གཙང་སྦྲ་དགོན།

ཡོང་ཁུངས་Wikipedia

མཚན་གཞན་ལ། གསེར་གོང་གྲྭ་ཚང་ཞེས་ཞུ། གཙང་སྦྲ་ཞེས་པ་ནི་གནས་རྙིང་དུ་རྗེ་ཙོང་ཁ་པའི་དབུ་སྐྲ་བསིལ་ནས་འདི་ས་གཙང་ས་ཞིག་ཏུ་གཏོར་ཞིག་ཅེས་གསུང་པས་དབུ་སྐྲ་ས་དེར་གཏོར་བས་གཙང་སྦྲ་ཞེས་དང་། གསེར་གོང་ཞེས་པ་ནི་དགོན་དེའི་གཤམ་གྱི་གསེར་རི་བྲག་ཅེས་པ་ནས་གསེར་གྱི་གཉའ་ཤིང་གཏེར་ལས་བཞེས་པ་དང་དེའི་གོང་དུ་གནས་པས་གསེར་གོང་གྲྭ་ཚང་ཞེས་པའི་གསུང་སྲོལ་དར། སྔོན་རྒྱལ་རྩེ་བླ་ཁག་བཅུ་དྲུག་གི་ཁོངས་ཡིན། གནས་རྙིང་ནས་སྤྱི་ལེ་༨ ∕ ༩ཙམ་ཁང་དམར་གྱི་ཕྱོགས་སུ་སོང་ན་གཙང་སྦྲ་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་རྗེ་ཙོང་ཁ་པའི་དངོས་སློབ་ངག་དབང་དོན་གྲུབ་ཀྱིས་ཕྱག་བཏབ་གནང་མཛད། སྔོན་འདུ་ཁང་ཀ་བ་༡༢ཀྱི་རྟེན་གཙོར་བ་སོའི་ཐུབ་དབང་དང་། བྱུ་རུའི་རྟ་མགྲིན། གཡུ་ཡི་སྒྲོལ་མ་ལ་སོགས་རྟེན་དང་བརྟེན་པར་བཅས་ཇི་སྙེད་བཞུགས། དགེ་འདུན་ཞལ་གྲངས་༥༠སྐོར་གྱིས་རི་བོ་དགེ་ལུགས་ཀྱི་རྒྱུད་སྡེ་ཁག་ཕྱག་བཞེས་མཛད་པ་ལ། ཁྱད་དུ་འཕགས་པ་འཇིགས་བྱེད་ཀྱི་སྒྲུབ་མཆོད་འབྲུ་དཀར་ལྷུན་གྲུབ་ཅེས་པ་ཚོགས་གནང་བ་ཡིན། དགོན་དེར་ལོ་ལྟར་བོད་ཟླ་༡༠ཚེས་༡༡ ∕ ༡༢ ∕ ༡༣བཅས་ཉིན་གསུམ་རིང་གཙང་སྦྲ་ལྔ་མཆོག་ཆེན་མོ་ཞེས་དམ་ཅན་ཆོས་རྒྱལ་གྱི་སྒོ་ནས་གཏོར་རྒྱག་དང་སྲུང་མ་ཁག་གི་སྐུ་མཆམ་སོགས་གནང་སྲོལ་ཡོད།

ད་ལྟ་སྔར་གྱི་འདུ་ཁང་གི་གྱང་སྟེང་གསར་དུ་ཐོག་བཀབ་པའི་སྔོན་གྱི་ལྡེབས་རིས་རྙིང་མ་མང་པོ་དང་། རྟེན་སྐུ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་གད་ཅེས་པར་དགོན་དེའི་དགོན་ལག་གད་ལྷ་ཁང་ཞེས་པ་ཞིག་མཇལ་རྒྱུ་ཡོད།