Jump to content

གཞོན་ནུ་མ་ཝི་ས་ཁ་

ཡོང་ཁུངས་Wikipedia

སངས་རྒྱས་བཅོམ་ལྡན་འདས་ལ་མཐུན་འགྱུར་ཞུ་མཁན་གྱི་བུད་མེད་ནུས་ལྡན་ཞིག

ཝི་ས་ཁ (VISAKHA) ཞེས་པའི་གཞོན་ནུ་མ་དེ་ནི། འབྱོར་ཕྱུག་ཕུན་སུམ་ཚོགས་པའི་ཁྱིམ་བདག་ཅིག་གི་བུ་མོ་སྟེ་གཏོང་བ་ཡངས་ཤིང་དད་སྟོབས་ཆེ་བ་ཞིག་ཡིན། མོ་རང་ལོ་ན་བདུན་ལ་སོན་སྐབས་སངས་རྒྱས་བཅོམ་ལྡན་འདས་ཁོང་ཚོའི་ཡུལ་ལུང་དེར་ཕེབས་པ་ན། ཝི་ས་ཁ་ཡི་ཨ་མྱེས་ཀྱིས་གནས་ཚུལ་དེ་ཐོས་ནས་མོ་རང་སངས་རྒྱས་བཅོམ་ལྡན་འདས་གདན་འདྲེན་ཞུ་བར་མངགས། བུ་མོ་ཝི་ས་ཁ་ནི་ལོ་ན་ཆེས་ཆུང་ན་ཡང་ཆོས་ལ་དད་སེམས་ཆེ་ཞིང་བཟང་པོའི་སྤྱོད་ཚུལ་དང་ལྡན་པ་ཞིག་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྙན་འཇེབས་གསུང་ངག་གི་གདམས་པ་ལ་ཉན་པས་འཕགས་ལམ་གྱི་ཐོག་མ་སྟེ་རྒྱུན་དུ་ཞུགས་པའི་གོ་འཕང་ཐོབ་བོ། །ཕྱིས་སུ་མོ་རང་ལོ་ན་བཅོ་ལྔར་སོན་སྐབས། བྲམ་ཟེ་ཁ་ཤས་ཀྱིས་མཐོང་སྟེ་བསམ་པར། མཛངས་མ་འདིས་ངེད་ཅག་གི་སློབ་དཔོན་གྱི་ཆུང་མ་བྱས་ན་ཅི་འདྲའི་འོས་ཤིང་འཚམ་པར་འདུག་སྙམ་དུ་བསམས་སོ། །

བྲམ་ཟེ་དེ་ཚོས་སློབ་དཔོན་གྱི་མཚན་ལ་པུནྣ་ཝདྡྷ་ན། (PUNNAVAD-DHANA) ཟེར་ཞིང་ཁོང་ནི་འབྱོར་ཕྱུག་ལྡན་པའི་ཁྱིམ་བདག་མི་ག་ར (MIGARA) ཡི་སྲས་ཡིན། གཞོན་ནུ་མ་ཝི་ས་ཁ་ནི་ཆེས་གཞོན་ཤ་དོད་ལ་གནག་སྣུམ་གྱི་སྐྲ་ལོས་མཛེས་ཤིང་བྱད་བཟང་བ། སྒེག་པའི་ཉམས་དང་ལྡན་ཞིང་རེག་འཇམ་གསེར་མདོག་གི་པགས་པས་གཡོག་པ་སོགས་མདོར་ན་བུད་མེད་ཀྱི་ཡོན་ཏན་ལྔ་དང་ལྡན་པ་ཞིག་གོ །དེ་ནས་བྲམ་ཟེ་དེ་རྣམས་ཀྱིས་གཞོན་ནུ་མ་ཝི་ས་ཁ་དང་ཁོང་ཚོའི་སློབ་དཔོན་པུནྣ་ཝངྡྷ་ན་རྣམ་གཉིས་ཀྱི་གཉེན་སྒྲིག་ལ་གྲ་སྒྲིག་གི་སྟ་གོན་བྱས། གཞོན་ནུ་མ་ཝི་ས་ཁ་ཡི་གཉེན་སྒྲིག་གི་ཉིན་མོར། རྣམ་དཔྱོད་ཕུལ་དུ་བྱུང་བའི་རང་གི་ཡབ་ཆེན་གྱིས། མོ་ལ་གཤམ་གསལ་གྱི་དོན་ཚན་བཅུ་བོ་སློབ་སྟོན་གྱི་ཚུལ་དུ་གདམས།

༡༽སྐྱེས་དམན་ཞིག་ལ་མཚོན་ན། སྐྱེ་བོ་གཞན་གྱི་མདུན་དུ་རང་གི་ཁྱོ་ག་དང་ཡང་ན་ཁྱོ་གའི་ཕ་མ་སྟེ་གྱོས་སྒྱུག་གཉིས་ལ་སྨད་ར་སོགས་བྱེད་མི་ཉན་ཞིང་། ཐ་ན་ཁོང་ཚོའི་ཞན་ཆ་དང་ནང་གི་རྩོད་རྙོག་ཙམ་ཡང་ཕྱི་མིའི་སར་གང་བྱུང་སྒྲོག་མི་ཉན།

༢༽ཁྱིམ་ཚང་གཞན་གྱི་རྩོད་རྙོག་སོགས་ལ་ཉན་མི་རུང་།

༣༽གཡར་བའི་དངོས་པོ་ཚུར་སྐྱེལ་མཁན་རྣམས་ལ་ཅ་དངོས་གཡར་དགོས།

༤༽གཡར་བའི་དངོས་པོ་ཚུར་མི་སྐྱེལ་མཁན་རྣམས་ལ་ཅ་དངོས་གང་ཡང་གཡར་མི་རུང་།

༥༽དབུལ་ཕོངས་དང་ཉམ་ཐག་པའི་གྲོགས་མཆེད། རང་གི་གཉེན་ཚན་སོགས་ཀྱིས་གཡར་བའི་དངོས་པོ་ཚུར་མི་སྐྱེལ་ནའང་། ཁོང་ཚོར་གང་མཁོ་བའི་ཅ་དངོས་ངེས་པར་དུ་གཡར་དགོས།

༦༽རང་ཉིད་ས་ལ་འདུག་སྐབས་བག་ཡོད་ཚུལ་མཐུན་གྱི་སྒོ་ནས་འདུག་དགོས་ཤིང་། རང་ཉིད་ཀྱི་ཁྱོ་ག་དང་གྱོས་སྒྱུག་སོགས་ཕེབས་སྐབས་རྐུབ་སྟེགས་སམ་གདན་ལས་ཡར་ལངས་ཏེ་ཁོང་ཚོར་གུས་བཀུར་ཞུ་དགོས།

༧ ༽ རང་གིས་ཟ་མ་མ་ཞུས་པའི་སྔོན་དུ། རང་གི་ཁྱོ་ག་དང་གྱོས་སྒྱུག་སོགས་ལ་ཞལ་ལག་ཕུལ་ཡོད་མེད་ལེགས་པར་ལྟ་དགོས་པར་མ་ཟད། ཞབས་ཕྱི་བ་རྣམས་ཀྱིས་གཟབ་ནན་ཕྲ་ཞིབ་ཀྱི་སྒོ་ནས་ཞབས་ཕྱི་སྒྲུབ་ཀྱིན་ཡོད་མེད་ལ་ཡང་བརྟག་དགོས།

༨ ༽ རང་ཉིད་མལ་ཁང་དུ་གཉིད་ཉལ་བར་མ་ཕྱིན་གོང་། སྒོ་དང་སྒེའུ་ཁུང་ཚང་མ་བརྒྱབ་ཡོད་མེད་ལེགས་པར་བརྟག་དགོས་ཤིང་། ཅོག་ཙེ་དང་རྐུབ་སྟེགས་སོགས་ནང་ཆས་རྣམས་ཉར་ཚགས་ཚུལ་བཞིན་བྱས་ཡོད་མེད་དང་། ཞབས་ཕྱི་བ་རྣམས་ཀྱིས་སོ་སོའི་ཕྲག་པར་བབ་པའི་འགན་འཁྲི་རྣམས་ལེགས་པར་སྒྲུབ་ཡོད་མེད། ད་དུང་གྱོས་སྒྱུག་གཉིས་མལ་ཁང་དུ་ཕྱིན་ནས་གཟིམ་ཚར་ཡོད་མེད་སོགས་ལ་ལྟ་དགོས། རང་ཉིད་ནད་ཀྱིས་མནར་ན་དམིགས་བསལ་ཡིན་པ་ལས། དུས་རྒྱུན་སྒྲིག་ཁྲིམས་ཇི་བཞིན་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱེད་དགོས་པར་མ་ཟད། ཉིན་གུང་གི་དུས་སུ་ཉལ་ན་གཏན་ནས་མི་རུང་བ་ཡིན།

༩ ༽ རང་ཉིད་ཚ་ཞིང་སྲེག་པའི་མེ་ལ་འཛེམས་པ་ཇི་བཞིན། རང་གི་གྱོས་སྒྱུག་དང་ཁྱོ་ག་ལ་འབྲེལ་བ་གཟབ་ནན་བྱེད་དགོས།

༡༠༽རང་གིས་ལྷ་དང་བླ་མ་ལ་མཆོད་པ་ཇི་བཞིན། རང་ཉིད་ཀྱི་ཁྱོ་ག་དང་གྱོས་སྒྱུག་སོགས་ལ་བཀུར་སྟི་རིམ་གྲོ་བྱེད་དགོས། ཞེས་དོན་ཚན་བཅུའི་སྒོ་ནས་གདམས་སོ། །

གཞོན་ནུ་མ་ཝི་ས་ཁ་མཉན་ཡོད (SAVATHI) དུ་མནའ་མར་བསླེབ་པའི་ཉིན་མོ་དེ་ནས་བཟུང་། མོ་རང་གིས་གྲོང་ཁྱེར་དེའི་ཡུལ་མི་རྣམས་ལ་མཛའ་མཐུན་དང་སྦྱིན་གཏོང་སོགས་ཀྱིས་བྱ་བ་ཚུལ་བཞིན་བྱས་པར་བརྟེན། གྲོང་ཁྱེར་དེའི་ཡུལ་མི་རྣམས་མོ་ལ་དགའ་ཞིང་མོས་པར་གྱུར།

ཉིན་ཞིག་གཞོན་ནུ་མ་ཝི་ས་ཁའི་གྱོས་པོ་མི་ག་ར་ཡིས་གསེར་ཕོར་ཞིག་ཏུ་འབྲས་ཐུག་མངར་མོ་འཐུང་བཞིན་པའི་སྐབས། དགེ་སློང་ཞིག་ཁོང་ཚང་གི་ཁྱིམ་དུ་འཛུལ་ནས་བསོད་སྙོམས་བསླངས་པ་ན། གྱོས་པོས་དགེ་སློང་ཁོང་བསོད་སྙོམས་ལ་བྱོན་པ་མཐོང་ན་ཡང་མ་མཐོང་བའི་ཁུལ་གྱིས་མུ་མཐུད་འབྲས་ཐུག་མངར་མོ་འཐུང་ནས་བསྡད་པར། གཞོན་ནུ་མ་ཝི་ས་ཁ་ཡིས་གུས་པའི་སྒོ་ནས་དགེ་སློང་དེ་ལ། བཀུར་འོས་གནས་བརྟན་ལགས། ཁྱེད་འདི་ནས་ཕེབས་རོགས་གནང་། ངའི་གྱོས་པོས་བཞེས་བཞིན་པ་དེ་ནི་འབྲས་ཐུག་རྙིང་པ་ཞིག་རེད། ཅེས་ཞུས།

གཞོན་ནུ་མ་ཝི་ས་ཁ་ཡིས་སངས་རྒྱས་བཅོམ་ལྡན་འདས་ཡུལ་ལུང་དེ་རུ་བཞུགས་མིན་ལ་མ་ལྟོས་པར། ཁོང་གི་རྗེས་སུ་འབྲངས་ཏེ་དད་གུས་གཡོ་བ་མེད་པའི་སྒོ་ནས་མཐུན་འགྱུར་ཞུ་བཞིན་པ་སོགས་གྱོས་པོ་མི་ག་རའི་བློར་མ་བབས་པས། ཁོང་གིས་གཞོན་ནུ་མ་ཝི་ས་ཁ་ལ་མི་དགའ་བའི་སེམས་འཛིན་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་ཁོང་གིས་སྔོན་ཚུད་ནས་རང་གི་བུ་དང་མནའ་མ་གཉིས་ཀྱི་གཉེན་སྒྲིག་ལ་གཏོར་བཤིག་བྱེད་རྒྱུའི་གོ་སྐབས་བཙལ་ན་ཡང་། གཞོན་ནུ་མ་ཝི་ས་ཁ་ཡི་སྤྱོད་ལམ་སོགས་ཆ་གང་ཐད་ལ་ཞན་ཆ་ཡེ་ནས་མེད་པས་བྱ་ཐབས་མ་བྱུང་།

འོན་ཀྱང་མི་ག་ར་ཡིས་ད་ཐེངས་གཞོན་ནུ་མ་ཝི་ས་ཁ་ཡིས་དགེ་སློང་དེ་ལ་ཞུས་པའི་ཚིག་དེར་གོ་ནོར་ཤོར་ནས། ཝི་ས་ཁ་ཡིས་ངའི་ཁྱིམ་ཚང་ལ་ངན་སྨྲས་ཀྱིས་དམའ་ཕབ་སྟེ་ཞབས་འདྲེན་ཞུས་སོང་བསམས་ནས་དེའི་གོ་སྐབས་དམ་འཛིན་གྱིས། གཞོན་ནུ་མ་ཝི་ས་ཁ་ཁོང་ཚོའི་ཁྱིམ་ཚང་ནས་ཕྱིར་སྐྲོད་བྱེད་རྒྱུའི་བཀའ་རྒྱ་བཏང་།

འོན་ཀྱང་གཞོན་ནུ་མ་ཝི་ས་ཁ་ཡིས་རང་ཉིད་མནའ་མར་ཡོང་སྐབས་ཁོང་གི་ཡབ་ཆེན་གྱིས་མི་ག་ར་ལ་བཤད་པའི་ཚིག་དུམ་ཞིག་སྟེ། གལ་སྲིད་ངའི་བུ་མོ་ལ་སྐྱོན་ཆ་འདྲ་འདུག་སྙམ་ན་བརྟག་དཔྱད་ཞིབ་འཇུག་བྱེད་རོགས་གྱིས། ཞེས་རིགས་རུས་ཀྱི་དཔང་མི་བརྒྱད་ལ་ཞུས་པའི་ཞུ་དོན་རྣམས་གྱོས་པོ་མི་ག་རར་དྲན་གསོ་བྱས་པ་ན། མི་ག་རས་ཀྱང་མོ་རང་གི་ཞུ་བ་དང་ལེན་བྱས་ཏེ་རིགས་རུས་ཀྱི་དཔང་མི་བརྒྱད་པོ་བོས་ནས་ན་རེ། ཁྱེད་རྣམས་ཀྱིས་གཞོན་ནུ་མ་ཝི་ས་ཁ་ལ་སྤྱོད་ལམ་རྩུབ་པའི་སྐྱོན་ཆ་ཡོད་མེད་ལེགས་པར་རྟོགས་ཤིག གལ་སྲིད་མོ་རང་ལ་སྐྱོན་ཆ་འདྲ་ཡོད་ཚེ་ཁྱིམ་ཚང་འདི་ནས་ངེས་པར་དུ་ཕྱིར་སྐྲོད་བྱེད་རྒྱུ་ཡིན། ཞེས་བཤད། གཞོན་ནུ་མ་ཝི་ས་ཁ་ཡིས་དཔང་མི་རྣམས་ལ་སྨྲས་པ། སྐུ་ཞབས་རྣམ་པ་ཚོ། གནས་ཚུལ་འདི་ལྟར་ཡིན། ངའི་གྱོས་པོས་བསོད་སྙོམ་དུ་ཕེབས་པའི་དགེ་སློང་ཁོང་སྣང་མེད་དུ་བཞག་སྟེ་མུ་མཐུད་འབྲས་ཐུག་འཐུང་ནས་བསྡད་སོང་། དེ་ལྟར་ཁོང་གིས་ཚེ་འདི་ལ་བསོད་ནམས་གཏན་ནས་མི་གསོག་པར་མ་ཟད། ཚེ་རབས་སྔོན་མར་བསགས་པའི་ལས་ཀྱི་རྣམ་སྨིན་རྣམས་ལོངས་སུ་སྤྱོད་རྐྱང་བྱེད་ཀྱིན་འདུག དེས་ན་འདི་ཁ་ཟས་རྙིང་པ་ཟོས་པ་དང་གཅིག་མཚུངས་མ་ཡིན་ནམ། ཞེས་སོགས་ཞུས་པས། མཐའ་གཞུག་དེར་གྱོས་པོ་མི་ག་ར་ཡིས་གཞོན་ནུ་མ་ཝི་ས་ཁ་ལ་སྤྱོད་ལམ་རྩུབ་པའི་སྐྱོན་ཆ་མེད་པའི་ཁས་ལེན་མི་བྱེད་ཀ་མེད་བྱུང་།

ཕྱིས་སུ་ཡང་གྱོས་པོ་ཁོང་གིས་དེ་ལྟའི་གོ་ནོར་ལན་མང་ཤོར་ནའང་། གཞོན་ནུ་མ་ཝི་ས་ཁ་ཡིས་ཁོང་ལ་བློ་ཡིད་ཚིམས་པའི་འགྲེལ་བཤད་ཀྱི་སྒོ་ནས་གཙང་སེལ་ཞུས། རིམ་བཞིན་གྱོས་པོ་ཁོང་གིས་རང་ཉིད་ཀྱི་སྐྱོན་ཆ་ངོས་ཟིན་པར་མ་ཟད། གཞོན་ནུ་མ་ཝི་ས་ཁ་ཡི་རྨད་དུ་བྱུང་བའི་རྣམ་དཔྱོད་དེའང་ཤེས་པར་གྱུར་ཏེ། མོ་རང་གི་དགོངས་འཆར་ལྟར་གྱོས་པོ་མི་ག་ར་ཡིས་སངས་རྒྱས་བཅོམ་ལྡན་འདས་ཁོང་ཚང་གི་ཁྱིམ་དུ་གདན་དྲངས་ནས། གསུང་གི་གདམས་པ་ལ་ཉན་པས་མི་ག་ར་ཡིས་ཀྱང་རྒྱུན་དུ་ཞུགས་པའི་གོ་འཕང་(SOTAPANNA)ཐོབ་བོ། །

གཞོན་ནུ་མ་ཝི་ས་ཁ་ཡིས་རང་གི་རྣམ་དཔྱོད་ཀྱི་རྩལ་དང་ཕུལ་དུ་བྱུང་བའི་བཟོད་སྲན་ལ་བརྟེན་ནས། རང་ཉིད་ཀྱི་ཁྱོ་གའི་ཁྱིམ་ཚང་དེ་ཡང་དགའ་སྤྲོ་དང་འོད་སྣང་གིས་ཁེངས་པའི་ནང་པའི་ཁྱིམ་ཚང་ཞིག་ཏུ་བསྒྱུར་ཐུབ་པ་བྱུང་། སྤྱིར་བཏང་གཞོན་ནུ་མ་ཝི་ས་ཁ་ནི་ཧ་ཅང་གི་གཏོང་ཕོད་ཡངས་ཤིང་། ལྷག་པར་དགེ་འདུན་གྱི་སྡེ་ལ་མཐུན་འགྱུར་རོགས་རམ་ཞུ་མཁན་ཞིག་ཡིན་སྟབས། མོ་རང་གིས་དགེ་འདུན་པ་རྣམས་ཀྱིས་ལོངས་སྤྱད་བྱར་འགྲོ་གྲོན་ཤུགས་ཆེན་བཏང་སྟེ། པུ་བྷ་ར་མ(PUBBARAMA)ཞེས་པའི་དགོན་པ་ཞིག་གསར་བསྐྲུན་བྱས་པར། སངས་རྒྱས་བཅོམ་ལྡན་འདས་དགོན་པ་དེའི་ནང་དབྱར་གནས་ཐེངས་དྲུག་བཞུགས། དེ་ནི་མོ་རང་ལ་མཚོན་ན་མི་ཚེའི་ནང་གི་ཆེས་བདེ་སྐྱིད་ཆེ་ཤོས་དེ་རེད།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཞོན་ནུ་མ་ཝི་ས་ཁ་ལ་གནང་བའི་གསུང་ཆོས་ཁག་གཅིག་གི་ནང་། བུད་མེད་རྣམས་ལ་ཚང་དགོས་པའི་ཡོན་ཏན་རྣམ་པ་བརྒྱད་གསུངས་ཤིང་། ཡོན་ཏན་དེས་རང་གི་ཚེ་འདི་ཕྱིའི་དོན་དང་གཞན་གྱི་དོན་ཡང་རྒྱ་ཆེར་འགྲུབ་བོ་ཞེས་གསུངས། ཡོན་ཏན་རྣམ་པ་བརྒྱད་ནི། བུད་མེད་རྣམས་ཀྱིས་རང་ལ་འཁྲི་བའི་ལས་ཀ་ལེགས་པོར་བྱེད་རྒྱུ། གཡོག་པོ་གཡོག་མོར་ལྟ་རྟོག་གནང་རྒྱུ། རང་གི་ཁྱོ་ག་ལ་གུས་ཞབས་དགོས་པ། རང་གི་ཁ་རྗེ་དབང་ཐང་སྲུང་རྒྱུ། སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ་མཆོག་གསུམ་ལ་དད་པ་ཞུ་རྒྱུ། སྦྱིན་པ་དང་ཚུལ་ཁྲིམས་དང་ཤེས་རབ་བཅས་ལ་ཡིད་ཆེས་ཀྱི་གདེང་ཚོད་དགོས་པ་བཅས་སོ། །

ཝི་ས་ཁ་ནི་སྤྱང་གྲུང་འཛོམས་ཤིང་རྣམ་དཔྱོད་དུ་མས་ཡོངས་སུ་གཏམས་པར་བརྟེན། ཁོང་གིས་སངས་རྒྱས་བཅོམ་ལྡན་འདས་དང་འཁོར་སློབ་ཚོགས་རྣམས་ཀྱི་དབུས་སུ་ཆེས་གལ་འགངས་ཆེ་ལ་ཕན་ནུས་ལྡན་པའི་བྱེད་སྒོ་སྣ་མང་སྤེལ་བར་བརྟེན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཝི་ས་ཁ་ལ་བཙུན་མའི་སྡེ་ཚོགས་ཁྲོད་ཀྱི་རྩོད་རྙོག་ཐག་གཅོད་བྱེད་རྒྱུའི་འགན་དབང་ཡང་གནང་། དེ་ལྟར་ཝི་ས་ཁ་རྩོད་རྙོག་འདུམ་སྒྲིག་གི་ཕྱིར་གདན་དྲངས་པ་དང་སྟབས་བསྟུན་ནས། ཝི་ས་ཁ་ཁོང་རང་ཉིད་ཀྱིས་དགེ་སློང་མའི(BHIKKHUNIS)འདུལ་ཁྲིམས་ཁ་ཤས་ཤིག་གཏན་འབེབས་གནང་བ་སོགས་མཛད་རྗེས་ཧ་ཅང་ཆེ། མཐར་དགུང་གྲངས་བརྒྱ་དང་ཉི་ཤུ་ཐམ་པའི་ཐོག་ཚེའི་དུས་བྱས་སོ། །