བཏབ་པའི་ཕྱིར་ཡུལ་དེ་ལས་མི་འདའོ། །དེ་བཞིན་དུ་བསམ་གཏན་གྱི་ཡུལ་ཡང་དེ་རྣམས་ཉིད་ཡིན་ཏེ། འདི་ལྟར་བསམ་གཏན་ནི། རྟོག་པ་དང་དཔྱོད་པ་དང་། སེམས་རྩེ་གཅིག་པ་ལ་སོགས་པའི་ཡན་ལག་གི་མཚན་ཉིད་ཡིན་ལ། བརྟག་ཅིང་དཔྱད་པར་བྱ་བ་དང་། སེམས་རྩེ་གཅིག་ཏུ་བྱ་བའི་ཡུལ་ཡང་། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྣམ་གསུམ་ཡིན་ཏེ། དེ་བས་ན་གཞུང་དག་ལས། རྣལ་འབྱོར་པའི་སྤྱོད་པའི་ཁྱད་པར་ནི། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་རྣམ་པ་གསུམ་ཡིན་ནོ། །ཞེས་གསུངས་པ་དང་། གཞི་དང་ལམ་དང་འབྲས་བུའི་ཆོས་ཐམས་ཅད་སྐུ་གསུང་ཐུགས་སུ་འདུས་པས། རྣལ་འབྱོར་གྱི་ཆོས་ནི་སྐུ་གསུང་ཐུགས་ཙམ་མོ། །ཞེས་ཀྱང་གསུངས་སོ། །དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཐབས་ཀྱི་ཆོ་ག་ནི་ཕྱག་རྒྱ་རྣམ་པ་གསུམ་ཡིན་ནོ། །ཞེས་གསུངས་པ་དང་། ཕྱག་རྒྱ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་གྱིས་བསྡུའོ། །ཞེས་ཀྱང་གྲགས་སོ། །དེ་ལ་སྡོམ་པ་དང་བཟླས་བརྗོད་དང་། བསམ་གཏན་གསུམ་གྱིས་བསྒྲུབ་པའི་འབྲས་བུའི་མཚན་ཉིད་ཀྱང་ཐོབ་པ་གསུམ་ཡིན་ཏེ། འདི་ལྟར་དངོས་གྲུབ་ཐོབ་པ་དང་། རྣལ་འབྱོར་ཐོབ་པ་དང་། ཐར་པ་ཐོབ་པའོ། །ཐོབ་པ་དེ་དག་རེ་རེ་ལ་ཡང་། ས་བོན་ཐོབ་པ་དང་། མངོན་དུ་གྱུར་བ་ཐོབ་པའི་བྱེ་བྲག་གིས། རྣམ་པ་དྲུག་ཡིན་ཏེ། དེ་ལས་ཐར་པའི་འབྲས་བུ་མངོན་དུ་གྱུར་པ་ཐོབ་པ་ནི། ཐབས་ཀྱི་འབྲས་བུ་ཡིན་ཏེ། འདི་ནི་འབྲས་བུའི་མཚན་ཉིད་ཁོ་ན་ཡིན་གྱི་ལམ་གྱི་མཚན་ཉིད་མ་ཡིན་ནོ། །ལྷག་མ་ལྔ་ནི་གནས་པ་གསུམ་གྱི་ནི་འབྲས་བུ་ཡིན་ལ། ཐར་པ་མངོན་དུ་གྱུར་པའི་འབྲས་བུའི་རྟེན་ཡིན་པས། ལམ་གྱི་མཚན་ཉིད་དུ་སྦྱར་རོ། །དེ་བས་ན་འདི་ལྟར་འགྱུར་ཏེ། ཐར་པའི་འབྲས་བུ་མངོན་དུ་གྱུར་པ་ཉིད་ཐོབ་པར་བྱ་བ་ལ། དང་པོར་དངོས་གྲུབ་ཐོབ་པ་ལ་བརྟེན་ནས་ཐར་པ་བསྒྲུབ་པར་ཡང་བྱ། དེ་བཞིན་དུ་རྣལ་འབྱོར་ཐོབ་པ་ལ་རྟེན་ནས་ཀྱང་བསྒྲུབ་པར་བྱ། བྱང་ཆུབ་སེམས་ཀྱི་བདག་ཉིད་ཐར་པའི་ས་བོན་ཐོབ་པ་ལས་ཀྱང་བསྒྲུབ་པར་བྱ་སྟེ། དེ་དག་ཀྱང་གཅིག་གི་མཐུ་ལ་བརྟེན་ནས། གཅིག་འགྲུབ་པར་འགྱུར་བ་ཡིན་ཏེ། འོག་ཏུ་ལམ་གྱི་གོ་རིམ་གྱི་སྐབས་སུ་ཞིབ་ཏུ་སྟོན་ནོ། །རྟེན་རྣམ་པ་གསུམ་པོ་འདི་ཡང་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་ཀུན་ལས་ཐུན་མོང་དུ་འབྱུང་སྟེ། དེ་ཡང་བྱ་བའི་རྒྱུད་ལས་ནི་ཕལ་ཆེར། དང་པོར་དངོས་གྲུབ་ཐོབ་པ་ལ་བརྟེན་ནས་ཐར་པ་བསྒྲུབ་པར་གསུངས་ཀྱང་། སྒོ་སོ་སོ་ཡང་གསུངས་ཏེ། མེ་ལ་གནས་པའི་བསམ་གཏན་ལྟ་བུ་ནི། དངོས་གྲུབ་ཐོབ་པར་བྱེད་པར་གསུངས། སྒྲ་ལ་གནས་པའི་བསམ་གཏན་ལྟ་བུ་ནི་རྣལ་འབྱོར་ཐོབ་པར་བྱེད་པར་གསུངས། །སྒྲའི་མཐའ་ལ་གནས་པའི་བསམ་གཏན་ལྟ་བུ་ནི། ཐར་བ་ཐོབ་པར་བྱེད་པར་གསུངས་པ་ལྟ་བུའོ། །རྣལ་འབྱོར་ཕྱི་ནང་གི་རྒྱུད་ཕལ་མོ་ཆེ་ལས་ཀྱང་། དང་པོར་ཕྱག་རྒྱ་ཐམས་ཅད་ལ་ཡིད་འབྱོར་པའི་རྣལ་འབྱོར་གཙོར་བྱས་ནས་དེ་ལ་བརྟེན་ནས་དངོས་གྲུབ་དང་ཐར་བ་བསྒྲུབ་པར་གསུངས་པ་དང་། ཁ་ཅིག་ལས་བསམ་གཏན་གྱི་ཡུལ་དོན་གྱིས་ཕྱག་རྒྱར་འདུ་ཡང་། ཕྱག་རྒྱའི་རྣལ་འབྱོར་ཞེས་མ་སྨོས་པར་རྣལ་འབྱོར་གྱི་ཡན་ལག ། བསམ་གཏན་དང་དགུགས་ཅིང་གཏོང་བ་ལ་སོགས་པས་བསྡུས་པ། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ལ་སོགས་པ་བརྟེན་ནས། དངོས་གྲུབ་དང་ཐར་པ་བསྒྲུབ་པར་གསུངས་ཀྱང། རྒྱུད་དེ་དག་ཉིད་དུ་ཡང་རྡོ་རྗེ་ལ་སོགས་པའི་མཚན་མ་དང་། སྐུ་ལ་སོགས་པའི་རྫས་ལ་བརྟེན་ནས། དང་པོར་རིག་འཛིན་གྱི་དངོས་གྲུབ་ཐོབ་པར་བྱས་ཏེ། དེ་ལ་བརྟེན་ནས་ཐར་པ་ཐོབ་པར་བྱ་བ་ཡང་གསུངས་ལ། ཆོས་བདག་མེད་པའི་བློ་དང་། དེ་བཟླས་བརྗོད་དང་བསམ་གཏན་ལ་བརྟེན་ནས། དེ་ལམ་དེ་ཉིད་ལ་སྦྱར་བ་ཡང་གསུངས་སོ། །དེ་བས་ན་རྟེན་འདི་གསུམ་ནི། བྱ་བ་དང་། རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་སྤྱིར་ཤེས་པར་བྱའོ། །དེ་དག་གི་སྤྱོད་པའི་གནས་སྐབས་ཀྱི་ཁྱད་པར་གྱིས་ནི། སྤྱོད་པ་རྣམ་པ་གསུམ་དུ་འགྱུར་ཏེ། འདི་ལྟར་འཇུག་པ་དང་སྦྱོར་བའི་སྤྱོད་པ་དང་། དངོས་གྲུབ་བསྒྲུབ་པའི་སྤྱོད་པ་དང་། གྲུབ་པའི་སྤྱོད་པའོ། །དེ་ལ་འཇུག་པའི་སྤྱོད་པ་ནི། དང་པོར་ཐེག་པ་ཆེན་པོ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་ཡོངས་སུ་བཟུང་བ་དང་། དེས་བསྟན་པའི་གསང་བའི་ལམ་དུ་ཞུགས་ཏེ་དབང་ཐོབ་པར་བྱ་བ་དང་། དེའི་ཚེ་ཐེག་པ་ཆེན་པོའི་དམ་ཚིག་གི་སྡོམ་པ་ནོས་ཏེ་དམ་ཚིག་ཅན་དུ་བྱ་བ་དང་། དེ་ནས་སྤྱོད་ཡུལ་གྱི་དེ་ཁོ་ན་ཉིད་ཐམས་ཅད་ཕྱིན་ཅི་མ་ལོག་པར་བསླབས་ཏེ་མན་ངག་ཅན་དུ་བྱ་བ་དང་། དེ་ནས་ཀྱང་སྤྲོ་བ་མི་ལྷོད་བརྩོན་པ་མི་འདོར་བར་ཇི་ལྟར་སྡོམ་པ་མནོས་པ་བཞིན་དུ་ཉམས་སུ་བླང་བར་བྱ་བ་ནི། དངོས་གྲུབ་ཀྱི་སྣོད་དུ་འགྱུར་བའི་ཡན་ལག་རྣམས་ཡིན་ནོ། ། ཚུལ་འདི་ནི་བྱ་བའི་རྒྱུད་ལས་ཀྱང་འཇུག་པའི་ཡན་ལག་འདི་དག་ཀྱང་གསུངས་ནས། བྱང་ཆུབ་སེམས་དང་དེ་ཉིད་གསུམ། །གང་གིས་ཤེས་ན་དངོས་གྲུབ་སྣོད། །ཅེས་བྱ་བ་ལ་སོགས་པའང་གསུངས་སོ། །རྣལ་འབྱོར་གྱི་རྒྱུད་ལས་ཀྱང་། དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང་། །དམ་ཚིག་རྣམ་པར་སྤངས་པ་ན། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབ་པ་ཅི་ཡང་མི་འགྲུབ་བོ། །ཞེས་བྱ་བ་ལ་སོགས་པ་རྒྱུད་དང་སྒྲུབ་ཐབས་ཕལ་མོ་ཆེ་ནས། ཡན་ལག་འདི་དག་དང་པོར་འཇུག་པའི་རིམ་པར་སྨོས་པས་དེ་བཞིན་དུ་ཤེས་པར་བྱའོ། །དངོས་གྲུབ་སྒྲུབ་པའི་སྤྱོད་པ་ནི། བསྙེན་སྒྲུབ་ཀྱི་བྱེ་བྲག་སྟེ། དེ་ཡང་བསྙེན་པ་ནི། འདོད་པའི་དོན་ཐོབ་པར་བྱ་བ་ལ་བསྙེན་ཅིང་བསྟེན་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །དེ་ཡང་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་བརྟེན་ནས་དེ་ཉིད་ལ་སྦྱངས་ཏེ་བསྙེན་པར་བྱེད་པའི་ཚུལ་ཡང་ཡོད། དུས་དང་གྲངས་དང་མཚན་མ་ལ་དམ་བཅས་ཏེ་བྱེད་པའི་ཚུལ་ཡང་ཡོད་དོ། །བསྒྲུབ་པ་ནི་འདོད་པའི་དོན་མངོན་དུ་སྒྲུབ་པར་བྱེད་པས་དེ་སྐད་ཅེས་བྱ་སྟེ། དེ་ཡང་རང་གི་ལུས་ཀྱི་བྱེ་བྲག་གམ། ཕྱི་རོལ་གྱི་མཚན་མ་ལ་སོགས་པའི་རྫས་ལ་བརྟེན་ནས་འདོད་པའི་དོན་སྒྲུབ་པར་བྱེད་པའམ། རང་གི་ཤེས་རབ་དང་ཏིང་ངེ་འཛིན་མངོན་དུ་གྱུར་བར་བྱས་ཏེ་སྒྲུབ་པའོ། །བསྙེན་སྒྲུབ་གསུམ་ལྟར་ན། ནུབ་ཐ་མ་ཐོག་ཐག་པ་ནི་བསྒྲུབ་པ་ཆེན་པོར་སྦྱར་རོ། །ཡན་ལག་བཞི་ལྟར་ན། བསྙེན་པ་ལེགས་པ་གདིང་དུ་གྱུར་པ་ན་ཉེ་བར་བསྙེན་པ། བསྒྲུབ་པ་དངོས་གྲུབ་ལེན་ཀ་མ་ནི་བསྒྲུབ་པ་ཆེན་པོ་སྟེ། དེ་ལྟར་ཡན་ལག་བཞིའོ། །བསྙེན་སྒྲུབ་ཀྱི་ཡན་ལག་འདི་རྣམས་ཀྱིས་ལམ་བསྡུས་པའི་ཚད་ནི། ལས་དང་པོ་པའི་རྣལ་འབྱོར་ནས་བཟུང་སྟེ། སངས་རྒྱས་ཀྱི་ས་ལ་ཐུག་གི་བར་དུ། ལམ་ཐམས་ཅད་བསྡུས་པའང་ཡིན་ལ། ཐུན་མོང་གི་དངོས་གྲུབ་ཆེན་པོ་གཅིག་ལྟ་བུ་ལ། བསྙེན་སྒྲུབ་ཀྱི་ཡན་ལག་ཚང་བར་སྦྱོར་བའི་སྐབས་ཀྱང་ཡོད་དེ། མདོར་ན་སེམས་དཔས་འཕངས་གཅིག་གིས་བསྡུས་པའི་ཏིང་ངེ་འཛིན་ལ་ཡན་ལག་རྫོགས་པར་སྟོན་པས། ཐམས་ཅད་བསྙེན་བསྒྲུབ་ཀྱིས་བསྡུས་པར་སྟོན་ཏོ། །བསྙེན་སྒྲུབ་ཀྱི་ཡུལ་ཡང་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་གསུམ་ཡིན་ལ། རྟེན་གཞི་ཡང་དཀའ་ཐུབ་ལ་སོགས་པ་གནས་པ་གསུམ་གྱི་མཚན་ཉིད་ཡིན་ནོ། །འབྲས་བུ་ཡང་ཐོབ་པ་གསུམ་ཡིན་ཏེ། དེ་བས་ན་ལམ་གྱི་དངོས་པོ་ནི་བསྙེན་སྒྲུབ་ཀྱིས་བསྡུས་སོ་ཞེས་བཤད་དོ། །དེ་དག་ནི་ལམ་གྱི་མཚན་ཉིད་བསྟན་པའོ། ། ད་ནི་ལམ་གྱི་གོ་རིམ་བསྟན་པར་བྱ་སྟེ། དེ་ལ་ཁ་ཅིག་ནི་དང་པོར་དངོས་གྲུབ་ཐོབ་པར་བྱས་ཏེ། དེས་ལས་ཀྱི་རྣམ་པར་སྨིན་པ་བཟློག་ཅིང་། ཚེ་ལ་དབང་ཐོབ་པར་བྱས་ནས་སངས་རྒྱས་ཞལ་མཐོང་བའི་སྐལ་པ་དང་ལྡན་པར་བྱས་ཏེ། ཅུང་ཟད་ཅིག་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་འབྱོར་བའི་ལོངས་སྤྱོད་ལ་བརྩེ་ཞིང་ངལ་གསོ་སྟེ། དེ་ནས་མཐོང་བའི་ཚེ་དེ་ཉིད་དམ་སྐྱེ་བ་གཞན་ལ་སངས་རྒྱས་ཀྱི་ཞིང་དུ་སོང་ནས། སངས་རྒྱས་རྣམས་ཀྱི་ཞལ་མཐོང་ཞིང་། མཉམ་པ་མེད་པའི་ཆོས་ཐོས་ཏེ། དེའི་དབང་གིས་རང་གི་རྒྱུད་ལ་ཤེས་རབ་དང་ཏིང་ངེ་འཛིན་ཁྱད་པར་ཅན་བསྐྱེད་དེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་དེ། དེ་ནི་གང་དག་འཁོར་བའི་སྡུག་བསྔལ་གྱིས་ཉེན་ནས་སྡུག་བསྔལ་དེ་དག་མི་མྱོང་བར་བྱ་བ་དང་། བདེ་བའི་ལོངས་སྤྱོད་ལ་ཅུང་ཟད་ངལ་གསོ་བར་བྱ་བ་དང་། མྱུར་དུ་ཕན་པར་བྱ་བའི་ཕྱིར་སྤྱོད་དེ། དེས་ན་དཔེར་ན་ཉན་ཐོས་དག་འཁོར་བའི་སྡུག་བསྔལ་གྱིས་སྐྱོ་ནས་བདག་མྱུར་དུ་ཐར་བར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དམིགས་པ་དང་བཅས་པའི་ས་ལ་གནས་པའི་ཡེ་ཤེས་དང་། མི་ལྕོགས་པ་མེད་པའི་བསམ་གཏན་ལ་བརྟེན་ནས། ལས་ཀྱི་ཚེ་བཀག་པ་དང་། སངས་རྒྱས་ཀྱི་ཞལ་མཐོང་བའི་སྐལ་པ་ཅན་དུ་བྱས་ཏེ། རང་གི་འབྲས་བུ་ཐོབ་པར་བྱས་ནས། ཅུང་ཟད་ཅིག་མཐོང་བའི་ཆོས་ལ་བདེ་བར་གནས་ཏེ། མཐར་སངས་རྒྱས་ཀྱིས་བསྐུལ་ནས། ཐེག་པ་ཆེན་པོའི་སེམས་བསྐྱེད་དེ། རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་ལ་སྦྱོར་བར་གསུངས་པ་དང་ཚུལ་ཆ་མཐུན་པ་ཡིན་ནོ། །ཁ་ཅིག་ནི་དང་པོར་རྣལ་འབྱོར་ཐོབ་པར་བྱས་ནས། དེའི་མཐུས་རིག་འཛིན་གྱི་དངོས་གྲུབ་ཀྱང་ཐོབ་པར་བྱས་ཏེ། དེ་ཉིད་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཚུལ་ཡང་ཡོད་དེ། དེ་ནི་དཔེར་ན་རང་སངས་རྒྱས་དག ། བརྗོད་དུ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པའི་ཡེ་ཤེས་དང་ཏིང་ངེ་འཛིན་གྱིས། ལས་ཀྱི་ཚེ་རྣམ་པར་སྦྱོང་བའི་མཐུ་ཁྱད་པར་ཅན་ཐོབ་པར་བྱས་ནས། དེ་བཞིན་དུ་སངས་རྒྱས་ཀྱིས་བསྐུལ་ཏེ། ཐེག་པ་ཆེན་པོར་སེམས་བསྐྱེད་ནས་བླ་ན་མེད་པའི་བྱང་ཆུབ་ལ་རིམ་གྱིས་སྦྱོར་བར་བྱེད་པར་གསུངས་པ་དང་ཚུལ་ཆ་མཐུན་པ་ཡིན་ནོ། །ཁ་ཅིག་ནི་དང་པོ་ཉིད་དུ་བྱང་ཆུབ་ཏུ་སེམས་ བསྐྱེད་ནས། དེའི་སྙིང་སྟོབས་ཆེན་པོ་ཉེ་བར་བཟུང་སྟེ། ཤེས་རབ་དང་སྙིང་རྗེ་ལྡན་པའི་ཏིང་ངེ་འཛིན་བྱང་ཆུབ་ཆེན་པོར་འཕགས་པའི་ཤུགས་དེ་ཉིད་ལ་གོམས་པར་བྱེད་ཅིང་། དེ་ཉིད་ལ་གོམས་པར་སྦྱོར་བའི་སྟོབས་ཀྱིས། རིག་འཛིན་གྱི་ས་ཡང་ཐོབ་པར་བྱེད་ཅིང་། བྱང་ཆུབ་ཆེན་པོར་ཡང་སྦྱོར་བར་བྱེད་དེ། དེ་ནི་དཔེར་ན་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། སྙིང་སྟོབས་ཆེན་པོ་ཉེ་བར་བཟུང་སྟེ། ལས་ཀྱི་ཚེ་བསྐྱེད་པ་ལ་མོས་པར་བྱས་ནས། ཤེས་བྱ་ལ་ཡེ་ཤེས་བསྐྱེད་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱིས། དབང་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའི་ས་ཐོབ་པར་བྱེད་ཅིང་བླ་ན་མེད་པའི་བྱང་ཆུབ་ཀྱང་ཐོབ་པར་བྱེད་པར་གསུངས་པའི་ཚུལ་དང་ཆ་མཐུན་པ་ཡིན་ནོ། །དངོས་གྲུབ་ཐོབ་པ་དེ་དག་ཀྱང་། མཐོང་བའི་ཆོས་ལ་ཐོབ་པ་དང་། བར་མ་དོའི་སྲིད་པ་ལ་ཐོབ་པ་དང་། སྐྱེས་ནས་ཐོབ་པ་དང་། ལན་གྲངས་གཞན་ལ་ཐོབ་པ་ཡང་ཡོད་པར་ཤེས་པར་བྱའོ། །དེ་ལ་ཡང་ཐུན་མོང་གི་དངོས་གྲུབ་ཏུ་གཏོགས་པའི་བྱེ་བྲག་རིག་འཛིན་གྱི་ས་ཐོབ་ནས། ཕྱིར་ལྡོག་པར་འགྱུར་བའི་ཉེས་པ་ཡང་སྲིད་དེ། དེ་ནི་བྱང་ཆུབ་ཀྱི་སྙིང་སྟོབས་ཞན་པ་དང་། དེ་བཞིན་དུ་སྨོན་ལམ་ཞན་པ་དང་། དངོས་གྲུབ་ཀྱི་དྲེག་པས་མྱོས་པར་འགྱུར་ཏེ། བག་མེད་པར་གྱུར་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་ལས་འབྱུང་ངོ་། །མཆོག་གི་དངོས་གྲུབ་ཏུ་གཏོགས་པའི་རིག་འཛིན་ཐོབ་ནས་ནི་ཕྱིར་ལྡོག་པ་མེད་དོ། །དེ་བས་ན་ཐོབ་པ་གསུམ་ནི་འབྲས་བུའི་རྟེན་དུ་གྱུར་པ་ཡིན་ནོ། །དེ་ལས་གྲུབ་པའི་སྤྱོད་པར་གསུངས་པ་དངོས་གྲུབ་ཐོབ་པ་རྣམས་ཀྱི་སྤྱོད་པ་བདག་དང་གཞན་གྱི་དོན་མངོན་དུ་བྱེད་པ་ཡང་རྟེན་གྱི་ཁོངས་སུ་འདུའོ། །དངོས་གྲུབ་མ་ཐོབ་པ་རྣམས་ཀྱི་སྤྱོད་པ་ལས་རྣམ་ པ་བཞིས་བདག་དང་གཞན་དོན་བྱེད་པ་ནི། མ་འོངས་པར་དངོས་གྲུབ་དང་བྱང་ཆུབ་ཐོབ་པའི་སྐལ་པ་ཅན་དུ་གྱུར་པའི་རིགས་སོ། །ད་ནི་རྒྱུད་ལ་ལམ་ཇི་ལྟར་སྐྱེ་བའི་ཚུལ་བསྟན་པར་བྱ་སྟེ། དེ་ལ་ཐུན་མོང་གི་དངོས་གྲུབ་སྔོན་དུ་སོང་བའི་ལམ་ལ་ནི། དང་པོར་ཟག་པ་དང་བཅས་པའི་ལམ་གྱི་ཡོན་ཏན་ཐོབ་པར་བྱས་པའི་ཚེ། ཟག་པ་མེད་པའི་ས་བོན་བཞག་པ་རྣམས་ལ་བརྟེན་ནས། ཕྱིས་དེ་བཞིན་གཤེགས་པའི་ཞལ་མཐོང་སྟེ། མཉམ་པ་མེད་པའི་ཆོས་ཐོས་པ་ན་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་སྟེ། ཡེ་ཤེས་ཟག་པ་མེད་པ་རྒྱུད་ལ་སྐྱེའོ། །དེ་བས་ན་རིམ་གྱིས་རྒྱས་པར་འགྱུར་ཏེ། བྱང་ཆུབ་ཆེན་པོ་ལ་སྦྱོར་རོ། ། རྣལ་འབྱོར་སྔོན་དུ་སོང་བ་རྣམས་ནི། བསྙེན་པའི་དུས་སུ་རྣལ་འབྱོར་གྱི་ཡན་ལག་རྣམས་ཐོབ་པར་བྱེད་པ་ནི། ཏིང་ངེ་འཛིན་དབང་དུ་གྱུར་པའི་དུས་སུ། ཤེས་བྱ་དང་ཤེས་པའི་མཚན་ཉིད་དུ་སྐྱེ་བའི་རྣམ་པར་རྟོག་པ་ཟད་པའམ་ཡེ་ཤེས་དང་པོ་སྐྱེ་སྟེ། ཟག་པ་མེད་པའི་སེམས་ཐོབ་བོ། །དེ་ཡན་ཆད་ནི་བསྙེན་པའི་ཁོངས་སུ་བསྡུའོ། །ཡེ་ཤེས་ཅུང་ཟད་ཐོབ་པའི་རྣལ་འབྱོར་པ་ཞེས་ཀྱང་གྲགས་སོ། །དེ་བས་ཤིན་ཏུ་གོམས་པར་བྱས་པ་དང་། ཉེ་བའི་བསྙེན་པའི་སྐབས་སུ། གཟུང་འཛིན་དང་བྲལ་བའི་ཡེ་ཤེས་བརྟན་པ་ཐོབ་སྟེ། དེ་ནི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པ་ཞེས་ཀྱང་བྱའོ། །དེ་ནས་བསྒྲུབ་པ་ལ་ཞུགས་ཏེ་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་བདག་ཉིད་མངོན་དུ་གྱུར་པ་ཐོབ་སྟེ། ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཡང་ཐོབ་པས། དེ་ཡན་ཆད་ནི་ཡང་དག་པའི་ཡེ་ཤེས་མངོན་དུ་གྱུར་པའི་རྣལ་འབྱོར་པ་ཞེས་བྱའོ། །བསྒྲུབ་པ་ཆེན་པོ་ནི། ཡེ་ཤེས་རྡོ་རྗེ་ལྟ་བུ་ཐོབ་ནས་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་མངོན་དུ་གྱུར་པ་ཉིད་ལ་བྱའོ། །དང་པོར་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་སྔོན་དུ་འགྲོ་བ་རྣམས་ ཀྱི་ཚུལ་ལ་ནི། ལྷག་པར་བསྙེན་བསྒྲུབ་ཀྱི་རིམ་པ་གུད་དུ་ཕྱེ་བ་ཡང་མེད་དེ། སྤྱིར་དེ་ལས་མི་འདའ་བ་ཙམ་དུ་ཟད་དོ། །དེ་ལ་དང་པོ་ཉིད་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། ཆོས་ཐམས་ཅད་རྡོ་རྗེ་ལྟ་བུ་རྣམ་པ་གསུམ་གྱི་རང་བཞིན་དུ་དབྱེར་མེད་པར་རྟོགས་པར་བྱས་ནས། དེ་ཉིད་ལ་མ་ཡེངས་པར་ཡང་དང་ཡང་དུ་གོམས་པར་བྱས་པའི་དུས་ན། དང་པོ་གཟུང་འཛིན་དུ་སྣང་བའི་རྣམ་པར་རྟོག་པ་མ་ལོག་ཀྱང་། གཟུང་འཛིན་གྱི་དངོས་པོར་ཞེན་པའི་རྟོག་པ་ལྡོག་སྟེ། དེའི་སྟོབས་ཀྱིས་བདག་ཏུ་ལྟ་བའི་གནས་ལས་བྱུང་བའི་ཉོན་མོངས་པ་རྣམས་ཀྱང་མཐུ་ཆུང་བར་འགྱུར་ཏེ། ཡུལ་ཡིད་དུ་འོང་བའམ་མི་འོང་བ་སྣང་ཡང་། ཆགས་སྡང་སྟོབས་ཅན་མི་སྐྱེ་ལ། ཇི་ལྟར་སྣང་ཡང་དེའི་མཚན་ཉིད་དུ་ཞེན་པ་དྲག་པོའང་མི་སྐྱེ་སྟེ། འདི་ནི་བདག་ཏུ་ལྟ་བའི་གནས་རྣམས་སྨད་པའི་དྲོད་ཚད་དང་པོ་ཡིན་ནོ། །དེ་བཞིན་དུ་ཡང་ནས་ཡང་དུ་གོམས་པར་བྱས་པ་དང་། སྣང་བ་མ་ལོག་ཀྱང་སྣང་བ་ཐམས་ཅད་གཟུགས་བརྙན་དང་མཚུངས་པའི་བློ་འབྱུང་སྟེ། དེའི་ཚེ་ཉོན་མོངས་པ་མངོན་དུ་རྒྱུ་རྣམས་ཀྱང་རང་ཞི་བར་མཐོང་སྟེ། དེ་ནི་དྲོད་ཚད་གཉིས་པ་ཡིན་ནོ། །དེ་ནས་ཤིན་ཏུ་ཆེར་གོམས་པའི་སྟོབས་ཀྱིས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཕྲ་མོ་ཙམ་སྐྱེ་བ་ཡང་ཉམས་སུ་མྱོང་བ་ཅུང་ཟད་ཙམ་དང་ལྡན་པར་ཚོར་བ་འབྱུང་སྟེ། འདི་ནི་དྲོད་ཚད་གསུམ་པ་ཡིན་ནོ། །དེ་ནས་ཤེས་རབ་དང་ཏིང་ངེ་འཛིན་དེ་དག་ཆེས་ཆེར་སྟོབས་སུ་གྱུར་ཏེ་དེའི་སྟོབས་ཀྱིས་རྟོག་པ་ཐམས་ཅད་རང་ཞི་སྟེ། གཟུང་འཛིན་གྱི་རྟོག་པ་ཕྲ་མོ་ཙམ་སྐྱེ་བ་ཡང་ཉམས་སུ་མྱོང་བ་མེད་པ་ན། སྣང་ཚོར་ཐམས་ཅད་དང་བྲལ་བ་ནི་བདེན་པའི་ལམ་ཞེས་བྱ་སྟེ། ཟག་པ་མེད་པའི་ཡེ་ཤེས་དང་པོ་ཐོབ་པ་ཡིན་ནོ། །དེ་ཕན་ཆད་ཀྱང་དེ་བཞིན་དུ་ཡང་དང་ཡང་གོམས་པར་བྱས་པས། བག་ལ་ཉལ་རྣམས་ཀྱང་ཟད་པར་བྱེད་ཅིང་། ཆོས་ལ་དབང་བསྒྱུར་བ་ཐོབ་སྟེ། རིག་འཛིན་གྱི་གོ་འཕང་ཐོབ་པར་བྱེད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་ས་ལ་ཡང་སྦྱོར་བར་བྱེད་དེ། འདི་ནི་ཟག་པ་མེད་པའི་ཡེ་ཤེས་སྐྱེ་བའི་ཚུལ་ཙམ་བརྗོད་པར་ཟད་དེ། འོན་ཀྱང་ཐོག་མ་ཉིད་དུ་ཤེས་རབ་དང་སྙིང་རྗེར་ལྡན་པའི་ཏིང་ངེ་འཛིན་གྱི་སྟོབས་སྐྱེས་ནས། ཚོགས་རྣམ་པ་གཉིས་དུས་གཅིག་ཏུ་རྫོགས་པར་བྱེད་ཅིང་། འབྲས་བུ་སྐུ་རྣམ་གཉིས་ཀྱང་ལྷུན་གྱིས་གྲུབ་པར་བྱེད་དོ། །ཚུལ་འདི་ལ་གང་ཟག་ཁ་ཅིག་ནི། ཐབས་དང་ཤེས་རབ་གཉིས་ཀྱང་རིམ་གྱིས་སྤེལ་མར་སྦྱོར་བར་བྱེད་དོ། །དེ་གོམས་པ་མཐར་ཕྱིན་ནས་མཇུག་ཏུ་དུས་གཅིག་ཏུ་སྦྱོར་བར་བྱེད་པ་ཡོད་དེ། དེ་ཡང་ཁ་ཅིག་ནི་དང་པོར་ཤེས་རབ་ལ་སྦྱངས་ཏེ། དེ་ནས་ཐབས་ལ་སྦྱངས་ནས། མཐར་གཉིས་སུ་མེད་པར་སྦྱོང་བར་བྱེད་དོ། །ཁ་ཅིག་ནི་དང་པོར་ཐབས་ལ་སྦྱངས་ཏེ། དེ་ནས་ཤེས་རབ་ལ་སྦྱངས་ནས་དེ་བཞིན་དུ་སྤེལ་མར་སྦྱངས་ཏེ། མཐར་གཉིས་སུ་མེད་པར་སྦྱོར་བར་བྱེད་དོ། །ཁ་ཅིག་ནི་ཐམས་ཅད་དུ་ཤེས་རབ་གཙོར་སྦྱངས་ཏེ། དེའི་དབང་ལས་ཐབས་ལྷུན་གྱིས་གྲུབ་བཞིན་དུ་འབྱུང་བར་བལྟས་ནས་སློབ་པར་བྱེད་དོ། །ཁ་ཅིག་ནི་ཐབས་ཀྱི་ཕྱག་རྒྱ་ལ་གཙོར་སྦྱངས་ཏེ། ཤེས་རབ་དེའི་མཚན་ཉིད་དུ་གནས་པར་རྟོགས་པར་བྱས་ནས་སློབ་པར་བྱེད་དོ། །དེ་ལས་དང་པོ་ཉིད་དུ་བསྟན་པའི་གཞུང་ནི་མཆོག་ཡིན་ཏེ་ཐོག་མ་ཉིད་ནས་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བསླབ་པའི་ཚུལ་ཡིན་ནོ། །ལྷག་མ་རྣམས་ནི་དེའི་འོག་མ་ཡིན་ཏེ། རིམ་གྱིས་བསླབ་པ་དང་། རྗེས་ལྡན་དུ་བསླབ་པའི་ཚུལ་ཡིན་ནོ། །ཇི་སྐད་དུ་བསྟན་པའི་ཚུལ་དེ་དག་གིས་ནི། བསྐྱེད་པའི་ཚུལ་དང་རྫོགས་པའི་ཚུལ་གྱིས་བསྡུས་པ་ཐམས་ཅད་དོན་གྱིས་བསྡུས་པ་ཡིན་ནོ། །རྫོགས་པ་ཆེན་པོའི་ཚུལ་ནི་དེ་དག་ཐམས་ཅད་རྟིང་གཅོད་པའི་མན་ངག་ཡིན་ཏེ། ཐབས་ཀྱིས་དེ་ལྟར་སྤྱོད་ཅིང་སློབ་ཀྱང་། དོན་གྱི་ངོ་བོ་ཉིད་ནི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་ཟིན་ཏེ། གདོད་སྩོལ་དུ་མེད་པར་རྟོགས་པས་སྤྱོད་པ་ཐམས་ཅད་ཀྱང་སྒྱུ་མའི་རྩེད་མོ་ཙམ་ཡིན་པའི་ཕྱིར། དོན་དུ་གཉེར་བའི་སྤང་བླང་མེད་པའི་གདིང་གིས་ཆོད་པར་བྱས་ཏེ་སྤྱད་དོ། །དེ་ནི་ཐེག་པ་ཐམས་ཅད་ཀྱི་རྩོལ་བས་གདུང་བའི་ནད་སེལ་བའི་སྨན་ཆེན་པོ་ཞེས་ཀྱང་བྱའོ། །དེ་ཉིད་ཀྱི་སྒོར་ལྷག་པར་འཇུག་པར་འདོད་པ་རྣམས་ཀྱིས་ནི། ལྟ་བ་ནི་གང་ལ་ཡང་མི་གནས། སྤྱོད་པ་ནི་གང་ཡང་དང་དུ་མི་ལེན་ཏེ། འོན་ཀྱང་ཐབས་རྒྱ་མཚོ་ཡང་བཀག་པ་མེད་པར་རྟོགས་ཤིང་། མི་ཡེངས་པའི་ཤེས་བཞིན་ཆེན་པོས། བཏང་སྙོམས་ཆེན་པོར་བཞག་པར་བྱའོ། །དེ་ལྟར་སྡུག་བསྔལ་ཉིད་བྱང་ཆུབ། རྣམ་པར་རྟོག་པ་ཉིད་ཡེ་ཤེས་ཡིན་པས། ལམ་དང་འབྲས་བུ་ལ་རྟེན་མི་འཆའོ། །འདི་དག་ཙམ་གྱིས་གསང་སྔགས་ཀྱི་གཞུང་མཐའ་དག་གི་ལམ་སྐྱེ་བའི་ཚུལ་མཐའ་དག་བསྡུས་པ་ཡིན་པ་ཤེས་པར་བྱའོ། ། ལམ་གྱི་མཚན་ཉིད་རྫོགས་སོ། །ངྷརྨ་བྷ་དྲས་མཛད་པའོ། །