གཤིན་ཆོས་

ཡོང་ཁུངས་Wikipedia

གཤིན་པའི་རྗེས་མཇུག་བྱེད་སྟངས་ཀྱི་སྐོར། འཆི་རྐྱེན་ངན་པས་བློ་བུར་དུ་གྲོངས་པའི་རིགས་ཕུད་པའི་ནད་པ་དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་བར་སྐྱེ་བདུན་རིལ་བུ་སོགས་བྱིན་རྟེན་རྩ་ཆེན་ཁར་སྦྱིན་པ་དང་། རྣ་བར་སངས་རྒྱས་བྱང་སེམས་ཀྱི་མཚན་དང་གཟུངས་སྔགས་ཟབ་མོ་སྒྲ་དག་པར་བསྒྲགས་པ། ལྟུང་བཤགས་དང་བདེ་ཅན་སྨོན་ལམ་སོགས་སྐད་སངས་མཐོན་པོའི་སྒོ་ནས་བཏོན་པར་བྱེད་པ་དང་། དབུགས་ཀྱི་རྒྱུ་བ་ཆད་རྗེས་བླ་མ་ཞིག་གདན་ཞུས་ཀྱིས་འཕོ་བ་འདེབས་སྲོལ་དང་། དབུགས་ཀྱི་རྒྱུ་བ་ཆད་ནས་འཕོ་འདེབས་མ་བྱས་པའི་བར་དུ་ཕུང་པོ་ལ་གང་བྱུང་གིས་ཐུག་རེག་དང་འགུལ་བསྐྱོད་སོགས་བྱ་མི་རུང་། གཤིན་རྩིས་ལེགས་པར་བྱས་ཏེ་རྩིས་འབྲས་ལས་བྱུང་བ་ལྟར་གཟའ་སྐར་དང་དུས་ཚོད་ཉིན་ཞག་ངན་པ་སོགས་ལ་བཅོས་ཐབས་དང་ཕུང་པོ་སྐྱེལ་སྟངས། མདུན་ཆོས་རྒྱབ་ཆོས། བསྔོ་ཞུ། མཆོད་འབུལ། བསྙེན་བཀུར། སྦྱིན་གཏོང་། བདུན་ཚིག་སོ་སོར་དགེ་རྩ་སྒྲུབ་ཚུལ། བདུན་ཕྲག་ཐ་མའི་ཉིན་བདུན་ཚིགས་སྔོན་མ་རྣམས་ལས་དགེ་རྩ་རྒྱ་ཆེར་སྒྲུབ་རྒྱུ་དང་། བདུན་ཚིགས་བདུན་གྱི་ནང་ཚུན་ལ་སྐྱེས་རྟགས་བཞེངས་རྒྱུ་བཅས་བོད་དབུས་ཀྱི་ལུགས་སྲོལ་ཇི་བཞིན་ཡིན། གཞིན་ཆོག་གནང་མི་རྒྱུན་པ་རྣམས་ཀྱིས་ཞལ་འདོན་ནི། སྐྱབས་སེམས། དགའ་ལྡན་ལྷ་བརྒྱ་མ། བླ་མཆོད་བདེ་སྟོང་དབྱེར་མེད་མ། སྨན་བླ་མདོ་ཆོག་རྒྱས་པ་ཡིད་བཞིན་དབང་རྒྱལ། དཔལ་རྡོ་རྗེ་འཇིགས་བྱེད་སོགས་ཀྱི་ལྷའི་རྣལ་འབྱོར་དང་ལྡན་པའི་སྒོ་ནས་བདག་འཇུག་ལེན་པ་དང་སྦྱང་ཆོག རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག། རྡོར་རྗེ་མཁའ་འགྲོའི་སྦྱིན་སྲེག རྡོར་སེམས་སྒོམ་བཟླས་དང་འབྲེལ་བའི་ཡིག་བརྒྱ་མི་འཁྲུགས་པའི་གཟུངས་སྔགས། བྱང་ཆུབ་ལྟུང་བཤགས། སྤྱི་གཤགས། སྨོན་ལམ་རྣམ་བརྒྱད། ལམ་རིམ་སྨོན་ལམ། གསང་བདེ་འཇིགས་གསུམ་གྱི་སྨོན་ལམ། སྨན་བླའི་སྟོང་མཆོད། མི་ཎི་བུམ་སྒྲུབ། སྨྱུང་གནས་སྲུང་བར་འཇོག་པ། ལམ་ཆེན་ཁག་གི་ཉེ་འཁྲིས་སུ་རྡོའི་སྟེང་མ་ཎི་སོགས་བརྐོ་པ། སཙྪ་འདེབས་པ། ཡུལ་མི་རྣམས་མཉམ་འཛོམས་བྱས་ཏེ་མ་ཎི་འུར་འདོན་བྱེད་པ་སོགས་སོ་སོའི་འཁོས་བབས་དང་བསྟུན་པའི་གཤིན་ཆོས་ཆོས་བཞིན་བྱེད་པའི་ལམ་སྲོལ་བཟང་པོ་བསྔགས་པར་འོས་པ་ཞིག་ཡོད་ལགས། དེ་ཡང་མཁས་གྲུབ་ཀུན་གྱི་གཙུག་ནོར་ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་ཆེན་མོ་ལས། རྒྱལ་ཐང་རྫོང་སྡོད་མི་སྡེ་དང་བཅས་པས་ཕྱོགས་དེར་སྔོན་ཆད་ཤི་གསོན་གྱི་རིམ་གྲོར་ཕྱུགས་མང་པོའི་སྲོག་བཅད་དེ་ཤ་ཁྲག་གི་མཆོད་སྦྱིན་དགེ་བར་རློམ་པའི་རྒྱུན་ངན་སྔར་ཀརྨ་པ་སོགས་ཀྱི་དུས་སུ་སུས་ཀྱང་འགོག་མ་ཐུབ་པ། ཆུ་བྱིར་རྗེ་ཉིད་ཀྱི་ཞབས་ཕྱི་ནང་མ་ཀླུ་སྒྲུབ་སྐུ་སྐྱེ་འཕགས་མཆོག་བློ་གསལ་རྒྱ་མཚོའི་རམ་འདེགས་རྫོང་སྡོད་ལྡིང་དཔོན་སོགས་ཀྱིས་བྱས་ཏེ་ཚང་མ་འདོད་པ་ཆིག་བསྒྲིལ་གྱི་སྲོལ་ངན་སྲོག་གཅོད་བཀག་ནས་ཤི་གསོན་གྱི་རིམ་གྲོ་ཆོས་བཞིན་བྱེད་པ་སྲོལ་གཏོད་པའི་དགེ་བའི་བྱ་བ་ལམ་དུ་སོང་བ། གོང་ས་མཆོག་གི་འཕྲིན་ལས་ལས་གྲུབ་པར་ལེགས་འབུལ་ཞབས་བརྟན་དུ་སྐུ་གསུམ་ཐུགས་རྟེན་ན་བཟའ་ཉེར་སྤྱད་སོགས་ཀྱིས་མཚོན་འབུལ་བ་རྔམས་མཐོ་བ་ཕུལ། ཞེས་གསུངས་པ་ལྟར་རོ། དེ་ལྟར་གཤིན་པོའི་རྗེས་སུ་གཉེན་ཉེ་འབྲེལ་དང་རྒྱུ་རྫས་ཀྱི་འབྲེལ་བ་ཡོད་པ་རྣམས་ཀྱིས་གཤིན་ཆོག་ཚུལ་བཞིན་དུ་བགྱིས་པའི་དགེ་རྩའི་འབྲས་བཟང་མཆོག་ཏུ་བདེ་བའི་ཚོགས་འདས་པོའི་རྗེས་སུ་ངེར་པར་འཇུག་པ་ནི་དཔྱད་པ་གསུམ་གྱིས་དག་པའི་ལུང་ཚད་མས་ལེགས་པར་གྲུབ་པ་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ཀྱི་དུམ་བུ་བླ་མའི་ཡོན་ཏན་ཡོངས་སུ་བཟུང་བ་ལས། ཉེ་འདུ་འབྲེལ་བ་ཤུལ་ན་གནས་པ་ཡིས། གཤིན་གྱི་དོན་དུ་དགེ་བ་གང་བྱས་པ། རྣམ་པར་སྨིན་པ་མ་ཕྱིར་བེའུ་བཞིན། གང་དུ་གནས་པ་དེ་ཡི་རྗེས་སུ་འབྲངས། ཞེས་སོགས་གསུངས་པ་དང་། གཤིན་པོའི་ཆེད་དུ་རྗེས་སུ་བཞུགས་པ་རྣམས་ཀྱིས་དགེ་རྩ་སྒྲུབ་པ་ནི་རང་གཞན་གཉིས་ཀའི་འཕྲལ་ཡུན་ཀུན་ཏུ་བདེ་བའི་ལེགས་ཚོགས་སུ་འགྱུར་བར་མ་ཟད་འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་བཟང་པོ་དང་ཡང་མཐུན་པས་ཀུན་གྱིས་བསྔགས་པར་འོས་པའི་གནས་འདི་ལ་སྣང་ཆུང་དུ་མ་སོང་བར་སྒོ་ཀུན་ནས་འབད་པར་རིགས་སོ། །