གཟུངས་མ་མནྡྷ་ར་བས་མཛད་པའི་གུ་རུའི་གསོལ་འདེབས།

ཡོང་ཁུངས་Wikipedia

གཟུངས་མ་མནྡྷ་ར་བས་མཛད་པའི་གུ་རུའི་གསོལ་འདེབས།

ཨེ་མ་ཧོ༔

མཚར་སྡུག་ཡིད་འོང་ཁྱེའུ་ཆུང་སྤྲུལ་པའི་སྐུ༔

གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར་བའི་སྐུ༔

མཚན་དང་དཔེ་བྱད་མཛེས་པའི་དྲྭ་བ་ལ༔

ལྟ་བས་མི་ངོམས་ཨོ་རྒྱན་སྤྲུལ་པའི་སྐུར༔

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔

འཁོར་བའི་སྡུག་བསྔལ་འདི་ལས་བསྒྲལ་དུ་གསོལ༔

ཚངས་པའི་གསུང་དབྱངས་རྡོ་རྗེའི་གླུ་དབྱངས་ཀྱིས༔

ཟབ་གསལ་ཆོས་ཀྱི་སྒྲ་ལ་དབྱངས་སྙན་པ༔

ཉན་པས་མི་ངོམས་ཨོ་རྒྱན་སྤྲུལ་པའི་གསུང་༔

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔

འཁོར་བའི་སྡུག་བསྔལ་འདི་ལས་བསྒྲལ་དུ་གསོལ༔

འགྲོ་དྲུག་འཁོར་བའི་གནས་ནས་འདྲེན་མཛད་པའི༔

ཐུགས་རྗེ་རྒྱུན་ཆད་མེད་པའི་སྤྱན་སྔ་རུ༔

བསྡད་པས་མི་ངོམས་ཨོ་རྒྱན་སྤྲུལ་པའི་ཐུགས༔

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔

འཁོར་བའི་སྡུག་བསྔལ་འདི་ལས་བསྒྲལ་དུ་གསོལ༔

སུ་རིང་སུ་རབ་ཕ་ཡུལ་བཟང་ན་ཡང་༔

གཏན་དུ་མི་རྟག་དྲི་ཟའི་གྲོང་ཁྱེར་འདྲ༔

བདག་ཉིད་འཆི་བའི་ནངས་པར་ཕ་ཡུལ་མེད༔

གཏན་གྱི་ཕ་ཡུལ་ཨོ་རྒྱན་རིན་པོ་ཆེ༔

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔

འཁོར་བའི་སྡུག་བསྔལ་འདི་ལས་བསྒྲལ་དུ་གསོལ༔

རིན་ཆེན་གཞལ་ཡས་ཁང་པ་བཟང་ན་ཡང་༔

གཏན་དུ་སྡོད་པའི་དབང་མེད་ཆུ་བུར་འདྲ༔

བདག་ཉིད་འཆི་བའི་ནངས་པར་གནས་ཁང་མེད༔

གཏན་གྱི་གནས་ཁང་ཨོ་རྒྱན་རིན་པོ་ཆེ༔

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔

འཁོར་བའི་སྡུག་བསྔལ་འདི་ལས་བསྒྲལ་དུ་གསོལ༔

ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་ན་ཡང་༔

གཏན་དུ་མི་རྟག་རྩྭ་ཁའི་ཟིལ་པ་འདྲ༔

བདག་ཉིད་འཆི་བའི་ནངས་པར་འཁྱེར་དབང་མེད༔

གཏན་གྱི་ནོར་སྐལ་ཨོ་རྒྱན་རིན་པོ་ཆེ༔

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔

འཁོར་བའི་སྡུག་བསྔལ་འདི་ལས་བསྒྲལ་དུ་གསོལ༔

ཕ་དང་ཕུ་བོ་སྤུན་ཟླ་བཟང་ན་ཡང་༔

གཏན་དུ་མི་རྟག་ནམ་མཁའི་སྤྲིན་དང་འདྲ༔

བདག་ཉིད་འཆི་བའི་ནངས་པར་ཕ་སྤུན་མེད༔

གཏན་གྱི་ཕ་སྤུན་ཨོ་རྒྱན་རིན་པོ་ཆེ༔

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔

འཁོར་བའི་སྡུག་བསྔལ་འདི་ལས་བསྒྲལ་དུ་གསོལ༔

གྲོགས་སམ་གཏན་གྲོགས་མངའ་ཐང་བཟང་ན་ཡང་༔

གཏན་དུ་མི་འཁྱོལ་ངལ་གསོའི་སྟེགས་དང་འདྲ༔

བདག་ཉིད་འཆི་བའི་ནངས་པར་སྐྱོ་གྲོགས་མེད༔

གཏན་གྱི་སྐྱོ་གྲོགས་ཨོ་རྒྱན་རིན་པོ་ཆེ༔

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔

འཁོར་བའི་སྡུག་བསྔལ་འདི་ལས་བསྒྲལ་དུ་གསོལ༔

ཚེ་འདིར་དཔལ་འབྱོར་སྙན་གྲགས་འཛོམས་ན་ཡང་༔

གཏན་དུ་མི་རྟག་ནམ་མཁའི་འབྲུག་དང་འདྲ༔

བདག་ཉིད་འཆི་བའི་ནངས་པར་སྙན་གྲགས་མེད༔

གཏན་གྱི་སྙན་གྲགས་ཨོ་རྒྱན་རིན་པོ་ཆེ༔

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔

འཁོར་བའི་སྡུག་བསྔལ་འདི་ལས་བསྒྲལ་དུ་གསོལ༔

ཚེ་འདིར་མཁས་དྲེགས་དབང་ཆེར་ལྡན་ན་ཡང་༔

གཏན་དུ་མི་རྟག་ནམ་མཁའི་འབྲུག་དང་འདྲ༔

ཤི་ནས་དམྱལ་བར་མཁས་དྲེགས་ངོམས་ས་མེད༔

གཏན་གྱི་རྒྱབ་རྟེན་ཨོ་རྒྱན་རིན་པོ་ཆེ༔

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔

འཁོར་བའི་སྡུག་བསྔལ་འདི་ལས་བསྒྲལ་དུ་གསོལ༔

ཚེ་འདིའི་གནས་ལུགས་འཇིག་རྟེན་བྱ་བས་གཡེང་༔

ཆགས་སྡང་དབང་གིས་སྡུག་བསྔལ་འདམ་དུ་བྱིང་༔

ལས་ངན་བསགས་པས་ལུས་ངན་འདི་འདྲ་བླངས༔

ཐུགས་རྗེས་གཟིགས་ཤིག་ཨོ་རྒྱན་རིན་པོ་ཆེ༔

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔

འཁོར་བའི་སྡུག་བསྔལ་འདི་ལས་བསྒྲལ་དུ་གསོལ༔

འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ༔

རིག་འཛིན་ཁྱེད་ཀྱིས་ཐུགས་རྗེས་གཟུང་དུ་གསོལ༔

འདྲེན་མཆོག་ཁྱེད་ཀྱིས་ཐུགས་རྗེས་བཟུང་ནས་ཀྱང་༔

རྡོ་རྗེའི་ཐེག་པའི་ལམ་མཆོག་བསྟན་དུ་གསོལ༔

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔

འཁོར་བའི་སྡུག་བསྔལ་འདི་ལས་བསྒྲལ་དུ་གསོལ༔

འདི་སློབ་དཔོན་ཆེན་པོ་ལ་ལྷ་ལྕམ་མནྡྷ་ར་བས་གདུང་ཤུགས་ཀྱིས་གསོལ་བ་བཏབ་པའོ༎ ༎