གཞི་བདག་ཆེན་པོ་མགར་རྗེའི་གསོལ་མཆོད

ཡོང་ཁུངས་Wikipedia

གཞི་བདག་ཆེན་པོ་མགར་རྗེའི་གསོལ་མཆོད་བཞུགས་སོ༎


གཞི་བདག་མགར་རྗེའི་གསོལ་མཆོད་བགྱི་ན། ཕྱེ་ཕུད་ལས་གྲུབ་པའི་གཏོར་མ། ཕྱེ་མ་འོ་ཕུད་ཆང་སོགས་བཟའ་བཅའ་བཏུང་བའི་དངོས་པོ། སྤྲོ་ན་གོ་མཚོན་སྤྱན་གཟིགས་མདའ་དར་བཅས་གང་འབྱོར་བཤམས་ལ་འདི་སྐད་དོ༎


རང་ཉིད་ཨྱོན་སྐུར་གསལ་བའི། །ཐུགས་ནས་རཾ་ཡཾ་ཁཾ་གསུམ་གྱིས། །མཆོད་རྫས་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །འབྲུ་གསུམ་འཕྲོས་པས་བདུད་རྩིར་བསྒྱུར། །ༀ་ཨཱ་ཧཱུྃ༔ ལན་གསུམ།


ཀྱཻ་ འཛམ་གླིང་འཇིག་རྟེན་ཡངས་པའི་ཕྱིར། །སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་སུ། །མདོ་ཁམས་སྤོ་འབོར་སྒང་གི་ཆར། །གཙང་ཆབ་གཡུ་འབྲུག་འཁྱིལ་འདྲ་ཡི། །ཤར་ཕྱོགས་གནམ་ལྕགས་ཞུན་མ་ལས། །གྲུབ་པའི་མཁར་རྩེ་དགུང་ལ་བསྙེགས། །དེ་ཡི་དཀར་ཕྱོགས་སྐྱོང་བའི་ལྷ། །ཡུལ་ཁམས་སྐྱོང་བའི་མཐུ་རྩལ་ཅན། །རྣལ་འབྱོར་སྐྱོང་བའི་སྲུང་མ་ཆེ། །དགྲ་དཔུང་འཇོམས་པའི་བཤན་པ་མཆོག །དམ་ཅན་མགར་རྗེ་གཉན་པོ་ནི། །སྐུ་མདོག་མཐིང་ནག་འོད་ལྟར་འབར། །ནང་དུ་དར་མཐིང་འཇོལ་བེར་དང་། །ཕྱི་རུ་ལྕགས་ཀྱི་ཁྲབ་རྨོག་གསོལ། རིན་ཆེན་སྣ་ཚོགས་སྐ་རགས་བཅིངས། །ཕྱག་གཡས་དར་མདུང་རུ་མཚོན་བསྣམས། །གཡོན་པ་ལྕགས་གཞུ་ལྕགས་མདའ་བཀང་། །སྟག་རས་གཡས་ལ་གཟིག་ཤུབས་གཡོན། །རྟ་སྔོན་ཆིབས་ནས་སྒང་གསུམ་ཉུལ། །རེས་འགའ་རྟ་མཆོག་ངང་དཀར་ཆིབས། །ལྷ་བཙན་ཀླུ་བཙན་འབུམ་གྱིས་བསྐོར། །དགྱེས་ཤིང་བརྩེ་བས་གནས་འདིར་གཤེགས། །གཡས་སུ་ཤ་སྐེ་གེ་སངས་སྔོ། །མདུང་ཕྲེང་འཛིན་ཞིང་གཡུ་འབྲུག་ཆིབས། །གཡོན་དུ་ཁྲ་མཆོག་ནོར་བུ་སེར། །གཡས་གཡོན་རྒྱལ་མཚན་ནེའུ་ལེ་འཛིན། །མདུན་དུ་འབའ་ར་སྤུན་གསུམ་དམར། །མདུང་དམར་འཛིན་ཞིང་རྟ་ལ་ཞོན། །རྒྱབ་ཏུ་རི་ལུག་སྤུན་གསུམ་དཀར། །བ་དན་དཀར་པོ་མདུང་དར་དང་། །མེ་ལོང་འཛིན་ཞིང་རྟ་ལ་ཞོན། །སོ་སོའི་སྤྲུལ་པ་ཡང་སྤྲུལ་གྱི། །འཁོར་དང་བཅས་ལ་གུས་པས་བཏུད། །ཁྱོད་རྣམས་མཆོད་པ་འབུལ་བ་ནི། །འབྲུ་བཟང་བཤོས་བུ་བ་ལིནྟ། །བཟའ་བཅའ་བཏུང་བའི་ཚོགས་རྣམས་དང་། །གོ་མཚོན་སྤྱན་གཟིགས་དུ་མ་སོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །ཀུན་བཟང་མཆོད་པའི་སྤྲིན་བཞིན་འབུལ། །བཞེས་ནས་སྔ་འགྱུར་གསང་ཆེན་གྱི། །བསྟན་དང་དེ་འཛིན་ཀུན་སྐྱོང་ཞིང་། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །འཇིག་རྟེན་སྤྱི་དང་ཡུལ་རིས་འདིར། །སད་སེར་ལོ་ཡི་གནོད་པ་དང་། །མི་ནད་ཕྱུགས་ནད་མ་གཏོང་ཞིག །བདེ་སྐྱིད་དཔལ་འབྱོར་རྒྱས་པར་མཛོད། །ཁྱད་པར་བདག་ཅག་ཡོན་མཆོད་ཀུན། །བྱང་ཆུབ་སྒྲུབ་ལ་བགེགས་མེད་ཅིང་། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་དུ། །འབད་མེད་འགྲུབ་པའི་ཕྲིན་ལས་མཛོད། །མདོར་ན་གཞི་བྱེས་ཕྱོགས་དུས་ཀུན། །འཇིགས་བརྒྱད་སྒྲོལ་ལ་བསམ་དགུ་སྒྲུབས། །མཐུ་དཔུང་སྡོང་གྲོགས་རྒྱབ་རྟེན་མཛོད། །གཡེལ་བ་མེད་པར་ཕྲིན་ལས་མཛོད། །རིག་འཛིན་པདྨ་འབྱུང་གནས་དང་། །རྣལ་འབྱོར་འགྲོ་མགོན་རས་ཆེན་གྱི། །བཀའ་དང་དམ་ལས་མ་འདའ་བར། །ཇི་ལྟར་བཅོལ་བའི་ཕྲིན་ལས་ཀུན། །དེ་ལྟར་སྒྲུབས་ཤིག་ས་མ་ཡ། །


ཞེས་གཞི་བདག་མགར་རྗེ་གཉན་པོའི་གསོལ་མཆོད། སྔ་སོར་རྗེ་འགྲོ་མགོན་རས་ཆེན་དང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཆོས་རྒྱལ་གླིང་པ་སོགས་ཀྱི་བཀའ་སྩལ་ཁྱད་པར་འཕགས་པ་ཡོད་བཞིན་ཁོ་བོས་ངག་འཁྱལ་རྩོམ་པར་དགོས་པ་དབེན་ནའང་། མཆེད་གྲོགས་དམ་པ་རང་སློབ་རྡོ་རྗེ་འཛིན་པ་སྤྲུལ་སྐུ་རིག་འཛིན་དབང་རྒྱལ་དང་། བསྟན་པའི་སྦྱིན་བདག་འབུ་ཚ་དཀའ་ཐུབ་ཟུང་གིས་བསྐུལ་བར་བརྟེན། མདོ་ཁམས་གྲུབ་དགོན་པ་རྡོ་རྗེ་ལས་རབ་ཅེས་ཆོས་མེད་སྙོམས་ལས་ཀྱི་སྤྲང་པོས། ས་ཡོས་ལོའི་སྨིན་དྲུག་ཉའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉིན་ལག་བྲིས་སུ་བསྟར་བ་ཛ་ཡནྟུ།།