Jump to content

གནས་ནང་དགོན།

ཡོང་ཁུངས་Wikipedia
 'གནས་ནང་དགོན་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་ཤང་སྣ་མཁར་གྲོང་ཚོར་ཆགས་པའི་ཀརྨ་བཀའ་བརྒྱུད་ཀྱི་གདན་ས་ཞིག་ཡིན་ཞིང་། ཐོག་མར་ཞྭ་དམར་སྐུ་ཕྲེང་དང་པོ་རྟོགས་ལྡན་གྲགས་པ་སེང་གེས་རབ་བྱུང་ལྔ་པའི་ལྕགས་བྱ་ལོ་སྟེ་སྤྱི་ལོ༡༣༢༡ལོར་ཕྱག་བཏབ་ནས་ད་བར་ལོ་ངོ་དྲུག་བརྒྱ་ལྷག་ཙམ་གྱི་ལོ་རྒྱུན་ལྡན།  འདས་པའི་ལོ་དུས་ནང་དགོན་དེ་སྔ་རྗེས་སུ་ཀམ་ཚང་ཡབ་སྲས་ཀྱི་ཡ་གྱལ་སུ་གྲགས་པའི་ཞྭ་དམར་སྤྲུལ་བརྒྱུད་དང་དཔའ་བོའི་སྤྲུལ་བརྒྱུད་གཉིས་པོས་བསྐྱངས།

མཚན་རྒྱས་པར་གནས་ནང་ཕུན་ཚོགས་གླིང་ཞེས་ཞུ། གནས་ནང་ཞེས་པ་ནི། གནས་ཙ་རི་སྐོར་བ་དང་ཁྱད་མེད་པས་དེའི་ནང་སོར་ཆགས་པས་གནས་ནང་ཞེས་ཟེར། ཁ་སྟོད་ནས་བྱང་ངོས་ཀྱི་རི་ལྡེབས་སུ་སྤྱི་ལེ་གཉིས་ལྷག་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་ཞལ་ཤར་དུ་ཕྱོགས་པའི་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཞྭ་དམར་སྐུ་ཕྲེང་དང་པོ་རྟོགས་ལྡན་གྲགས་པ་སེང་གེས་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་འགོར་ཕྱག་བཏབ་གནང་མཛད། རྟོགས་ལྡན་གྲགས་པ་སེང་གེ་ཆིབས་དྲེལ་དཀར་པོ་ཞིག་ལ་ཆིབས་ཏེ་གནས་འཚོལ་དུ་ཕེབས་སྐབས་ད་ལྟའི་དགོན་གཤམ་དུ་སྤང་སྡིངས་ཞིག་ཡོད་པར་གཟིམས་ཏེ་བཞུགས་སྐབས་ས་དེར་རྡོ་རྗེ་ཕག་མོའི་སྐུ་དབྱིབས་ཀྱི་གཟིགས་སྣང་བྱུང་། ཞིང་སྐྱོང་ཡབ་ཡུབ་ཞལ་གཟིགས་ཏེ་འདྲེ་སྲིན་ཐམས་ཅད་རི་དྭགས་སུ་བསྒྱུར་གནང་ནས་དགོན་དེའི་ལྟག་ཏུ་ཤུག་པ་གཉིས་ཡོད་པ་སོ་སོར་ཐིམ། ས་དེ་གནས་ཙ་རི་དང་ཁྱད་མེད་དུ་བྱིན་གྱིས་རླབས་གནང་ནས་དགོན་དེ་རྡོ་རྗེ་ཕག་མོའི་སྐུ་སྤང་ནང་དུ་ཕྱག་བཏབ་གནང་མཛད་དེ་ཀརྨ་བཀའ་བརྒྱུད་ཀྱི་ཕྱག་བཞེད་གནང་། ཞྭ་དམར་སྐུ་ཕྲེང་དགུ་པ་བར་དབྱར་ཁ་ཡངས་ཅན་དགོན་དང་དགུན་ཁ་གནས་ནང་དགོན་དུ་བཞུགས། དེ་རྗེས་ཀརྨ་སྐུ་ཕྲེང་བརྒྱད་པ་དང་དུས་མཉམ་པར་རྒྱ་གར་མཁས་པ་དྲུག་གི་ཡ་གྱལ་པཎ་ཆེན་ཤེས་རབ་འབྱུང་གནས་ཀྱི་རྣམ་སྤྲུལ་དཔའ་བོ་གཙུག་ལག་ཕྲེང་བར་དཔའ་བོ་ཞེས་པའི་ཆེ་སྟོད་ཀྱི་མཚན་དང་དགོན་དེ་གནང་བ་ནས་བཟུང་དགོན་དེའི་དགོན་བདག་གནས་ནང་དཔའ་བོ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས། ད་ལྟ་དཔའ་བོ་སྨྲ་བའི་སྒྲ་དབྱངས་བར་སྐུ་ཕྲེང་དགུ་བྱུང་། དཔའ་བོ་གཙུག་ལག་འཕྲེང་བ་ནི། ཚད་མའི་གཞུང་ལའང་ཤིན་ཏུ་མཁས་པ་རྗེ་ཙོང་ཁ་པ་ལྟ་བུ་བྱུང་སྟེ་བཀའ་བརྒྱུད་ཀྱི་བསྟན་པ་ལ་མཛད་འཕྲིན་ཤིན་ཏུ་རྒྱས་ཏེ་དགོན་དེ་ལའང་དགེ་འདུན་ཞལ་གྲངས་བརྒྱད་ཅུ་སྐོར་འདུས། སྔོན་འདུ་ཁང་ཀ་བ་ཉེར་བཞིའི་ནང་གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་ཐོག་སོ་ཉིས་ལྡན་དང་དེའི་གཡས་གཡོན་དུ་སྐུ་རྒྱུ་དེ་འདྲའི་ཐུབ་དབང་མི་ཚད་མ་གཉིས་ཡོད་པར་བསྟན་པ་མེས་མི་འཇིགས་པའི་མེ་འཇིགས་མ་དང་། ཆུས་མི་འཇིགས་པའི་ཆུ་འཇིགས་མ་ཞེས་ཞུ། གསེར་གདུང་ལྷ་ཁང་ཞྭ་དམར་སྐུ་ཕྲེང་དང་པོའི་གསེར་གདུང་ཞེས་གསེར་དང་བྱེ་མ་མཉམ་བསྲེས་ཀྱིས་བཞེངས་པའི་སྐུ་དམར་གདུང་བཞུགས་པའི་གདུང་རྟེན་ཐོག་སོ་ཉིས་ལྡན་དང་། དེའི་ལྟག་ཏུ་དངུལ་གདུང་ལྷ་ཁང་ནང་དཔའ་བོ་གཙུག་ལག་ཆོས་རྒྱལ་གྱི་སྐུ་དམར་གདུང་བཞུགས་པའི་དངུལ་གྱི་གདུང་རྟེན། དཔའ་བོ་གཙུག་ལག་ཆོས་རྒྱལ་གྱིས་གཏེར་ལས་བཞེས་པའི་མཁའ་འགྲོའི་རྫ་རྔ་ཞེས་པ་སོགས་རྟེན་དང་བརྟེན་པ་ཇི་སྙེད་མཇལ་རྒྱུ་ཡོད། ད་ལྟ་སྔོན་གྱི་གྱང་གོག་སྟེང་གསར་བཞེངས་གནང་བའི་སྔོན་གྱི་འདུ་ཁང་གི་གཙང་ཁང་སྦུག་མར་སྔོན་གྱི་བྱམས་པའི་སྐུ་ཚབ་འཇིམ་གྱི་བྱམས་པ་སྐུ་ཚད་དེ་འདྲ་དང་། གཡས་གཡོན་གྱི་ཐུབ་པའི་སྐུ་བརྙན་གྱི་སྐུ་ཚབ། མཁའ་འགྲོའི་རྫ་རྔ་སྔོན་གྱི་དེ་རང་། འདུ་ཁང་ནང་གཡས་སུ་མཁན་སློབ་ཆོས་གསུམ་དང་། གཡོན་དུ་མར་མེ་དྭགས་གསུམ། དཔའ་བོ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དང་། ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་ལྡེབས་རིས་སོགས་དང་། གཞན་ཡང་སྐུ་གསུང་ཐུགས་རྟེན་གསར་བཞེངས་གནང་བ་མང་པོ། དགོན་དེའི་ཉེ་འདབས་སུ་ཞྭ་དམར་སྐུ་ཕྲེང་དང་པོ་དང་། དཔའ་བོ་གཙུག་ལག་ཆོས་རྒྱལ་གྱི་སྐུ་རུས་བཞུགས་པའི་མཆོད་རྟེན་གཉིས། རྒྱབ་རིའི་ལྡེབས་སུ་ཞྭ་དམར་སྐུ་ཕྲེང་དང་པོའི་ཐོག་མའི་བཞུགས་གནས། བྱང་ཤར་གྱི་རི་སྟེང་དུ་བསམ་གཏན་རྩེ་ཞེས་དཔའ་བོ་སྐུ་ཐོག་རིམ་བྱོན་གྱི་སྒྲུབ་ཁང་ཞིག་ཀྱང་མཇལ་རྒྱུ་ཡོད་པ་བཅས།