Jump to content

གནའ་རྩོམ་དང་དེང་རབས་ཀྱི་ཚིགས་བཅད་སྙན་ངག་བར་སྒྱུ་རྩལ་གྱི་ཁྱད་པར་དང་འབྲི་ཐབས།

ཡོང་ཁུངས་Wikipedia

བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།

ཞུས་དག་ཟིན།


ཝཱ་ཎའི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་རླབས་རྩོམ་སྒྲིག་ཁང་གིས་གོ་སྒྲིག་གནང་བའི་བོད་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་ཚོགས་ཆེན་ཐོག་ཕུལ་བའི་གཏམ་བཤད། སྤྱི་ལོ་༢༠༡༠ཟླ་༣ ཚེས་ ༥ ཉིན།


སྔོན་དུ་གླེང་བ།

ཉམས་འགྱུར་རླབས་རིས་རྒོད་པའི་རྩོམ་གྱི་མཚོར།། སྒྱུ་རྩལ་འཁྱུག་འགྲོས་རྩེན་མཁས་གསེར་མིག་ཉ།། གནའ་དང་དེང་གི་ཚོར་བའི་འགྱུ་བག་ལས།། རྣམ་པར་འགྱུར་བའི་ཁྱད་པར་སུས་བརྗོད་ནུས།།

གངས་ཅན་ནི་སྙན་ངག་གི་རྒྱ་མཚོ་འཁྱིལ་སའི་ཁོར་ཡུག་ཅིག་ཡིན་ལ། སྒྱུ་རྩལ་གྱི་རླབས་ཕྲེང་འཕྱུར་སའི་རྒྱ་མཚོ་ཞིག་ཀྱང་ཡིན་ཞེས་བརྗོད་ན། ལོ་རྒྱུས་ཀྱི་བདེན་དཔང་འཕེར་བའི་དངོས་ཡོད་ཀྱི་རང་བཞིན་ལྡན་པས་ཅིས་ཀྱང་ངོ་གནོང་དགོས་དོན་མེད། ནགས་ཀྱི་སྤྲ་སྤྲེལ་མི་རུ་གྱུར་པ་ནས་ཤིང་འབྲས་ཟས་སུ་རོལ། ཤིང་ལོ་གོས་སུ་གྱོན་པའི་གདོད་མའི་སྤྱི་ཚོགས་ཀྱི་དབུ་ཁྱུད་བྲིས་པ་དང༌། ལྷོ་འདུལ་བྱང་འཐབ་ཀྱི་གཡུལ་ས་ནས་རྟ་གཡག་སྒོ་ཟོག་ཏུ་ཕབ་པའི་དུས་རབས་ནས་གནམ་གྲུ་དང་ཆུ་གྲུས་འཛམ་གླིང་ཡུད་ཀྱིས་བསྐོར་བའི་དེང་དུས་ཀྱི་སྤྱི་ཚོགས་བར། འགྲོ་བ་མིའི་སྤྱི་ཚོགས་སྤྱི་དང་ཡང་སྒོས་གངས་ཅན་པའི་སྣོད་བཅུད་ཆ་ལག་ཏུ་གཏོགས་པའི་གྲུ་ག་འདིར། མེ་རི་འགད་པ་དང་རྒྱ་མཚོ་འཕྱུར་བ་ལྟ་བུའི་འཕོ་འགྱུར་དང་འཕེལ་འགྲིབ་ཅི་རིགས་ངེས་མེད་བྱུང་བའི་བརྒྱུད་རིམ་ཁྲོད། མིའི་བསམ་བློའི་སྒུལ་ཤུགས་ལ་རང་བྱུང་ཁོར་ཡུག་གི་སྒེག་ལྡེམ་འཛུམ་བག་དང་ཁྲོས་འཁྲུག་སྡང་ཟུག་གིས་བསླུ་བྲིད་དང༌། འཇིགས་སྐུལ་གྱི་རྩེད་མོ་བརྩེས་ཏེ། སྐབས་རེ་བྱིས་པ་བཞིན་ངུ་བ་དང༌། ལན་རེར་དཔའ་བོ་བཞིན་ཁྲོས་པའི་རྩེད་སྤྱད་རང་དུ་བྱས་ཏེ། སེམས་ཀྱི་ཚོར་སྙེགས་ལ་ངོས་བཟུང་དང་སྟངས་འཛིན་ཀྱི་ཁ་ལོ་མེད་པར་གང་སར་འཕྱོ་འགྲོ་བ་ནི། ཆོས་ཉིད་ཀྱི་རང་བཞིན་ལྡན་པའི་སྒྱུ་རྩལ་གྱི་འབྱུང་ཁུངས་དེ་ཡིན་ལ། རྒྱ་མཚོ་ལས་རྦ་རླབས་འཕྱུར་བ་དང་སྤྲིན་པ་ལས་དྲག་ཆར་འབབ་པ་བཞིན། རྟོག་པའི་འོག་འགྱུ་འདི་ནས་དགོད་པའི་འཛུམ་ཀོང་དང་ངུ་བའི་མིག་ཆུ། ཁྲོ་བའི་གཉེར་མ། ཆགས་པའི་ཟུར་མིག སྐྲག་པའི་འདར་སིག་སོགས་དང་འབྲེལ་བའི་ལུས་ངག་གི་རྣམ་པར་ཅི་ཡང་འགྱུར་འགྲོ་བ་དེ། ངག་ཐོག་ཏུ་བླངས་པའི་སྙན་ངག་དང་། ལུས་ཐོག་ཏུ་ལེན་པའི་ཟློས་གར་ལ་གཏིང་མཐའ་མུ་མཐའ་མེད་དེ། དེ་དག་གི་རྒྱུ་རྟོག་འཆར་གྱི་བསམ་བློ་ལ་མཐའ་དང་དབུས་མེད་པས་སོ།

བོད་ཀྱི་གདོད་མའི་གནའ་རྩོམ་ཚིགས་བཅད་དང་དེའི་ཁྱད་ཆོས།

བོད་ཀྱི་འདོད་མའི་གནའ་རྩོམ་ཚིགས་བཅད་ནི་རང་རེའི་ཡབ་མེས་ཚོས་འགྲོ་བ་མིའི་སྐད་ཀྱི་ཕན་ཚུན་གོ་བརྡ་འཕྲོད་པ་ནས་མགོ་བཙུགས་ཏེ་ངག་གི་སྒྱུ་རྩལ་གྱི་འཕེལ་རླབས་དང་འགྲོགས་ཏེ་བཙན་པོའི་དུས་རབས་སྐབས་ཡིག་ཐོག་ཏུ་ཕབ་སྲོལ་བྱུང་པའི་གདོད་མའི་མགུར་དང་གླུ་དེ་དག་ཡིན་ལ། དེ་དག་དེང་སང་ཤོག་ཐོག་བྲིས་པའི་སྙན་ངག་གི་གླེགས་བམ་ནང་བཞིན་མཐུག་པོ་དང་མང་པོ་མེད་ཀྱང༌། གང་ཞིག་ངག་ཐོག་ནས་ཐོན་པའི་མགུར་གཞས་དེ་དག་རེ་རེ་ལའང་སྐྱོར་མཁན་དང་ཉན་མཁན་གཉིས་ཀར་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཟབ་མོ་རེ་དང་འགྲོགས་པའི་ཚོར་ཤུགས་དང་འབྲེལ་བ་དམ་ཟབ་ལྡན་པའི་སྙན་ཚིག་ཡིན་པས། དུས་རབས་འདིའི་ཀློག་པ་པོ་ཚོའི་བསམ་བློའི་ནང་སྙན་ཞིང་འཇེབས་པ་ཞིག་ཆགས་མིན་ཇི་ལྟར་ཡང༌། སྐབས་དེའི་སྤྱི་ཚོགས་ནང་ཆེས་གསོན་ཉམས་ལྡན་པ་དང་ཆེས་མཛེས་སྡུག་ལྡན་པའི་ཤེས་ཡོན་གལ་ཆེ་ཞིག་ཡིན་པ་ནི་ཡིག་རྙིང་དུ་མས་ར་འཕྲོད་བྱེད་ཐུབ་པ་ཞིག་ཡིན། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲིའི་སྐབས་ནས་བོན་སྒྲུང་ལྡེའུ་གསུམ་དང་མཉམ་དུ་གླུ་གཞས་རྩོམ་རིག་འདི་ཡབ་མེས་ཚོའི་ཟུངས་ཁྲག་དང་མཉམ་དུ་བུ་རབས་ཚ་རྒྱུད་ཚོའི་སེམས་ཁོང་ན་སིམ་པ་ཡིན་ཏེ། ཉང་གི་ཆོས་འབྱུང་ལས། ‘‘བོད་ཀྱི་རྒྱལ་པོ་ལ་སྔ་བ་རྗེ་གཉའ་ཁྲི་བཙན་པོ་ཡིན་ཏེ། དེའི་སྐུ་རིང་ལ། གཏམ་རྒྱུད་དང༌། སྒྲུང་རྒྱུད་དང༌། སྡེབ་སྦྱོར་དང༌། བཀའི་ཀུགས་དང༌། བྲོ་གར་དང༌། གླུ་གཞས་དང༌། ཤོ༷ན་རྩེ༷ད་ དང༌། རྩེད་འཇོ་ལ་སོགས་པ་བྱུང་བ་ཡིན་ནོ།’’ ། ཞེས་གསུངས། སྐབས་དེ་ནས་བཟུང་བོད་བཙན་པོ་རིམ་བྱོན་གྱིས་གདོད་མའི་མགུར་གཞས་ལ་གོ་གནས་དང་རིན་ཐང་ཆེན་པོ་སྤྲོད་པས། བཙན་པོའི་ཕོ་བྲང་ནས་བཟུང་མི་དམངས་དཀྱུས་མའི་འགྲོ་སྡོད་བྱེད་སའི་སྲང་ལམ་ཚུན་ཆད་དུ་དར་ཁྱབ་ཧ་ཅང་ཆེན་པོ་ཕྱིན་ཏེ། བོད་ཀྱི་བཙན་པོ་བརྒྱད་པ་གྲུ་གུམ་བཙན་པོའི་སྐབས་མི་དམངས་དཀྱུས་མ་ཙམ་དུ་མ་ཟད་བཙན་པོའི་དབུ་བླས་བོན་ར་ན་གླུ་ལེན་སྲོལ་དང༌། རྒྱལ་བློན་ཚོས་ཚོགས་ར་ནང་གླུ་གར་དང་བྲོ་གཞས་ལ་ཅི་དགར་རྩེན་པའི་སྲོལ་རྒྱུན་ཡང་དར་ཁྱབ་ཆེ་བར་བྱུང་སྣང་སྟེ། དྲན་པ་ནམ་མཁའི་མཛོད་སྒྲ་འགྲེལ་ལས། གཤེན་ངག་ཚིག་གསུམ་མ་བྱུང་བར། རྒྱལ་པོས་བཀའ་མི་གསོལ། བློན་པོས་གྲོས་མི་འཆའ། གཤེན་གླུ་དེང་གསུམ་མ་བླངས་པར་རྒྱལ་བློན་གླུ་བྲོ་ལ་མི་རོལ། ། ཅེས་གསུངས་པ་ལས་ཤེས་ནུས་པས་སོ། ། གཤེན་རབ་མི་བོ་ཆེས་གདོད་མའི་བོན་གྱི་བསམ་བློའི་རྨང་གཞིའི་ཐོག ཡང་དག་པའི་ལྟ་སྤྱོད་དང་འཇིག་རྟེན་མི་ཆོས་གཉིས་ཀར་འཚམ་པའི་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་གསར་དུ་བཏོད་པའི་ཆ་ལག་ཏུ། མང་ཚོགས་ཀྱི་བསམ་བློའི་གོམ་ཁ་བསྒྱུར་བ་ལ་གདོད་མའི་མགུར་གཞས་ཀྱང་ལུགས་དེའི་དགོས་མཁོ་བཞིན་རྣམ་པ་གལ་ཆེན་ཞིག་ཏུ་གྱུར་སྟབས། ཆོས་ལུགས་ལྟ་གྲུབ་དེ་དང་མཉམ་དུ་འཕེལ་རྒྱས་ཕྱིན་ཡོད་དེ། ཁམས་བརྒྱད་གཏན་ལ་ཕབ་པའི་རྩ་བའི་དོན་རྣམ་པ་ངེས་པ་ལས། “དེ་ནས་འཁོར་དུ་བཏགས་པའི་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་དགའ་བའི་གདངས་ཕྱུང་། སྤྲོ་བའི་གླུ་བླངས་ནས་སྟོན་པ་ལ་འདི་སྐད་ཅེས་བཀའ་བསྩལ་ལོ། །གཤེན་རབ་བླ་མ་ཐུགས་རྗེའི་མངའ་བདག་ནི། །ཐར་ལམ་བདེ་འབྱེད་སྟོང་གསུམ་ཡོངས་ཀྱི་དཔལ། །ཐུགས་ཀྱི་འོད་ཟེར་མ་རིག་མུན་པ་སེལ། །མགུར་གྱི་དབྱངས་ཀྱིས་འཁོར་བའི་མྱ་ངན་སངས། །གཤེན་འགྲོས་སྟབས་ཀྱིས་ས་བཅུ་ཟིལ་གྱིས་གནོན། །” ཞེས་གསུངས་པར་བརྟག་ན། གཤེན་རབ་མི་བོ་ཆེའི་བསྟན་པའི་འཕེལ་རིམ་དང་འགྲོགས་ནས་བོད་ཀྱི་བསྐལ་པ་ཡར་ཐོག་ཏུ་མགུར་གླུའི་དར་སྲོལ་ཆེས་ཆེར་བྱུང་ཡོད་པ་རྟོགས་ཐུབ། རིན་གོང་ཆེས་ཆེ་ལྡན་ལ་གོ་གནས་མཐོན་པོ་བཟུང་བའི་ཡབ་མེས་ཀྱི་མགུར་གཞས་རྩོམ་སྲོལ་འདི། སྲིད་འབྱོར་རིག་གསུམ་གྱི་བླ་སྲོག་དང་འབྲེལ་བ་ཇི་ཙམ་ཆགས་པ་དང་། འབྲེལ་བའི་གྲུ་ག་དེ་ནས། མགུར་གླུའི་རྩོམ་སྲོལ་གྱིས་ཚིག་གི་སྒྱུ་རྩལ་དང་། དོན་གྱི་གནས་ལུགས་མཚོན་པའི་ནུས་པ་ཇི་ཙམ་བཏོན་པའི་ཚུལ་རྣམས། སྲིད་པའི་ཡིག་མཛོད་དང་། གནའ་བོའི་དེབ་གཏེར་ནས་ངང་གིས་གསལ་ཡོང་གི་ཡོད།

དཔེར་ན། ཏུང་ཧུང་གཏེར་མགུར་ལས།  གྲི་གུམ་བཙནཔོའི་སྐབས།

མགུར་འདི་གསུངསོ། །

                       འ་བ་ ཉི་ ཉེ་པས་ཉིད།།
                        བྱ་རོ་རོ་ ན་མདུང་གི་རྩེ་རང་ནིག །
                        ཡོས་ རོ་རོ་ན་ལྷམ་གྱི་གོང་ར་ ནིག།
                        བརླའ་བརྡུངས །
                        སྤུར་བཏབ །
                        འྭོ(འོབ་) དེ་མྱེད་སྤུ་དེ་མྱེད།།ལྟ་བུ།

(དེ་གོ་བདེ་རུ་གཏོང་ན། ཨ་ཕ་ནི་ཉེ་བོ་ཁོ་ན་ཉིད།། བྱ་ཆེ་ཆེ་ན་མདུང་གི་རྩེ་ན་ཤི།། ཡོས་བུ་ཆེ་དྲགས་ན་ལྷམ་གྱི་ཡུ་བ་བྱེད།། ཕས་རྒོལ་གྱི་དགྲ་བོའི་བརླ་ཡང་བརྡུངས།། ཡབ་ཆེན་གྱི་ཨ་ཕར་བང་སོ་བརྩེགས།། གཅན་གཟན་དེ་ལུས་མེད་རོ་མེད་བཟོས།།) སྤུ་དེ་གུང་རྒྱལ་ཆེར་སྐྱེས་པ་དང་རང་དང་མ་གཅིག་པའི་ཕུ་བོ་རུ་ལས་སྐྱེས་ཀྱི་དཔུང་རོགས་ལ་བརྟེན་ནས། ཡབ་གྲི་གུམ་བཙན་པོ་བཀྲོང་མཁན་བློན་པོ་ལོ་ངམ་རྟ་རྫི་ཕྱོགས་གཏོགས་དང་བཅས་པ་བསད། ཀོང་ནས་ཡབ་ཀྱི་སྐུ་ཕུང་དྲངས་ནས་བང་སོ་བརྩེགས་པའི་བྱུང་རབས་དེ་མགུར་ལ་དྲངས་ནས་བླངས་པའི་གླུ་ཞིག་ཡིན་ལ། ལོ་རྒྱུས་ནང་ཡིག་ཐོག་ལ་འཁོད་པའི་བོད་བཙན་པའི་མགུར་གླུ་ཐོག་མའང་འདི་ཡིན། འདིར་བྱེད་རྒྱུ་མང་དྲགས་ན་ཐ་མར་རང་སྲོག་ཕུང་འོང་བ་དང་། མི་ལ་མཐོང་ཆུང་བཏང་དྲགས་ན་ཐ་མར་རང་ཉིད་གཞན་གྱི་རྡོག་པའི་འོག་བརྫི་འོང་པ་དེ་དག་བྱ་ཆེ་དྲགས་པ་དང་རི་བོང་ཆེ་དྲགས་པས་ཚབ་མཚོན་བྱས་ནས་བསྡུས་བརྗོད་སྙན་ངག་གི་ངོ་བོ་རང་བཞིན་གྱིས་ཐོན་འདུག བོད་བཙན་པོའི་མངའ་ཐང་གི་རྩེ་མོར་སོན་པའི་སྐབས། དམག་འགྲོ་ཇག་འདུལ་དང་དཔའ་མཛངས་རྟུལ་ཕོད་ཀྱི་བྱས་རྗེས་གང་ཡང་མེད་པར་མགུར་གླུ་གནད་ལ་འཁེལ་བའི་ཚིགས་རྐང་ཁ་ཤས་ཀྱིས་ལན་བཏབ་པས། དངུལ་གྱི་མིང་བྱང་འཁོད་པའི་བློན་པའི་གོ་གནས་ཉོ་ཐུབ་པའི་རིན་ཐང་ལྡན་པའང་ཏུང་ཧོང་ཡིག་ཚང་ན་གསལ་ཏེ། འདིའི་ཐོག་ནས་བོད་བཙན་པོའི་སྐབས་སུ་བོད་གདོད་མའི་རྩོམ་རིག་གི་ཆ་ལག་མགུར་གླུ་ལ་རིན་ཐང་ཇི་ལྟར་ལྡན་མིན་ཤེས་ཐུབ་པ་ཡིན། ཏུང་ཧུན་ཡིག་རྙིང་ལས། འུང་གི་ཚེ་ཁྱིམ་པོ་སྤུང་སད་ཀྱི་གླུ་བླངས་པའི་ཚིག་ལ། མོན་ཀ་འི་ནི་སྟག་ཆིག་པ། སྟག་བཀུམ་ནི་ཟུ་ཙེས་ བཀུམ ། གུང་བཀྲོས་ ནི་པྱག་དུ་པུལ་ ། སླ་ལྭོ ནི་ལྷེ་(ལྷོ)རྔེགས་ སྩལད།… … ཅེས་པ་ཁྱུང་པོ་སྤུང་སད་ཀྱིས་བློན་གཞན་ལ་ཕྲག་དོག་དང་རང་ཉིད་ཀྱི་བྱས་རྗེས་ངོམས་པ་སྟེ། མན་ཀའི་སྟག་བསད། སྟག་ལྤགས་བཙན་པོ་ལ་ཕུལ། ནང་འཁྲོལ་རང་ཉིད་ཀྱིས་སྤྱོད། ཅེས་སོགས་གསན་ཉམས་ལྡན་པའི་དཔེ་མཚོན་དུ་མས་རང་ཉིད་ཀྱི་བྱས་རྗེས་ངོ་སྤྲོད་བྱས་རྗེས། ཡིན་ནའང་དེང་སང་བཙན་པོས་ཨ་གསར་གྱིས་བློན་གཞན་ལ་མ་གཏོག་རང་ཉིད་ལ་ཐུགས་རྩིས་མི་གནང་བར་ཟུར་ཟ་དང་སྡུག་ཡུས་མཚོན་པའི་མགུར་དེ་བླངས་པར། ཚོགས་འདུའི་ཁྲོད་དེ་ལ་ལན་རྒྱག་ཐུབ་མཁན་མ་བྱུང་སྟབས། བཙན་པོ་མྱང་མང་པོ་རྗེ་ཞང་སྣང་ལ་རེ་བའི་བརྡ་སྟོན་བྱས་པས། དེས་གླུ་ལན་བརྒྱབ་པ་ཡང་། ཏུང་ཧོང་ཡིག་རྙིང་ལས། ཞང་སྣང་གིས་ཀླུ་བླངས་པ།། དགུ་གྲི་ ནི་ཟིང་པོ་རྗེ།། ཉ་ལས་ནི་ཁམ་དུ་དཀོང་ ། ཁམ་ལས་ནི་རྨེག་དུ་བཏའ །། སྐྱི་ ནས་ནི་ཉ་འདོན་པ། དབྱི་ཚབ་ནི་པངས་ཏོ་རེ།།… … ཞེས་གླུ་བླངས་ནས། ཚིག་དེས། བཙན་པོ་ཐུགས་བཉེསྟེ། མྱང་ཞང་སྣང་བློན་པོར་བཅུག་ནས། བློན་པོའི་མཚན་མར་ཡང་རྡུལ་(རྔུལ་)གྱི་པུག་བུ་ཆུང་སྩལ་ཏོ།། ཞེས་གསུངས། དོན་ནི། འཕན་ཡུལ་གྱི་རྒྱལ་པོ་སྐྱིད་ཆུ་ནས་ཉ་བཏོན་པ་ནང་བཞིན་བྱས་ནས་བཏོན་ཏེ་རྩ་མེད་བཏང་། འཕན་པོ་ཡོངས་རྫོགས་ཡར་ཀླུང་བཙན་པོའི་མངའ་འོག་ཏུ་འཇུག་མཁན་དབབ་དབྱི་ཚ་དང་མྱང་ཀང་ཙེ་གཉིས་ཁྱོད་ལས་བྱས་རྗེས་ཆེ་བ་དང་། མན་ཀ་གཙང་གི་རྒྱལ་པོ་བསད་པ་ཡང་བཙན་པོའི་སྟོབས་ཤུགས་ལ་ལྟོས་པ་ལས་རང་སྟབས་ཁོ་ན་མིན་པས། ཕྲག་དོག་དང་ངོ་སོས་སྡུག་ཡུས་བཤད་པ་མི་འོས་པའི་གནས་ལུགས་རྣམས། ཧ་ཅང་དོན་པ་འབྱོར་བའི་དཔེ་དང་སྦྱར་ནས་བླངས་པས། སྲོང་བཙན་ཐུགས་མཉེས་ཐག་ཆད་ནས་ཁ་ཐུག་བློན་པོའི་གོ་གནས་ལ་བཀོད་ཅེས་པའོ།།

བཙན་མོ་སད་མ་ཀར་གྱི་མགུར་དུ། ཡུལ་གྱི་(ནི)སྐལ་ པོག་ པ། ། ཁྱུང་ལུང་ནི་རྡུལ་མཁར་ ཞིག ། མུ་སུ་ ནི་གཞན་ན་རེ། ། ཕྱི་བལྟས་ནི་ངམ་ དང་བྲག ། ནང་བལྟས་ནི་གསེར་དང་དབྱིག ། བདགི་ ནི་གཡར་སྔ་ རུ། ། མཆིས་ཆུ་ནི་མ་ཐོ་ འམ། ། སྐྱ་མོ་ནི་བསེང་བསེང་མོ། །… … (མགུར་ཚིག་གོ་བདེར་བཀྲལ་ན། ཡུལ་གྱི་སྐལ་བ་ཐོབ་པ། །ཁྱུང་ལུང་རྔུལ་མཁར་ཕོ་བྲང་།།མུ་ལྟོ་གཞན་ལ་རེ་བའི།། ཕྱི་བལྟས་བཙན་པོ་བྲག་རེད། །ནང་བལྟས་གསེར་དང་ནོར་རྫས། །བདག་གི་མིག་སྔ་མཐོང་སར། །འདི་ལས་དགོས་དོན་མེད་ཀྱང་།། ཁེར་རྐྱང་ལུས་པའི་ཉམ་ཆུང་༎ )ཞེས་སོགས་ཀྱིས་ཞང་ཞུང་རྒྱལ་པོ་དང་སྲོང་བཙན་མ་གཤིན་ན། སད་མ་ཀར་རང་ཉིད་ཞང་ཞུང་རྒྱལ་པོ་དང་མི་མཛའ་ཞིང་བུ་རྒྱུད་མི་སྐྱེད་པར་མ་ཟད། ཁོ་བསླུ་བའི་ཐབས་ཤེས་གཏོང་རྒྱུ་ཡིན་སྐོར་གནའ་བོའི་ཚིགས་བཅད་ཀྱི་ལམ་ནས་བསྡེབས་པ་འདི། སྐབས་དེའི་རྒྱལ་བློན་ཚོས་ཚིག་འབྲུ་རེ་རེ་ཚུན་ཆད་ཀྱི་བྲོ་བ་ཞིབ་མོར་མྱངས་ནས་དཔའ་བོའི་ཡ་ཆུང་འཕར་ཞིང་ལྡིང་བ་དང༌། སྡར་མའི་སྒྱུད་པ་འདར་ཞིང་གུག་པའི་རྣམ་པ་རང་དབང་མེད་པར་མངོན་དགོས་པ་ཞིག་བཟོས་པ་དེ་ནི་གནའ་བོའི་སྙན་ཚིག་འདིའི་ཁྱད་པར་དང་ནུས་པ་ཡིན། སྤྱི་ལོ་དུས་རབས་བརྒྱད་པའི་ནང་། བསམ་ཡས་གཙུག་ལག་ཁང་ཡོངས་སུ་ལེགས་གྲུབ་བྱུང་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོའི་སྐབས། བཙན་པོ་ཁྲི་སྲོང་ལྡེ་བཙན་སོགས་རྗེ་བློན་རྣམས་དང་། མཁན་སློབ་གཉིས་སོགས་བླ་མཆོད་འཁོར་འབངས་དང་བཅས་པས། རང་རང་སོ་སོའི་འོས་བབ་དང་བསྟུན་པའི་མགུར་གཞས་བླངས་ཏེ། རྗེ་ཡི་དགའ་གླུ་བཅུ་གསུམ དང་། སྔགས་པའི་སྔགས་གླུ་སྡེ་བཞི། རྒྱལ་སྲས་མུ་ཏིག་བཙན་པོའི་མགུར་སོགས ་མགུར་ཉི་ཤུ་ལྷག་གི་མིང་དང་། རྒྱལ་པོའི་ཐུགས་དམ་ཇི་ལྟར་བཞེངས་ཚུལ་ཞེས་བྱ་བར་“ལྷ་སྲས་མུ་ནི་བཙན་པོ་ཡིས། །འཇིག་རྟེན་སྒྲོལ་མ་བྱ་བ་བླངས། །” ཞེས་སོགས་མགུར་ལྔ་བཅུ་ཙམ་ཡོད་པར་མ་ཟད། “གཞན་ཡང་བརྗོད་ཀྱིས་མི་ལང་སྟེ། མི་ཚོ་རེ་ཡི་གླུ་རེ་བླངས། །” ཞེས་གསུངས་པ་ལས། སྐབས་དེར་བོད་ཀྱི་གདོད་མའི་རྩོམ་རིག་གི་ཆ་ལག་མགུར་གླུས་སྤྱི་ཚོགས་ནང་གོ་ས་ཇི་ཙམ་ཞིག་བཟུང་ཡོད་པ་དང་། མགུར་གླུ་བེད་སྤྱོད་གཏོང་སའི་ཁོར་ཡུག བེད་སྤྱོད་ཇི་ལྟར་གཏོང་བའི་གནས་བབ། མགུར་གླུ་རང་གི་ཉམས་འགྱུར་གྱི་ཁྱད་ཆོས་སོགས་ཇི་ཙམ་ལྡན་པའི་དཔྱད་གཞི་གལ་ཆེ་ཞིག་ཀྱང་རེད་སྙམ། ད་དུང་སྐབས་དེར་མགུར་གླུའི་དབྱངས་འགྲོས་ཐད་ཆེས་ཕུན་སུམ་ཚོགས་པ་དང་། མགུར་རྟའི་རྣམ་གྲངས་ཀྱང་ཧ་ཅང་མང་པའི་ཁྱད་ཆོས་ལྡན་པ་ཡང་བཤད་མི་དགོས་པ་ཞིག་རེད། དེས་མཚོན་ནས་གནའ་བོའི་སྙན་ཚིག་ནི། དེང་སང་མཁས་པས་རྩོམ་རྩལ་ངོམས་པའི་ཚིག་སྦྱོར་ཙམ་མ་ཡིན་པར། རྒྱལ་པོའི་གྲོས་ར་དང༌། དཔའ་བོའི་མདའ་ར། མཛེས་མའི་ཕང་ར་ཚུན་ཆད་ལ་ཚོར་བའི་ཉིང་ཁུ་དང་འབྲེལ་བའི་གཏམ་བཤད་ཀྱི་ཚབ་ཏུ་སྤེལ་གྱི་ཡོད་པས། སྐབས་དེའི་སྤྱི་ཚོགས་ནང་གདོད་མའི་མགུར་གཞས་ཀྱི་སྙན་ཚིག་འདིའི་རིགས་ཤེས་ན། ཁ་བདེ་བོ་མི་བརྒྱའི་གྲལ་མགོར་སླེབས་པའི་དཔེ་ལྟར་གྱུར་ཅིང༌། མ་ཤེས་ན་མི་གྲལ་དུ་ཁ་ཡོད་ཀྱང་ལྐུགས་པའི་བརྟུལ་ཞུགས་གཟུང་རྒྱུ་ལས། རྒྱུན་ལྡན་གྱི་སྐད་ཆ་བཤད་ཤེས་པ་ཙམ་གྱིས་ཚོགས་ཀྱི་ནང་དུ་བཤད་སྲོལ་མེད་པ་ཡང་ཡིག་རྙིང་ཁག་ལ་བལྟས་ནས་ཤེས་ཐུབ་པ་ཞིག་རེད་སྙམ། བོད་བཙན་པོའི་དུས་རབས་མཇུག་རྫོགས་པ་ནས་ཆབ་སྲིད་དང་འབྲེལ་བའི་མགུར་གླུའི་གནས་བབ་ཆེན་པོ་ནས་ཆུང་ཆུང་དང་། མང་པོ་ནས་ཉུང་ཉུང་དུ་གྱུར་ཀྱང་། ཆོས་ལུགས་དང་འགྲེལ་བའི་མགུར་གཞས་ནི། དབྱར་ཀའི་ཆར་ཆུ་དང་སྟོན་ཁའི་ཟླ་བ་ལྟར་ཇེ་མང་དང་ཇེ་རྒྱས་སོང་བའི་རིམ་པ་ཆ་ཚང་བགྲངས་པ་མི་ནུས་མོད། མཚན་གཞི་འགའ་ཞིག་བགྲངས་ན། རྗེ་མར་པ་ལོ་ཙཱ་བས། བཅའ་འཕྲང་དང་ཆུ་ལ་ཐར་དུས་མེད།། ནགས་འཐུག་པོ་ཞིག་ལ་ཐོན་དུས་མེད།། ཤིང་སྡོང་པོ་མི་རོ་རིལ་པ་འདྲ།། ལམ་དེ་ཀུན་གྱི་འཇིགས་པ་མཐོང་བ་ན།། དུས་དེང་སང་དྲན་ཡང་གློ་སྙིང་འདར།། ཞེས་པའི་མགུར་གླུ་ལྟ་བུར་རང་ཉིད་དམ་པའི་ཆོས་ཀྱི་དོན་དུ་བོད་ནས་རྒྱ་གར་ཕེབས་པའི་ལམ་བར་ལུས་སྲོག་ལ་ཉེན་ཁ་ཆེ་བའི་ནགས་ཀླུང་དང་གཡང་ས། ཆུ་འཕྲང་དང་བྲག་འཕྲང་། ལ་དང་ལུང་པ། དགྲ་དང་ཇག་པ། སྟག་གཟིག་དོམ་དྲེད་སོགས་ཀྱི་བར་ཆད་དང་ཞེད་ཇི་ཙམ་ཡོད་པ་དེ་ཀློག་པ་པོའི་སེམས་ངོར་མེ་ལོང་གི་གཟུགས་བརྙན་དང༌། གྱང་ལྡེབ་ཀྱི་རི་མོ་བཞིན་འབུར་འོང་། 210 ལྟ་བ་ཐུགས་ལ་འཁྲུངས་པའི་མགུར། ཤར་ཆུ་བོ་གང་གཱའི་འགྲམ་དུ་ཕྱིན། ། རྗེ་མཻ་ཏྲི་པ་ཡི་བྱིན་བརླབས་ཀྱིས། ། གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། ། སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས། ། དོན་སྤྲོས་བྲལ་གཉུག་མའི་ངོ་བོ་མཐོང་། ། སྐུ་གསུམ་མ་དང་དངོས་སུ་མཇལ། ། མི་ཁོ་བོའི་སྤྲོས་པ་དེ་ནས་ཆོད། ། ལྟ་བུ་དུས་གསུམ་རྒྱལ་ཀུན་གཤེགས་པའི་ཤུལ་ལམ་གནས་ལུགས་སྟོང་པའི་རང་ཞལ་རྗེན་པ་གཞི་མེད་རྩ་བྲལ་གྱི་ངོ་བོར་མ་བུ་ངོ་འཕྲོད་པ་ལྟར་མཇལ་ཚུལ་དེ། སྦར་འཛིན་བྱས་པའི་གཟུགས་སུ་བསྐྲུན་པ་ནི། ཆེད་དུ་མ་བསྒྲིགས་པར་ཙན་དན་དང་ཙན་དན་གྱི་དྲི་བསུང་བཞིན། རང་བྱུང་ལྷན་སྐྱེས་ཀྱིས་འགྲིགས་སོང་བའི་གདོད་མའི་བོད་ཀྱི་ངག་རྩལ་ལ་རང་ཆས་སུ་གྲུབ་པའི་གདོད་མའི་གཟུགས་རྒྱན་གྱི་དཔེ་མཚོན་དམིགས་བསལ་བ་ཞིག་ཡིན། དེ་ཡང་བརྗོད་འདོད་པའི་དོན་སྙིང་གཙོ་བོ་དེ། རྡོ་རྗེ་རྐེད་གཟུང་ལྟ་བུའི་ཐོལ་བྱུང་དུ་མ་བརྗོད་པར། གནས་གང་དུ་ཕྱིན་པ་དང་། བླ་མ་སུ་ཞིག་ལ་བསྟེན་པ། གདམས་ངག་གང་ཞིག་ཉན་པ་དང་། རྟོགས་པ་གང་ཞིག་བརྡོལ་བའི་རྒྱུད་རིམ་རྣམས། གསལ་ཞིང་འབྲུར་ཆགས་པའི་ཚིག་སྦྱོར་གོ་རིམ་ལྡན་པ། གྲ་འགྲིགས་པའི་བཟོ་བཀོད་ལ་བརྟེན་ནས། ཉན་སྤྲོ་ལ་བསམ་འདོད་པའི་ངག་གི་བཟོ་བཀོད་ཕུལ་དུ་བྱུང་བའི་སྒོ་ནས་གསལ་བར་བྱས་ཡོད། དེའི་ཚབ་ལ་མཐུ་དང་གཏོར་མའི་ལུས་སྦྱོར་གནང་ནས། རྭ་རྒན་ལོ་ཙཱ་རྒས་སྙམ་མམ། ། གནམ་གྱི་སེར་བ་ཟད་སྙམ་མམ། ། འབྲུག་གི་གྲེ་བ་རལ་སྙམ་མམ། ། མ་མོ་གྲོང་ཁ་ཡན་སྙམ་མམ། ། ས་བདག་གཉིད་དུ་སོང་སྙམ་མམ། ། ལྟ་བུ་རང་ཉིད་ཀྱིས་གནས་ལུགས་སྟོང་པའི་རང་ངོ་སྔ་ས་ནས་འཕྲོད་པས། ཅི་དགའ་གང་མོས་སུ་སྤྱོད་ནའང་ཉེས་པ་མེད་པའི་རྒྱུ་མཚན་བགྲངས་ནས། འདུལ་བ་འཛིན་པ་ཚད་ལྡན་ཞིག་ལ། རྫིག་རྫིག་བསྐུལ་བའི་ཐོལ་བྱུང་གི་རྫིག་མགུར་དང་། འབྲུག་སྟོང་དུས་གཅིག་ལ་རྒོད་པ་ལྟ་བུའི་དྲག་མགུར་བཞེས་འདུག་པ་འདི་རིགས། ཚིག་སྦྱོར་གྱི་སྒྱུ་རྩལ་ཐད་ནས་བཤད་ན། རྫིག་ཉམས་དང་དཔའ་ཉམས་འདོན་སྟངས་བྲམ་ཟེ་ལྟག་སྤུ་ཅན་གྱི་སྙན་གཞུང་ནས་ཀྱང་རྙེད་དཀའ་བའི་གསན་མཉམ་ལྡན། དམ་ཆོས་འདུལ་བའི་གཞུང་ལུགས་རྣམས་སུ་སྟོང་པ་སེམས་ཀྱི་རང་ངོ་འཕྲོད་རྗེས། ཆོས་གོས་གོན་ནས་ནག་མོ་རུམ་པ་དང་། གསང་ཡུམ་ཉར་ནས་བསྙེན་རྫོགས་སྒྲུབ་པའི་ཆོ་ག་ཞིག་བོད་འགྱུར་བཀའ་བསྟན་གཉིས་ནས་རག་ཐབས་མེད་པས། རྭ་ལོ་ཆེན་པོས་རྒྱ་བལ་གང་ཞིག་གི་གཞུང་ལས་གཟིགས་པ་དེ་ཁུངས་བསྐྱལ་གནང་དགོས་ནའང་། དེའི་ཚབ་ལ་མཐུ་དང་གཏོར་མའི་ལས་སྦྱོར་གནང་འདུག ། རྟོགས་པ་ལྷ་དང་མཉམ་ཡང་། མཛད་སྤྱོད་མི་དང་བསྟུན་དགོས་པའི་བསླབ་བྱའི་སྡོམ་ཚིག་འདི། རྭ་ལོའི་འབྲུག་སྒྲོག་ཐོག་འབེབས་ཀྱི་དྲག་སྔགས་ཇི་ཙམ་བགྲངས་ཀྱང་གཞོམ་གཞིགས་མི་ནུས་པའི་ཁྲོ་ལྕགས་ཀྱི་བྲག་རི་ཞིག་དང་མཚུངས་པས། བཀའ་གདམས་གསར་རྙིང་གི་མཁས་གྲུབ་ཚོས་འདི་ལ་འགྲེལ་བརྗོད་ཅིག་དགོས་ངེས་སྙམ། མི་ལ་བཞད་པའི་རྡོ་རྗེ་གུང་ཐང་གི་བྲག་དམར་ལིང་བ་དང་། གངས་ལ་ཕྱི་ཆུ་བཟང་སོགས་སུ་བཞུགས་སྐབས་སུ་ བྲག་སྲིན་མོ་ལ་སོགས་པ་ལྷ་འདྲེའི་ཆོ་འཕྲུལ་འདྲ་མིན་བྱུང་བ་རྣམས་དམ་ལ་འདོགས་པའི་སྐབས་སུ།

ང་སྣང་བ་སེམས་སུ་ཐག་ཆོད་ཅིང་། །

སེམས་ཉིད་ཆོས་སྐུར་ཐག་ཆོད་པས། ། འདྲེ་ཁྱོད་ཀྱིས་ཆོ་འཕྲུལ་ཅིར་བསྟན་ཡང་། ། ང་རྣལ་འབྱོར་པ་ཡི་རྒྱན་དུ་ཆེ། ། ཞེས་གསུངས་པ་ལྟ་བུ་རྣལ་འབྱོར་པའི་ཉམས་རྟོགས་ཀྱི་ཀློང་ན་ཀུན་རྫོབ་སྣང་བ་སེམས་སུ་འཆར་བ་དང་། དོན་དམ་སེམས་ཉིད་སྟོང་གསལ་ཆོས་སྐུར་ཐག་ཆོད་ཚར་བས། ད་ནི་ང་ལ་གནོད་རྒྱུ་ཕར་་ནས་ངའི་ནུས་པའི་མཐུ་ལ་བརྟེན་ནས་ང་ཡི་བྲན་དུ་ཁོལ་བ་ཡིན་པས། གཡུལ་སའི་ཕྱིར་རྒོལ་ཇི་ཙམ་མང་བ་དེ་ཙམ་གྱིས་དཔའ་བོའི་མཚན་སྙན་ཆེ་རུ་འགྲོ་ལ་ལྟར་ཡིན་པ་དེ་མགུར་གྱི་ལམ་ནས་གསུངས་པ་ཞིག་ཡིན། གསུང་མགུར་འདིས་མི་ལ་རང་ཉིད་ཀྱི་རྟོགས་པའི་གནས་ཚད་གསལ་པོར་བྱས་ཤིང་། སྣང་བ་སེམས་དང་སྟོང་པ་ཆོས་སྐུའི་ངོ་སྤྲོད་གནད་བསྡུས་པ་པོ་ཏི་བརྒྱ་ཕྲག་མང་པོའི་ཐལ་རྡུལ་དཀྲུགས་ནས་གླེགས་ཐག་དཀྲོལ་མི་དགོས་པར། གཅིག་ཤེས་ཀུན་གྲོལ་གྱི་མན་ངག་དོན་སྙིང་ལྡན་པ་འདི་དག སྟབས་ཧ་ཅང་བདེ་བའི་མགུར་གླུའི་ཟོལ་གྱིས་བསྟན་པ་ནི། ཉན་སྤྲོ་ལ་གོ་བདེ་བ། འཆར་སླ་ལ་འཛིན་བདེ་བ། ཁ་གསལ་ལ་གཏིང་ཟབ་པའི་ཁྱད་ཆོས་འདི་དག་མགུར་གཞས་ཀྱི་རིན་ཐང་ལ་རྩི་འོས་པ་ཡིན་སྙམ། རས་ཆུང་རྡོ་རྗེ་གྲགས་པའི་རྣམ་མགུར་དུ། དབང་བསྐུར་མང་པོ་ཞུ་མྱོང་སྟེ༎ ཟ་རུའི་དབང་བསྐུར་ཞུ་མ་མྱོང་༎ རྒྱན་ཆ་མང་པོ་འདོགས་མྱོང་སྟེ༎ ཡོག་གི་རྒྱན་ཆ་འདོགས་མ་མྱོང་༎ ལྟ་བུ། རས་ཆུང་པས་རང་གི་ཆུང་མའི་རྒྱན་ཆ་གཡུ་རྡོག་ཅིག་ཡོད་པ་དེ། སྤགས་ཀྱི་ནང་དུ་དྲིལ་ཏེ་སྤྲང་པོ་ཞིག་ལ་སྦྱིན་པ་གནང་བར་ཆུང་མས་ཤེས་ཏེ། ཐུག་པ་དཀྲུགས་བཞིན་པའི་སྐྱོགས་ཚ་པོ་དེས་མགོ་ནས་གཞུས། ཐུག་པ་ཚ་བོ་སྐུ་ལ་གཤོལ་བའི་སྐབས་སུ། སྐྱོ་སྣང་དང་སུན་སྣང་ཚད་མེད་བྱུང་བའི་མགུར་གླུ། རང་གི་བཟའ་ཟླ་མ་རུང་པ་དེར་གཏིང་ནས་སུན་ཏེ། མི་སྤྱོད་ལས་འདས་པའི་བྱ་སྤྱོད་རེ་རེ་བཞིན་འགལ་བ་བརྗོད་པའི་ཚིག་རྒྱན་གྱི་ལམ་ནས་བགྲངས་པ་ཞིག་ཡིན། འདི་དག་སྐྱེས་བུ་དམ་པའི་རྣམ་ཐར་ཡིན་ཡང་། སྐྱེས་བུ་དམ་པ་ནི་རྒྱུ་མེད་རྐྱེན་མེད་ཀྱི་རྟག་པ་རང་བྱུང་གི་ངོ་བོར་གྲུབ་པ་ཞིག་མིན་ཞིང་། འཇིག་རྟེན་མིའི་ཤ་ཚུགས་བཟུང་ནས་སྤྱི་ཚོགས་འཚོ་བའི་གཞུང་ལམ་དུ། མཉམ་འགྲོ་མཉམ་འདུག་གིས་ཉ་གཤིབ་ཆུ་གཤིབ་བྱས་ནས་གཤེགས་པ་ཆོས་ཉིད་ཀྱི་རང་བཞིན་ཡིན་པས། རང་བཞིན་དེ་ལས་འགོང་ཐབས་མེད་སྟབས། འཇིག་རྟེན་འཁོར་བའི་བཟའ་འཛིངས་བགོ་སྟངས་ཚུན་ཆད་ཀྱང་གསལ་གསལ་ཏིག་ཏིག་འཁོད་ཡོད་པས། སྔོན་བྱོན་དམ་པ་ཚོའི་བསམ་བློའི་ཁ་ཕྱོགས་ཆོས་ལ་གཏོད་ཀྱང་། སྐུ་ལུས་རགས་གཟུགས་འཁོར་བའི་སྤྱི་ཚོགས་ནང་ཡོད་པས། འཁོར་བའི་སྤྱི་ཚོགས་ཀྱི་གནས་བབ་མཚོན་པའི་མགུར་གླུ་ཉུང་ཉུང་རྩ་བ་ནས་མིན། དེའི་ཕྱིར་ཕྱི་རབས་དང་། དེང་རབས་པ་ཚོས་གནའ་བོའི་མེས་པོ་ཚོའི་ངག་གི་འདུ་བྱེད་ལ་སྤྱི་ཚོགས་འཚོ་བའི་འདུ་བྱེད་མི་གསལ་བའི་སྡུག་ཡུས་བཤད་ཆེས་ན། དེ་ཙམ་འཚམས་པོ་མེད་པའང་ཤེས་དགོས་ངེས་སྙམ༎ གྲུབ་ཆེན་གླིང་རས་པ་པདྨ་རྡོ་རྗེས། འཁོར་བ་རྣམ་རྟོག་གི་གྲོང་ཁྱེར་ན། ། འཇིག་རྟེན་ཆོས་བརྒྱད་ཀྱི་རོ་ལངས་རྒྱག། དུར་ཁྲོད་འཇིགས་སུ་རུང་པ་ཞིག་དེ་ན་གདའ། ། ལྟ་བུ། རྣལ་འབྱོར་པ་ཉམས་རྟོགས་ཀྱི་དག་སར་སླེབས་ནས་ཕྱི་མིག་བལྟས་པའི་མཐོང་སྣང་གྲུབ་པ་རྣམས་གཟུགས་རྒྱན་གྱི་ངོ་བོར་རང་བཞིན་གྱིས་སོང་ཞིང༌། ཉམས་ལེན་གྱི་གནད་དང་མཐུན་པའི་བརྗོད་བྱའི་དོན་སྙིང་ཧ་ཅང་ཟབ་པ། ཚིག་ཉན་ན་རྣ་བར་བབ་སླ་ཞིང༌། དོན་བསམ་ན་སེམས་ལ་འཇུག་བདེ་བའི་ཁྱད་ཆོས་ལྡན་པ། ཚིག་རྐང་རེ་རེ་ལ་ཚེག་བར་མང་ཉུང་དང་ངལ་གསོ་ཐོབ་མཚམས་གཅིག་གྱུར་གྱི་སྒྲིག་འཛུགས་ཀྱང་དེ་ཙམ་མི་དགོས། འདི་དང་འདིས་མཚོན་ནས་བོད་སིལ་བུའི་སྐབས་ཀྱི་རྗེ་ཕག་མོ་གྲུ་པ་ཡབ་སྲས་དང་། འབྲུ་གུང་ཡབ་སྲས་ཀྱི་བཀའ་འབུམ་རྣམས་སུ་རྩོམ་ཡིག་ཕལ་ཆེ་བ་རྩོམ་སྲོལ་འདི་དག་ལ་གཞི་བཅོལ་ནས་མཛད་སྣང་ཞིང༌། ས་སྐྱའི་བཀའ་འབུམ་ནང་གི་རྩོམ་སྲོལ་ཕལ་ཆེ་བ་ཡང་རྩོམ་སྲོལ་འདི་དག་དང་འབྲེལ་བ་ཟབ། བོད་བླ་མའི་དུས་རབས་ནང་། ས་པཎ་ཡབ་སྲས་ནས་མགོ་བཙུགས་ཏེ། སྲོལ་རྒྱུན་གྱི་མྱུ་གུ་ཤུགས་ཆེར་འབུས་པའི་སྐབས་ཡིན་ཡང་། གནའ་རྩོམ་འདི་དག་མེད་བརླག་ཏུ་མ་སོང་བར། སྐྱེས་ཆེན་དམ་པ་མང་པོའི་ཉམས་རྟོགས་དང་དགག་སྒྲུབ་ཅི་རིགས་མཚོན་པའི་མགུར་གླུ་བཞེངས་པའང་ཉུང་ཉུང་མིན།

རྗེ་དགེ་འདུན་གྲུབ་པས། ལར་ད་ལྟར་གངས་རིའི་ཁྲོད་འདི་ན། ། རང་བསྟན་པ་འཛིན་པ་ཁས་ལེན་ཅིང༌། ། གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན། ། ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས། ། ཞེས་པ་ལྟ་བུ་རྩོམ་པ་པོ་དབུས་ལྗོངས་དག་པའི་ཞིང་སར་རྗེ་ཐམས་ཅད་མཁྱེན་པའི་དྲུང་དུ་མསྔགས་གསུང་རབ་ཀྱི་དོན་ལ་སྒྲོ་འདོགས་བཅད་ནས་ཕྱིར་གཙང་ཕྱོགས་སུ་ཕེབས་རྗེས། གྲུབ་མཐའ་ལ་ཕྱོགས་ཞེན་ཆེ་བའི་སྐྱེས་ཆེན་ཁག་གཅིག་གིས་གནོན་ཤུགས་ཀྱི་བྱེད་པ་ལ་ཐུགས་སུན་ནས་གསུང་པའི་མགུར་གཞས་ཤིག་ཡིན་ཞིང་། གོ་དོན་ནི། སྐྱེས་ཆེན་དེ་རིགས་ཀྱི་བྱ་སྤྱོད་ཐེར་འདོན་བྱས་པ་ཡིན་ལ། འདི་ནི་ཤིན་ཏུ་སྙན་ཆའི་རོ་དང་ལྡན་པའི་གནའ་རྩོམ་ཁྲོད་ཀྱི་ཟུར་ཟའི་རྩོམ་རིག་གི་དཔེ་མཚོན་སྟབས་བདེ་ཤོས་ཤིག་རེད་སྙམ། དེ་བཞིན་དུ་《སྒྲ་བསྒྱུར་མར་པ་ལོ་ཙཱའི་རྣམ་ཐར་ཆེན་མོ་མཐོང་བ་དོན་ཡོད》དང་《མར་པ་ལོ་ཙཱའི་རྣམ་མགུར》《མར་པའི་མགུར་མཛོད》། ཀརྨ་པ་རང་བྱུང་རྡོ་རྗེས་ཕྱོགས་བསྒྲིགས་གནང་བའི་《བཀའ་བརྒྱུད་མགུར་མཚོ》།《བཀའ་བརྒྱུད་གསེར་རིའི་ཕྲེང་བའི་རྡོ་རྗེའི་གསུང་མགུར་ཕྱོགས་གཅིག་ཏུ་བསྡེབས་པ་རིན་པོ་ཆེ་ཟ་མ་ཏོག་གི་རྒྱལ་པོ》དང་《མི་ལའི་རྣམ་ཐར་མཛོད་ནག་མ》། 《ཞང་འགྲོ་བའི་མགོན་པོ་གཡུ་བྲག་པའི་མགུར་རྣམ》། ཀརྨ་པ་དང་བྱུང་རྡོ་རྗེའི་མགུར་རྩོམ་ཕྱོགས་བསྒྲིགས(འདི་ལ་མགུར་གཞས་སོ་དྲུག་ཡོད)》།《དཔལ་པདྨ་དཀར་པོའི་སྡེའི་རྡོ་རྗེའི་གླུའི་ཕྲེང་བ》།《རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ》།《རྒྱལ་བ་ཀློང་ཆེན་རབ་འབྱམས་པའི་མགུར་ཚོགས》།《ཀུན་གཟིགས་ལྔ་བ་ཆེན་མོའི་སྙན་མགུར་གསང་གསུམ་ཡིད་བཞིན་ནོར་བུའི་ཆར་འབེབས》།《རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ》།《ཤར་སྐལ་ལྡན་རྒྱ་མཚོའི་གསུང་མགུར》།《བྱ་བཏང་ཚོགས་དྲུག་རང་གྲོལ་གྱི་མགུར་འབུམ》། རྗེ་འཇིགས་མེད་དབང་པོས་མཛད་པའི་《ཞལ་གདམས་མགུར་མ》།《གུང་ཐང་བསྟན་པའི་སྒྲོན་མེའི་མགུར་ཚོགས》། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི《མགུར་དང་གཏམ་ཚོགས་སྐོར》རྒྱལ་དབང་བསྐལ་བཟང་རྒྱ་མཚོས་མཛད་པའི་《སྙན་མགུར་གྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་དོན་ལྡན་ཚངས་པའི་སྒྲ་དབྱངས》རྡོ་གྲུབ་བསྟན་པའི་ཉི་མས་མཛད་པའི《མགུར་ཚོགས་ཕྱོགས་བསྡུས་ཚངས་སྲས་དགའ་བའི་གླུ་དབྱངས》རྗེ་ཕ་བོང་ཁ་བས་མཛད་པའི་《ཉམས་མགུར་བསླབ་བྱའི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ》《ཀིརྟི་བློ་བཟང་འཕྲིན་ལས་ཀྱི་ཞལ་གདམས་མགུར་མ》《ཞང་སྟོན་བསྟན་པ་རྒྱ་མཚོའི་མགུར་ཚོགས》སོགས་ཤིན་ཏུ་མང་ལ། གཞན་ཡང་གསུང་མགུར་མང་དུ་མ་མཇལ་ཡང་། སྒྱུ་རྩལ་ཁྱད་ཆོས་གཟེངས་སུ་ཐོན་པ་ བྲག་དཀར་པཎྜི་ཏ་བློ་བཟང་དཔལ་ལྡན། བྱ་བཏང་ཆོས་དབྱིངས་རང་གྲོལ། མཁས་དབང་དགེ་འདུན་ཆོས་འཕེལ། ཀླུ་འབུམ་ཤེས་རབ་རྒྱ་མཚོ། ཞྭ་དམར་པཎྚི་ཏ། རྡོ་གྲུབ་ཀུན་བཟང་གཞན་ཕན་མཐའ་ཡས་སོགས་ཀྱི་གསུང་མགུར་ཐོར་བུ་ཕལ་ཆེ་བའི་རྩོམ་ལུས་གནའ་རྩོམ་གྱི་ངོ་བོར་གྲུབ། གཞན་བོད་ཀྱི་བླ་མའི་དུས་རབས་ནང་གི་སྐྱེས་ཆེན་རྩོམ་པ་པོ་ཕལ་བའི་རྩོམ་ལུས་མེ་ལོང་མའི་རྩོམ་སྲོལ་ཤུགས་ཆེན་ལྡན་ནའང༌། གསུང་འབུམ་ཁྲོད་དུ། གདོད་མའི་རྩོམ་སྲོལ་གྱི་ཆ་ལག་མགུར་རྩོམ་རེ་གཉིས་རེ་མཛད་མ་མྱོང་བ་ཕལ་ཆེར་མེད་ཟེར་ན་འགྲིགས།

གནའ་བོའི་སྐད་བརྡ་མང་པོ་ཞིག་སྐད་གསར་བཅད་དུ་མས་འགྱུར་བ་བཏང་ནས། དེ་དག་གི་ཚིག་སྲོལ་ཇི་ལྟར་བཞིན་དེང་སང་བེད་སྤྱོད་མེད་ནའང་། རྩོམ་རིགས་ཀྱི་སྒྲོམ་གཞི་དེ་ཉིད་ད་ལྟའི་བར་དུ་མ་ཉམས་པར་ཡོད་དེ། བར་ལམ་གསུང་རབ་བོད་བསྒྱུར་གྱི་འདུ་ལོང་ཁྲོད་མཁས་པའི་གྲལ་ནས་ཁྲི་ཐོབ་ཤོར་ནའང་དམངས་ཁྲོད་ཀྱི་འཚོ་བའི་འགྱུར་འགྲོས་ཁྲོད་མེད་ཐབས་མེད་པའི་སྒྱུ་རྩལ་གྱི་ཆ་ལག་ཅིག་ཏུ་གྱུར་ཏེ། ཕོ་མོའི་གཉེན་སྒྲིག་དང་རྟེན་འབྲེལ་མཛད་སྒོ་ རྟ་རྒྱུག་མདའ་འཕེན། གླུ་ལེན་བྲོ་རྡུང་གི་ཆོ་ག་ཕལ་བོ་ཆེའི་བྱ་སྤྱོད་ཁྲོད་གདོད་མའི་སྙན་ཚིག་འདི་ཚོ་མེད་ཐབས་མེད་པ་ཞིག་ཡིན། དཔེ་མཚོན་ཤིན་ཏུ་མང་བ་ལས། ད་དུང་ཡིག་ཐོག་ཏུ་བཀོད་པའི་དམངས་ཁྲོད་ཀྱི་སྙན་ཚིག་ཆེས་མང་ཤོས་ཀྱང་འདི་ཉིད་རང་དུ་ངོས་འཛིན་བྱས་ཆོག ཟུར་ཟའི་དམངས་གླུ། བྱ་ངང་པ་གསུམ་གྱིས་མཚོ་མཐའ་བསྐོར། ། ཕ་བླ་མ་གསུམ་གྱི་རྣམ་ཤེས་རེད། ། དེ་ཆོས་ལོག་ཁུར་བའི་རྣམ་སྨིན་རེད། ། བྱ་ཕོ་རོག་གསུམ་གྱིས་ནགས་མཐའ་སྐོར། ། སྟག་ཤ་ར་གསུམ་གྱི་རྣམ་ཤེས་རེད། ། ཤྭ་རི་དྭགས་བསད་པའི་རྣམ་སྨིན་རེད། ། ལྟ་བུ་རང་རེའི་སྤྱི་ཚོགས་ཁྲོད་ཤེས་ཡོན་དང་ཉམས་ལེན་མེད་པའི་བླ་གཟུགས་ཟོག་པོ་དང་མི་ཚེ་རི་དྭགས་གཤོལ་ནས་འཚོ་མཁན་གྱི་རྔོན་པ་སྡིག་ཅན་ལ་ཟུར་ཟའི་ལ་གཞས་ཡིན་ཞིང༌། ཡོན་ཏན་མེད་པའི་གྲྭ་བླ་རྣམས་གོས་ཀྱི་ཁ་དོག་གི་ཆ་ནས་ངང་པ་སེར་པོས་ཚབ་མཚོན་བྱས། ངང་པ་མཚོ་མཐར་འཁོར་བ་ཡང་བླ་གཟུགས་ཟོག་པོ་ཚོ་འཁོར་བའི་མཚོ་ལ་ཆགས་ཞེན་མ་སྤངས་པར་བསྐོར་བའི་ཚབ་མཚོན་བྱས། སྡིག་ཅན་པ་དེ་དག་གོས་དང་སྡིག་ལས་གཉིས་ཀའི་ཆ་ནས་ཕོ་རོག་ནག་པོས་ཚབ་མཚོན་བྱས་པར་མ་ཟད་། ད་དུང་རི་དྭགས་རྔོན་དུ་ནགས་སུ་རྒྱུ་ནས་སྡིག་ལས་ཤུགས་ཆེར་བྱས་པའི་རྒྱུ་མཐུན་གྱི་འབྲས་བུར་རོག་ཀྱང་ནགས་མཐར་སྐོར་མཁན་གྱི་གཟུགས་བརྙན་དུ་བསྐྲུན་ནས། ཆེས་གནད་ལ་འཁེལ་ཞིང་དཔེ་དོན་རྦད་དེ་འབྱར་བའི་ངག་གི་རང་བཞིན་ཁྱད་པར་བ་འདི་འདི་འདྲ་ཡང་། ཤེས་བྱའི་གནས་ལ་ཆེད་དུ་སྦྱངས་པ་མ་བྱས་ཀྱང༌། སྤྱི་ཚོགས་ཚོར་བའི་ཁྲོད་ནས་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་། སྐྱེས་སྟོབས་ཀྱི་ཤེས་རབ་ལ་འབུར་དུ་དོན་པའི་རྒྱ་ཆེ་མང་ཚོགས་ཀྱི་ཁ་སྒོ་ནས་རྩོལ་མེད་དུ་ཐོན་འོང་པའི་རང་བྱུང་གི་སྙན་ངག་རིན་ཐང་བྲལ་བ་ཞིག་ཡིན་ཟེར་ན་འགྲིག ཚེག་བར་མང་ཉུང་དང་ཚིག་རྐང་མང་ཉུང་ཡང་གདོད་མའི་རྩོམ་སྲོལ་ལྟར་སྒྲིག་ཆོག་པ་ལས། གྲངས་ཚད་ཀྱི་སྒྲིག་གཞི་དམ་པོ་དེ་ཙམ་མི་དགོས། ཡང་། ཤ་མ་ཟ་གསུང་མཁན་བླ་མ་རེད། ། ཤ་ཚོན་པོ་མཆོད་མཁན་བླ་མ་རེད། ། ལྟ་བུ་ནི། གོང་གི་བསླབ་བྱ་རྒྱག་མཁན་དང་ལམ་སྟོན་གནང་མཁན་ཚོས་རང་ཉིད་ཀྱི་ལག་བསྟར་དགོས་པ་སྣེ་གཅིག་ཀྱང་མེད་པར། མི་ལ་བཤད་རྐྱང་དང་སྡིག་ར་གནང་མཁན་བླ་དཔོན་དེ་རིགས་ལ། ཉན་ན་གོ་བ་ཙམ་མ་ཟད། ལྟ་ན་མིག་ལ་ཁྲ་ལྷམ་མེར་འཆར་ཐུབ་པའི་གནས་ལུགས་ར་སྤྲོད་ཀྱི་ཟུར་ཟའི་ཚིག་མདའ་གང་ལ་འཕངས་པ་དེའི་གསོན་སྙིང་དཀར་ནག་གི་མཚམས་སུ་ཐལ་གྱིས་འབིགས་འགྲོ་བའི་རྣོ་ངར་ལྡན་པ་འདི་རིགས་ཀྱང་། རྒྱ་ཆེར་མང་ཚོགས་ཀྱི་བསམ་བློའི་ཁང་ཁྱིམ་ན་ཡོད་པའི་གནའ་རྩོམ་གྱི་ནོར་བུ་རྩ་ཆེ་ཞིག་རེད་ཟེར་ན་ཆོག །འདི་དང་ཁོག་འདྲ་བ། ཆོས་བཤད་ཉ་བའི་ཁ་ཡོད། རྟོགས་ལྡན་ང་ལ་ཉམས་ལེན་མེད། ལྟ་བུ་ཤིན་ཏུ་མང༌། ཡང་། སྟག་སྐྱ་ལི་ཟངས་དཀར་ལུང་བརྒྱད་རེད།། སྨན་བུ་མོ་རྫ་ལི་ཁ་ཆག་རེད། ། ལྟ་བུ། གཞོན་འགའ་ཞིག་གིས་རང་ཉིད་ལ་བསྟོད་ནས་ཁ་གཏད་མོ་གཞོན་ཚོ་ལ་སྨད་ར་ཕབ་པའི་ལ་ཤགས་ཀྱི་མགུར་གླུ་ཞིག་ཡིན། འདིས་སྟག་སྐྱ་ལའི་སྟེ་སྐྱེས་པ་ནི་ཟངས་དཀར་གྱི་དཔེར་བྱས། ཟངས་དཀར་ནི་གནའ་བོད་སྤྱི་ཚོགས་ནང་ཇ་ཐུག་བསྐོ་སའི་སྣོད་ཆས་རིན་ཐང་ཆེ་ཤོས་དེ་ཡིན། དགོན་པ་གྲྭ་ཚང་དང་བླ་དཔོན་མི་དཔོན་འབྱོར་ལྡན་ཕྱུག་པོ་ཚོས་མ་གཏོགས་མི་དམངས་ཕལ་བ་ལ་མི་འཛོམས་པའི་སྣོད་ཆས་ཤིག་ཡིན་པ་ལྟར། འདི་སྐྱེས་པ་ཡི་རིན་ཐང་གི་དཔེ་མཚོན་དུ་བཀོད་པར་མ་ཟད། ད་དུང་དེ་ཉིད་ཁ་དོག་དཀར་པོ་དང་ལུང་ཐག་བརྒྱད་ཡོད་པའི་སྣང་བརྙན་དུ་བསྐྲུན། གྲྭ་ཚོགས་སྟོང་ཕྲག་ཡོད་པའི་དགོན་པ་ཚོས་ཇ་ཐུག་བཟོ་སའི་ཟངས་དཀར་ལ་སྟོབས་ཤུགས་ཅན་མི་མང་པོས་མཉམ་དུ་འདེགས་འཇོག་བྱེད་ན་མ་གཏོགས། མི་རེ་གཉིས་ཀྱིས་ལྕོགས་ཐབས་མེད་པས། ལུང་འཇུ་མང་པོ་བསྒར་ཡོད། ཇི་ཙམ་ལུང་འཇུ་མང་བ་དེ་ཙམ་གྱིས་ཟངས་དཀར་དེ་ཉིད་ཁོག་པ་ཆེན་པོ་ཡིན་པ་མཚོན་ཐུབ་པས། དེས་ན་སྐྱེས་པ་ཕོའི་མི་གཞི་ཟངས་དཀར་ལྟར་རིན་ཐང་ཆེ་བ་མ་ཟད། བསམ་བློའི་རང་བཞིན་ལུང་ཐག་བརྒྱད་ལྡན་ལྟར་ཁོག་པ་ཧ་ཅང་ཡངས་པོ་ཡིན་པ་དེ་མཚོན་ཐབས་བྱས་ཡོད། དེ་ནི་ཁྱོ་གའི་ཁོག་པར་མདའ་ཤོངས་མདུང་ཤོང་ཟེར་སྲོལ་ཡོད་པ་དེ་དང་ཁོག་འདྲ་བ་ཡིན། སྨན་བུ་མོའི་དཔེ་མཚོན་ལ་རྫ་མ་འཇོག་ཅིང༌། རྫ་མ་ནི་བོད་གནའ་བོའི་སྤྱི་ཚོགས་ནང་མི་ཚང་འབྲིང་ཁག་དག་གིས་ཧ་ཡང་དང་ཁྲོ་ཡི་སྣོད་ཆས་ནང་ཇ་ཐུག་སོགས་གཡོ་སྦྱོར་བྱེད་མོད། མི་ཚང་ཆེས་མཐའ་གྲས་ཚོས་ལྟོ་ཆས་གཡོ་ས་རྫ་མ་ལས་མེད་ཅིང་། རྫ་མ་ནི་སྣོད་ཆས་ནང་ནས་ཐབས་སྐྱོ་ཤོས་དེ་ཡིན་པ་དང་། དེ་ལ་ཡང་ལི་ལི་ཞེས་སྦྱར་ཏེ། ལི་ནི་ཁམས་དང་ཨ་མདོའི་ཁུལ་གྱི་ཧ་ཅང་ཆུང་ཆུང་གི་མིང་ཚབ་ཡིན། ཞི་མི་ལ་ལི་ལི་ཟེར་བ་དང༌། ཕྲུ་གུ་ལ་བྱི་ལི་དང་ཨ་ལི་ཟེར། ལི་ལི་ཆུང་ཆུང་གོམ་པ་ཆུང་།། ཨ་ལི་ཆུང་ཆུང་བསམ་པ་ཆུང་།། ལྟ་བུས་ཀྱང་མཚོན་ཏེ། ཧ་ཅང་ཆུང་ཆུང་ཡིན་པ། དེ་ཡང་ཐང་ཐང་མེད་པ་ཁ་ཆག་གྲུམ་ཡིན་པ་སྟེ། སྨན་བུ་མོའི་མི་གཞི་ཁོ་རང་རྫ་མ་ལྟར་རིན་ཐང་མེད་པ་དང༌། བསམ་བློའི་རང་བཞིན་ནམ་ཁོག་པ་ཧ་ཅང་ཆུང་བ། རྫ་ལྟར་མི་བརྟན་པ་ཆག་ཆོག་ཆོག་དང་འགྱུར་ཆོག་ཆོག་ཡིན་པ་སྟེ། སྨན་བུ་མོའི་སེམས་དང་དབྱར་ཀའི་གནམ། ཆ་་རྒྱུ་མེད་ལེ་འདྲ་འདྲ་རེད། ཞེས་པ་དང་ཁོག་འདྲ། འདི་ལྟ་བུའི་ལ་ཤགས་དང་ཟུར་ཟའི་ཚིག་འབྲུ་རེ་རེ་ཚུན་ཆད་ནས་དངོས་ཤུགས་བརྒྱུད་གསུམ་གྱི་དཔེ་དོན་ལ་གོ་བ་ཤིན་ཏུ་ཟབ་ཅིང་། འབྲེལ་ཤིན་ཏུ་ཆགས་པ་འདི་འདྲ་ནི་མེ་ལོང་མའི་ནང་དུ་འཚོལ་ནའང་རྙེད་དཀའ་བར་སེམས། བོད་རྒྱ་ཆེ་མང་ཚོགས་ཀྱི་སེམས་ཁམས་ན། རང་བྱུང་དུ་བརྡོལ་བའི་གནའ་རྩོམ་འདིའི་རིགས་ནི་ཕ་མེས་ཡང་མེས་ཚོས་་པའི་གནའ་རྫས་རྩ་ཆེན་ཞིག་རེད་ཅེས་བཤད་ན་ཆོག ཡུལ་སྲོལ་མཚོན་པའི་དམངས་གླུ། ཆོས་ཀྱི་མགོ་མ་སྐྱབས་འགྲོ་རེད། ། ཆོས་སྐྱབས་འགྲོ་མེད་ན་བཏོན་སྲོལ་མེད།། ཟས་མགོ་མ་ལྷ་ལ་མཆོད་འབུལ་དགོས། ། ཟས་མཆོད་འབུལ་མ་བྱས་ཟ་སྲོལ་མེད། ། ལྟ་བུ་ཡུལ་སྲོལ་གོམས་གཤིས་མཚོན་ཐབས་བྱས་པའི་དམངས་གླུ་ཡིན་ལ། རང་རེའི་བོད་ཀྱི་སྲོལ་རྒྱུན་ནང་ཡ་རབས་བཟང་སྤྱོད་དང༌། རྒན་གཞོན་རྩི་འཇོག དད་པ་དམ་སྣང་བཅས་ནི། ཇི་སྲིད་ཡབ་མེས་ཚོས་བཞག་པའི་དཀར་ཆོས་ཀྱི་འོད་སྣང་འདི་མ་ནུབ་པ་དེ་སྲིད་དུ་བོད་མིའི་ལུས་དང་གྲིབ་མ་བཞིན་འགྲོགས་ངེས་ཡིན་པའི་སྲོལ་དེ་དག་རྩ་འཛིན་ནན་པོ་དགོས་པའི་ཐ་ཚིག་གླུ་གཞས་སུ་དྲངས་ཏེ། ཆུང་བྱིས་པའི་དུས་ནས་རྣ་བའི་རྒྱ་སྒོར་བརྫངས་ན་ཁད་ཀྱིས་འཛུལ་འགྲོ་བའི་མན་ངག་གལ་ཆེན་མཚོན་པའི་བསླབ་ཚིག་ཅིག་རེད་ཟེར་ན་འགྲིགས། ང་ཆུང་ནས་དྲིན་ཅན་ཕ་མས་བསོས། ། དྲིན་ཕ་མ་བཀའ་དྲིན་ཆེན་པོ་ཡིན། ། ཁྱོད་མ་ཤི་ཚེ་རིང་བཞུགས་རོགས་གྱིས། ། ངས་དྲིན་ལན་ཡག་པོ་བསབ་རྒྱུ་ཡིན། ། ལྟ་བུ་ཕ་མའི་བཀྲིན་ཤེས་ནས་དྲན་གསོ་གཏོང་བའི་དམངས་གཞས་ཤིག་ཡིན། ཕ་མའི་བཀྲིན་ལ་ཆེ་ཆུང་ཇི་ཙམ་གྱི་ཚད་ཐིག་འཇལ་བྱེད་ཀྱི་སྙན་ཚིག་འདིར་རིན་ཐང་ཇི་ཙམ་ལྡན་ཞེ་ན། ཇི་སྲིད་ཕ་མའི་འཁྲིས་སུ་སྡོད་པ་དེ་སྲིད་དུ་རིན་ཐང་འདི་ཆ་ཚང་བ་ཞིག་མི་ཤེས་ལ། ཕ་མ་དང་ལེ་དབར་གཅིག་གིས་བར་རྒྱང་ཆད་པ་ནས་རིན་ཐང་གི་ཆ་ཤས་ཆུང་ཆུང་ཞིག་ཤེས་འོང༌། དེ་ནས་ལེ་དབར་གཉིས། ལེ་དབར་གསུམ། རྒྱངས་གྲགས་གཅིག རྒྱངས་གྲངས་གཉིས། དེ་ནས་དཔག་ཚད་གཅིག དཔག་ཚོད་གཉིས། དེ་ནས། རི་ཁྲི་ཆུ་སྟོང་གི་རྒྱང་རིང་ལ་སླེབས་དུས། གཞི་ནས་ཕ་མའི་རིན་ཐང་ཕལ་ཆེ་བ་དེ་ཤེས་འོང་ལ། དེ་དུས་ཕ་མའི་པར་རིས་དང་ཕ་མའི་ངོ་རིས། མཐའ་ན་ཕ་མའི་གདོང་གི་གཉེར་མ་རེ་རེ་དང༌། མགོ་ཡི་སྐྲ་ལོ་རེ་རེའི་རིན་ཐང་ཡང་ཆུང་ཆུང་མིན་པ་དང་ཉུང་ཉུང་མིན་པ་དེ་ཚོར་འོང༌། དེ་དུས་ཕ་མ་གཉིས་མ་ཤི་ཚེ་རིང་བྱུང་ན་དྲིན་ལན་ཡག་པོ་བསབ་བསམ་པའི་ཚོར་སྣང་འདི་ཆུ་མིག་བཞིན་རྡོལ་འོང་ལ། མེ་རི་བཞིན་འཕྱུར་འོང༌། དེ་དུས་དམངས་གཞས་ནས་བཏུས་པའི་མགུར་གླུ་འདིའི་རྒྱབ་ལྗོངས་ལ་རིན་ཐང་ཇི་ཙམ་ཡོད་པ་དང་། སྙན་ཆ་ཇི་ཙམ་ཡོད་པ་དེ་གཞི་ནས་ཤེས་འོང་ལ། གསལ་གསལ་ཏིག་ཏིག་བྱས་ནས་ཤེས་ཡོང༌། མཚམས་འདིར་སླེབས་དུས། རིན་ཆེན་གསེར་དངུལ་ཟེར་བ། ག་ས་ག་ལ་འདུག་ཀྱང༌། དྲིན་ཆེན་ཕ་མ་ཟེར་བ། རང་ཡུལ་མ་གཏོགས་མི་འདུག་ཅེས་པའི་ཚོར་བ་འདི་སེམས་ངོ་ན་མེ་ལྕེ་བཞིན་འབར་འོང་ལ་གདོང་ངོས་ནས་ཆར་རྒྱུན་བཞིན་འབབ་འོང༌། འདི་དང་འདི་འདྲ་བ་ཚིག་སྦྱོར་གྱི་སྙན་ཆ་དང་བསམ་བློའི་སྒུལ་སྐྱོད་ཤུགས་ཆེར་བྱེད་ནུས་པའི་བོད་པའི་མགུར་གླུ་ཉུང་ཉུང་མིན།

བརྩེ་དུང་མཚོན་པའི་དམངས་གླུ། གསེར་སེར་པོའི་ཚིགས་ཁོག་ཕྲ་ལྡན་འདི།། ངས་ལྷ་སའི་ཁྲོམ་ནས་ཉོས་ལེ་ཡིན། ། རོགས་ཁྱོད་ལ་ཕུལ་ན་ལོས་ཆོག་སྟེ། ། སྡེ་གཞན་ལ་གཡར་པོ་མ་གནང་རོགས།། ལྟ་བུ་ནི་ཕོ་མོའི་བརྩེ་དུང་མཚོན་པའི་ལ་གཞས་ཤིག་ཡིན། ལ་གཞས་འདིའི་འབྲུ་དོན་ནི་ཕོ་གཞོན་ཞིག་གིས་རང་ཉིད་སེམས་པ་སོང་སའི་མོ་གཞོན་ཞིག་ལ་ཚིགས་ཁེབས་ཤིག་སྤྲོད་པའི་ཟོལ་གྱིས་རྒྱབ་ལྗོངས་སུ་ཇི་ཙམ་གྱི་སེམས་ཐག་ཉེ་བོ་དང་བརྩེ་དུང་ཟབ་ཚུལ་དེ་མཚོན་ཐབས་བྱས་ཡོད། དེ་ཡང་ངས་ཁྱོད་ལ་ཕུལ་བའི་ཚིགས་ཁེབས་དེ་ཁྱེད་ཁོ་ནས་བེད་སྤྱོད་གཏོང་རོགས། ཞེས་པ་དེ་ཡིན་ཡང༌། བཤད་སྟངས་ཀྱི་ཐོག་ནས། ཚིགས་ཁོག་དེ་ལ་རིན་ཐང་ཇི་ཙམ་ཡོད་པ་དེ་གསལ་བཤད་བྱེད་པའི་ཆེད། རྒྱུ་གསེར་ལས་གྲུབ་པས་རང་བཞིན་གྱིས་རིན་ཐང་ཆེ་བའི་ཐོག ཅ་ལག་གཞན་གྱི་རྣམ་པར་མ་བཅོས་པར། ཚིགས་ཁོག་གི་རྣམ་པར་བཅོས་པ་དེས་རིན་ཐང་ཅན་དེ་གང་གི་མཚོན་དོན་ཡིན་པ་དང༌། དེ་ཡང་ཐག་ཉེ་ནས་སྒྲུག་འོང་བ་མ་ཡིན་པར་ཐག་རིང་ནས་ཉོས་འོང་བ་དང་། ཐག་རིང་དེ་ཡང་སྤྱི་སྟངས་ཀྱི་ཐག་རིང་ཙམ་མིན་པ། མཐའ་མཚམས་སུ་ཡོད་པའི་བོད་རིགས་ཚོས་དབུས་ཉི་མ་ལྷ་ས་ནས་སྒྲུག་འོང་བའི་ས་ཧྲུག་ཧྲུག་གཅིག་དང་རྡོ་རྡོག་རྡོག་རེར་ལག་པས་རེག་ཙམ་བཟོ་རྒྱུ་བྱུང་ནའང་སྐལ་བ་བཟང་པོ་བརྩི་སྲོལ་ཡོད་ན། གསེར་སེར་པོའི་ཚིགས་ཁོག་ཅིག་ཉོས་ནས་ཁུར་བྱུང་ན། དེ་ལ་རིན་ཐང་ཇི་ཙམ་ཞིག་ལྡན་མིན་ཀློག་པ་པོ་ཁྱེད་ཀྱིས་ཚོད་ཐིག་ཅིག་རྒྱོབས་དང༌། རིན་ཐང་ཅན་གྱི་དངོས་པོ་དེ་གང་ལ་སྟེར་སའི་ཡུལ་དེར་ཡང་སྟེར་མཁན་གྱི་ངོས་ནས་རིན་ཐང་ཇི་ཙམ་ཞིག་ལ་རྩིས་ཡོད་ཅེ་ན། གནམ་སྔོན་པོ་འདིའི་འོག ས་དོག་མོ་འདིའི་ཐོག ཚིགས་ཁེབས་དེ་སྟེར་འདོད་ས་དང་སྟེར་ལོ་ས་གཅིག་ལས་མེད་ཅིང༌། གཞན་དག་ལ་སྟེར་རྒྱུ་ལྟ་ཞོག གཡར་ནའང་སེམས་ཀྱིས་མི་ཐོངས་པའི་ཐ་ཚིག་བཀོད་པ་དེས། ཚིགས་ཁོག་གང་ལ་སྟེར་ས་དེར་རིན་ཐང་ཇི་ཙམ་ཞིག་སྤྲོད་པའི་བརྩེ་དུང་གི་ཟབ་མཚམས་དེ། མགུར་གླུ་འདིའི་བརྡ་རླབས་ཀྱི་བརྒྱུད་ནས་སེམས་པའི་ཁང་བཟང་ནང་གོམ་པ་གང་རེ་གང་རེ་བྱས་ནས་འཛུལ་འོང་དུས། ཉན་མཁན་གྱི་མོ་གཞོན་དེའི་ཚོར་སྣང་རླབས་ཀྱིས་གཡོ་བའི་གྲུ་རྫིང་དང་རླུང་གིས་དད་པའི་ཤིང་ལོ་བཞིན། གཡོ་འོང་ལ་སྤུར་འོང་བ་ཡང་ཐེ་ཚོམ་མི་དགོས། འདི་དང་འདིས་མཚོན་པའི་དམངས་ཁྱོད་ཀྱི་མཛའ་གཞས་ནི། ཕྱི་གླིང་པ་ཚོས། བོད་ནི་གླུ་གར་ཀྱི་རྒྱ་མཚོ་རེད། ཅེས་པའི་སྡོམ་ཚིག་བཀོད་པ་དོན་ལ་གནས་པས། བཤད་ཚར་བ་དང་འབྲི་ཚར་བ་ནམ་ཡང་མེད།

འདིར་གླིང་སྒྲུང་ལས་བྱུང་བའི་ཚིགས་བཅད་རེ་གཉིས་བགྲང་ན། འབྲུག་མོ་རང་གི་སྐྱེས་ཡུལ་ངོ་སྤྲོད་དུ། ཤར་ཁྲ་མོ་གླིང་གི་ས་ཆ་ན།། འབྲུག་ལྷང་ལྷང་ནོར་བུའི་གདན་སྟེང་ན།། སྙན་ལྷང་ལྷང་ཁུ་བྱུག་གྲགས་ས་རེད།། སྐྱིད་ལྷང་ལྷང་ཅོ་ཀ་འགྱུར་ས་རེད།། ལྟ་བུ་དང༌། གླིང་གེ་སར་གྱིས་གླིང་གི་འདུ་ར་ཚོགས་པའི་ས་གནས་ངོ་སྤྲོད་སྐབས། ས་འདི་ས་ངོ་མ་ཤེས་ན།། སྟག་མ་ཤི་པགས་པ་བཤུས་འདྲ་བ།། རྨ་དིང་ཡག་སྟག་ཐང་ཁྲ་མོ་རེད།། ལྟ་བུ་དང་། ཧོར་ཤན་པས་མགར་ཕྲུག་ཐང་རྙེད་གེ་སར་གྱི་ངོ་སྤྲོད་བྱེད་སྐབས། ད་གེ་སར་ཉི་མ་ཤར་ཤར་རེད།། ཧོར་སེར་པོས་ལག་པས་ཁོག་ལེ་མིན།། ད་གེ་སར་ཆུ་ལོག་རྒྱུག་རྒྱུག་རེད།། ཧོར་སེར་པོས་བྱེ་མས་ཁོག་ལེ་མིན།། ལྟ་བུ་མི་རིགས་རང་ཉིད་ཀྱི་ལྷན་སྐྱེས་སུ་འཇགས་པའི་ངག་རྒྱུན་དང་ཤིན་ཏུ་འབྱོར་ཞིང་བརྗོད་པ་བདེ་བ་དང་། ཚིག་དོན་གྱི་འབྲེལ་ཆགས་པ་འདི་རིགས་ཀྱང་། གདོད་མའི་རྩོམ་སྲོལ་ལས་ཆད་པའི་བོད་ཀྱི་རྩོམ་རིག་གི་སྒྱུ་རྩལ་དང་ཉམས་འགྱུར་ཕུལ་དུ་བྱུང་བའི་རྩོམ་སྲོལ་ཞིག་ཏུ་ངོས་འཛིན་བྱེད་འོས་པ་སེམས་སོ།། དེང་སང་ནི་འཛམ་གླིང་ཐོག་སྒྲུང་གཏམ་རིང་ཤོས་དང་མང་ཤོས་གླིང་སྒྲུང་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ཅིང་། གླིང་སྒྲུང་འདི་རྩོམ་ལུས་དང་ཚིག་སྒྲོས་ཕལ་ཆེ་བ་ནི་གདོད་མའི་རྩོམ་སྲོལ་དེ་ག་རང་ཡིན་པས་སོ།། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མོན་ལ་འོག་ཡུལ་གསུམ་དུ་འཁྲུངས། དབུས་ཉི་མ་ལྷ་སར་ཕེབས། སྨད་ཀུན་དགའ་ནོར་དུ་ཞི་བར་མ་གཤེགས་པའི་བར་གསུངས་པའི་མགུར་གླུ་ཧ་ཆང་མང་ལ། དེ་རིགས་སྔོན་གྱི་མགུར་གླུ་ཁག་དང་རྩོམ་ལུས་ཀྱི་ཁྱད་པ་མི་འདྲ་བར་ཚེག་པ་དྲུག་ཅན་ཁོ་ནར་སྤྱོད་པའི་མགུར་རྩོམ་གྱི་ཤིང་རྟའི་སྲོལ་ཆེན་པོ་ཞིག་གསར་དུ་འབྱེད། སྤྱི་ཚོགས་ནང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་ད་ལྟའི་བར་རླུང་ལྟར་གྲགས། རྩོམ་སྲོལ་དེ་ཉིད་སྐྱེས་ཆེན་དམ་པ་ཚོས་དམ་པའི་ཆོས་དང་སྦྱར་ནས། རྙེད་དཀའ་དལ་འབྱོར་ཐོབ་ཀྱང༌། ། ཚེ་འདིའི་བྱ་བར་གཡེངས་བས། ། འདི་ཕྱི་གཉིས་མེད་བདག་ལ། ། བླ་མའི་ཐུགས་རྗེས་གཟིགས་ཤིག།ལྟ་བུ་དང༌། ཟུར་ཟ་དང་འབྲེལ་བ། སྤྲུལ་སྐུ་ཁྲི་སྟོན་བྱེད་དུས། ། རྣམ་དཔྱོད་འདྲ་ཞིག་འདུག་ཀྱང༌། ། གོང་མའི་ཞབས་འདྲེན་ཞུས་དུས། ། སེམས་པ་གཏིང་ནས་སྐྱོ་བྱུང༌། །ལྟ་བུ། དམག་དོན་དང་འབྲེལ་བ། ང་ཕོད་ངར་ནས་ཕྱིན་སོང༌། ། ཆབ་མདོ་བསྐྱལ་ནས་སླེབས་སོང༌། །ལྟ་བུ། དམའ་འབེབས་དང་འབྲེལ་བ། མི་བྱེད་དགུ་བྱེད་བྱེད་མཁན། ། བསྟན་རྒྱས་གླིང་གི་གྲྭ་པ། ། རྟ་ཤ་བོང་ཤ་ཟ་དགོས། ། རང་གིས་བྱས་པའི་ལས་རེད། ། འཁོན་འཛིན་དང་འབྲེལ་བ། ཁྱུང་རམས་མདའ་དཔོན་སྩེབས་བྱུང༌། ། མདའ་ཆད་སྨན་ཆད་ཁུར་ཐལ། ། བདེ་སྨན་སྲས་པོ་སྩེབས་བྱུང༌། ། བདེ་བདེ་ཉིན་གཅིག་མ་བྱུང༌། །ལྟ་བུ། བསྟོད་ར་དང་འབྲེལ་བ། སྐྱེ་འགྲོ་ཡོངས་ཀྱི་འདྲེན་པ། ། གངས་ཅན་བོད་ཀྱི་ལྷ་སྐལ། ། འཛམ་གླིང་སྤྱི་ཡི་ཉི་མ། ། སྐྱབས་མགོན་ཡིད་བཞིན་ནོར་བུ། །ལྟ་བུ། བརྩེ་དུང་དང་འབྲེལ་བ། ཆུང་འདྲེས་བྱམས་པའི་ཞལ་རས། ། ཐེངས་ཅིག་མཇལ་རྒྱུ་བྱུང་ན། ། བཅོ་ལྔའི་དུང་ཟླ་དཀར་པོ།། མ་མཇལ་ན་ཡང་འགྲིགས་སོང་།།ལྟ་བུ་སྟེ། རྩོམ་ལུས་འདི་ནི་དེང་སང་ཤིན་ཏུའང་ཁྱབ་ཆེ་བས་མཐའ་དག་པ་ནི་བརྗོད་ནུས་མིན། ཅུང་ཟད་རེ་ནི་ཁོ་བོས་གཞན་དུ་བརྗོད་པས་དེར་གཟིགས་དགོས། །

སྲོལ་རྒྱུན་གྱི་ཚིགས་བཅད་སྙན་ངག་དང་དེའི་ཁྱད་ཆོས། སྲོལ་རྒྱུན་གྱི་ཚིགས་བཅད་སྙན་ངག་ནི་འཇམ་མགོན་ས་པཎ་གྱིས་མཁས་འཇུག་མཛད་པ་ནས་འཕེལ་རྒྱས་ཀྱི་མགོ་བཙུགས་ཏེ། ས་ཕག་དུས་འགྱུར་བར་རིམ་པ་བཞིན་དར་ཁྱབ་ཆེས་ཆེར་བྱུང་བའི་ལུས་རྒྱན་སྐྱོན་སེལ་གསུམ་གྱི་སྒྲོམ་གཞི་ལྡན་པའི་རྒྱ་གར་བའི་ཚིགས་བཅད་སྙན་ངག་གི་རྩོམ་སྲོལ་ཞིག་ཡིན། འདིའི་ལུས་ལ་རྐང་དང་ཚིགས་བཅད་ཀྱི་གྲངས་ཚད་ངེས་པའི་སྡེབ་སྦྱོར་གྱི་སྒྲོམ་གཞི་སྒྲིག་དམ་པ། དཔེ་དོན་སྦྱོར་ཚུལ་གྱི་ཁོག་བཙན་པ། དོན་གྱི་འབྲེལ་བ་ལྷུར་ཆགས་པ་བཅས་ཀྱི་ཁྱད་ཆོས་ལྡན་ལ། བར་ལམ་ནས་བོད་ཀྱི་མཁས་པའི་གདན་གྲལ་འཛེགས་དགོས་ན་རྩོམ་སྲོལ་འདིའི་ལམ་ཡིག་མེད་ན་མཁས་གྲལ་ལ་མི་དབང་བའི་ཚོད་དུ་གྱུར་པས་བོད་ཀྱི་མཁས་གྲལ་ལ་སྙེག་མཁན་ཚོས་རྩོམ་སྲོལ་འདིའི་སྒྲོམ་གཞི་སློང་ནས་བྲིས་པའི་པོ་ཏི་སྟོང་ཕྲག་དང་ཁྲི་ཕྲག་ལངས་པས་ཞིབ་བཤད་ག་ལ་ནུས། དཔེ་མཚོན་འགའ་ཞིག་བགྲང་ན། རྗེ་ས་པཎ་གྱི་ས་སྐྱ་ལེགས་བཤད་དང་། ཀློང་ཆེན་རབ་འབྱམས་པའི་པོ་ཏ་ལ་ཀུན་ཏུ་དགའ་བའི་གླུ། རྗེ་ཙོང་ཁ་པ་ཆེན་པོའི་རྟེན་འབྲེལ་བསྟོད་པ། མཁས་དགེ་ལེགས་དཔལ་བཟང་གི་དཔལ་ལྡན་ཡོན་ཏན་མ། ཞང་ཞུང་ཆོས་དབང་གྲགས་པའི་མི་ལའི་རྟོགས་བརྗོད་དང་རཱ་མ་ནའི་རྟོགས་བརྗོད། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་དབྱངས་ཅན་མའི་བསྟོད་པ། རྗེ་དགེ་འདུན་པའི་སྒྲོལ་བསྟོད་ལེགས་བྲིས་མ། རིན་སྤུངས་ངག་དབང་འཇིགས་གྲགས་ཀྱི་ས་པཎ་རྟོགས་བརྗོད་སྐལ་བཟང་ལེགས་ལམ། པཎ་ཆེན་བསོད་ནམས་གྲགས་པའི་དགེ་ལྡན་ལེགས་བཤད། ཀརྨ་པ་རང་བྱུང་རྡོ་རྗེའི་སྐྱེས་རབས་སོ་བཞི་པའི་ལྷན་ཐབས། ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་རྟོགས་བརྗོད་འདོད་འཇོ་བ་མོ། ཞྭ་དམར་གར་གྱི་དབང་པོའི་གཞིས་ཀ་བསམ་གྲུབ་རྩེའི་བསྟོད་པ། ༸གོང་ས་ལྔ་པ་ཆེན་པོའི་ཆབ་ཤོག་ཕྱོགས་བསྒྲིགས། གུང་ཐང་བསྟན་པའི་སྒྲོན་མེའི་ཆུ་དང་ཤིང་གི་བསྟན་བཅོས། རྫ་དཔལ་སྤྲུལ་རིན་པོ་ཆེའི་། སྡེ་དགེ་འཇམ་དབྱངས་མི་ཕམ་པའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས། བྲག་དཀར་པཎྜི་ཏ་བློ་བཟང་དཔལ་ལྡན་གྱི་དྲང་བ་དང་ངེས་པའི་སྒོ་ནས་རྗེ་ཙོང་ཁ་པ་ལ་བསྟོད་པ། རྡོ་སྦོས་དགེ་བཤེས་ཤེས་རབ་རྒྱ་མཚོའི་རྟོགས་བརྗོད་ཉི་མ་བརྒྱ་བ། སྒེར་སྟེང་བློ་བཟང་དཔལ་ལྡན་གྱི་རྟོགས་བརྗོད་གསེར་གྱི་མེ་ལོང་དང་ཆབ་ཤོག་ཕྱོགས་བསྒྲིགས། དྷི་ཚ་དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས། ཨ་ལགས་ཚེ་ཏན་ཞབས་དྲུང་གི་རྟོགས་བརྗོད་དངུལ་གྱི་མེ་ཏོག དགེ་བའི་བཤེས་གཉེན་ཆེན་པོ་དམུ་དགེ་བསམ་གཏན་གྱི་། སོགས་ཆེ་ལོང་ཙམ་ལས་མཐའ་དག་པ་བགྲངས་པ་མི་ནུས་ཏེ། སྔོན་བྱོན་བོད་ཀྱི་མཁས་པ་ཞིག་ཡིན་ན་སྙན་ངག་པ་ཡིན་པས་ཁྱབ་མཐའ་ཕལ་ཆེར་ངེས་པའི་ཚོད་དུ་སྣང་བས་སོ། གོང་གསལ་དེ་དག་གི་རྩོམ་ཆོས་རེ་རེ་བཞིན་དཔྱོད་བརྗོད་དང་འགྲེལ་བརྗོད་རགས་བསྡུས་རེ་ཞུ་ན། ས་སྐྱ་ལེགས་བཤད་ཀྱི་སྒྱུ་རྩལ་ཐད་ནས་བཤད་ན། རྒྱ་གར་སྙན་ངག་གྱི་ཉམས་དང་སྒྱུ་རྩལ་གྱི་རྣམ་པ་རྩལ་དུ་བཏོན་ཏེ། དཔེ་དོན་སྦྱོར་སྟངས་དང་། ཉམས་འགྱུར་བསྟན་སྟངས། གང་ཐད་ནས་མེ་ལོང་མའི་གཞུང་ལུགས་ནས་འབྱུང་བའི་སྒྲ་དོན་ཅི་རིགས་པའི་རྒྱན་གྱིས། དེ་སྔོན་བོད་ཀྱི་རྩོམ་འགྲོས་ལས་སྒྱུ་རྩལ་གྱི་རྣམ་པ་མི་འདྲ་བ་ཞིག་གསར་གཏོད་མཛད་པའི་ཤིང་རྟ་ལྟ་བུ་གྱུར་ཡོད་ལ། མཛེས་དཔྱོད་ཀྱི་ཐད་ནས་བཤད་ནའང་། སྐབས་དེའི་ཀློག་པ་པོ་ཚོའི་སེམས་ངོགས་ན་རང་དབང་མེད་པར་ཟུག་ཅིང་། ཟུག་པ་ཙམ་དུ་མི་སྡོད་པར་མངར་སྐྱུར་ཅི་རིགས་པའི་ཚོར་སྣང་གིས་སེམས་འགུལ་ཐེབས་པའི་ནུས་པ་འབུར་དུ་འཐོན་པ་སྣང་སྟེ། ཆོས་བརྒྱུད་གྲུབ་མཐའ་དང་། དགོན་སྡེ་གདུང་རབས་བར། ཁྱོད་ཤི་ང་གསོན་གྱི་ཕྱོགས་རླུང་གཡོ་བའི་དུས་རབས་དེའི་ནང་དུའང་། ཆོས་ལུགས་ལྟ་གྲུབ་རིས་སུ་མ་བཅད་པར་ཀུན་གྱིས་ཐུན་མོང་དུ་བལྟ་སའི་མེ་ལོང་གཅིག་པོའི་བཟོ་འདྲ་པོ་ཞིག་ཀྱང་ཆགས་ཡོད། མདོར་ན་ཆེས་ཕུལ་དུ་བྱུང་བའི་ངག་རིག་གི་སྒྱུ་རྩལ་ལ་ཀློག་པ་པོའི་མཛེས་དཔྱོད་ཀྱི་སྣང་བརྙན་མངོན་གསལ་དོད་པའི་ཚིག་སྦྱོར་གྱི་རྩོམ་རིག་འདི་ནི། སྐབས་དེར་གསར་གཏོད་རང་བཞིན་གྱི་ཆེས་ཕུལ་དུ་བྱུང་བའི་སྙན་དངགས་ཀྱི་བྱ་སྐད་དང་པོ་དེ་ཡིན་ལ། འདིའི་ཆུ་རླབས་དང་རླུང་རླབས་མཐོ་སྒང་གིས་མདོ་དབུས་སྐོར་གསུམ་དུ་ཁྱབ་སྟེ། མཁས་བླུན་ཀུན་གྱི་ཁ་ན་ལེགས་བཤད་འདིའི་ཚིག་འབྲུ་རེ་གཉིས་བགྲང་རྒྱུ་མེད་པ་ཞིག་མེད་པའི་ཚོད་དུ་གྱུར། ལྷག་པར་དུས་ཕྱིས་ནས་བོད་ཙམ་དུ་མ་ཟད་རྒྱ་སོག་གི་ས་ཁུལ་རྣམས་སུའང་ཆེས་ཆེར་ཁྱབ་ཅིང་། དུས་རབས་ཉི་ཤུ་པའི་ནང་ཆ་ཚང་རྒྱ་ཡིག་ཏུ་བསྒྱུར་ཅིང་དཔེ་སྐྲུན་དང་འགྲེམས་སྤེལ་བྱས་པས། ད་ལྟའི་ཆར་བོད་རིགས་ལས་མི་འབོར་རྡབ་བརྒྱ་ཕྲག་གིས་མང་བའི་རྒྱ་རིགས་མི་དམངས་དུང་ཕྱུར་མང་པོ་དང་། ད་དུང་སིང་གྷ་པུར་དང་། མ་ལེཤིཡ། ཐེ་ཝན་སོགས་རྒྱ་ཡིག་དང་རྒྱ་སྐད་སྨྲ་མཁན་གྱི་རྒྱལ་ཁབ་དང་ལུང་པ་ཕལ་ཆེར་ལེགས་བཤད་འདིས་ཁྱབ་ཡོད། ལོ་རབས་བཅུ་ཕྲག་ཁ་ཤས་ཀྱི་སྔོན་ལ་དབྱིན་སྐད་ཐོག་ཏུ་ཕབ་བསྒྱུར་བྱས་པས། སྐྲ་སེར་པོ་དང་སྣ་འབིག་འབིག་གི་བསམ་བློ་བ་དང་ཚན་རིག་པ་ཚོའི་གསར་གཏོད་ཀྱི་གོམ་སྒྲ་དང་མཉམ་དུ། རང་རེའི་ས་སྐྱ་ལེགས་བཤད་འདི་ཡང་ནུབ་ཕྱོགས་པ་ཁྲི་ཁྲག་འབུམ་ཕྲག་མང་པོའི་ཀླད་པའི་གྲུ་ཟུར་ནས་མི་མངོན་པའི་ཚུལ་གྱིས་འཛུལ་བཞིན་ཡོད།


བར་འདོད་ཀྱང་དུས་ཀྱིས་གཏུགས་ནས་འབྲི་ལོངས་མ་བྱུང་བར་དགོངས་སེལ་ཞུ་རྒྱུ་ཡིན། གཞིས་བཞུགས་བོད་ཀྱི་ན་གཞོན་རྩོམ་པ་པོ་དང་རྩོམ་ལ་དགའ་བ་ཁ་ཅིག་དང་། བྱེས་འབྱོར་བོད་རིགས་རྩོམ་པ་པོ་ཉུང་ཤས་དང་། རྩོམ་ཡིག་དཔྱད་བརྗོད་ལ་མཁས་ཀྱང་རྩོམ་པ་པོ་མ་ཡིན་པའི་གཞོན་པ་ཁ་ཅིག ད་དུང་རྩོམ་རིག་ལ་དགའ་ཞིང་དུངས་ཀྱང་ཆ་ལག་གམ་དབང་པོ་ཚང་བའི་རྩོམ་ཡིག་སྣ་གཅིག་ཀྱང་འབྲི་མི་ཤེས་པའམ་བྲིས་མྱོང་མེད་པའི་ན་གཞོན་འུད་ལ་དགའ་བ་ཁ་ཅིག་གིས། གནའ་བོའི་སྲོལ་རྒྱུན་རྩོམ་རིག་ནི་ཚིག་གི་མཛེས་ཚོན་ཙམ་ལས་དོན་གྱི་ཚོར་བ་མཚོན་པ་མི་ནུས་པའི་ཚིག་རིས་ཙམ་རེད་ཅེས་སྨོད་པ་དང་། ནང་ཆོས་དང་འབྲེལ་བའི་བརྗོད་གཞི་ལས་གནས་ལུགས་གཞན་དང་གཞན་གྱི་ཐོག་ལ་བྲིས་པ་དེ་ཙམ་མེད་རབས། བསྟོད་རྩོམ་དང་གསོལ་འདེབས་ཙམ་ལས་སྐྱོན་ཡོན་ཡོ་སྲོང་དང་ངན་སྲོལ་ཐེར་འདོན་གྱི་ནུས་པ་མེད་པ་སོགས། འཇིག་རྟེན་ཡོངས་སུ་མི་ཤེས་གང་།། དེ་ནི་ཐུབ་པས་ལྟ་བུར་མངོན།། ཞེས་དང་ འཁོར་བས་བལྟ་སར་མི་ལ་སྨྱོས་པའི་དཔེ་ལྟར། རང་ལ་གང་སྣང་བ་དང་གང་དྲན་པ་དེ་ཚད་ཐིག་ལ་་ནས་རང་སྣང་རང་ལ་དག་སྟེ། སྣང་བ་སྐྱིད་སྐྱིད་ཀྱི་འགྲེལ་བརྗོད་གང་དྲན་བྱས་དང་བྱེད་བཞིན་པ་དེ་རིགས་ལ། གནའ་དེང་གི་ཤེས་བྱ་སྤྱི་དང་། བོད་ཀྱི་ཆོས་རིག་གང་ལའང་ཆགས་ཐོགས་མེད་པའི་དེང་རབས་ཀྱི་མ་ཧཱ་པཎྜི་ཏ་ཟམ་གདོང་སྤྲུལ་པའི་སྐུ་བློ་བཟང་བསྟན་འཛིན་གྱིས། རྩོམ་རིག་སྤྱི་དང་བྱེ་བྲག་བོད་ཀྱི་རྩོམ་རིག་ལས། དེ་འདྲ་མ་ཡིན་པ་མི་དབང་རྟོགས་བརྗོད་ལྟ་བུ་དང༌། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལ་སོགས་པ་དེ་ཚོའི་ནང་ལ་ཆོས་ཀྱི་གནས་ཚུལ་མཚམས་མཚམས་ལ་རྙེད་སྲིད་པ་མ་གཏོགས། དེ་མ་ཡིན་པ་མགོ་ནས་མཇུག་བར་དུ་འདོད་པའི་གཏམ་དང་འཐབ་རྩོད་ཀྱི་གཏམ་མ་གཏོགས་ཆོས་ཀྱི་བསམ་ཚུལ་གྱི་གནས་ཚུལ་གང་ཡང་མེད། དེ་འདྲའི་འདོད་པ་དང༌། འཐབ་རྩོད་དང༌། ཕྲག་དོག་གི་གཏམ་ལ་སོགས་པ་དེ་ཚོ་ཅིའི་ཕྱིར་ཡོང་བ་ཡིན་ཞེ་ན། རང་གི་མི་ཚེའི་ཚོར་བ་དང་སྤྱི་ཚོགས་ཀྱི་ཚོར་བ་ལ་བརྟེན་ནས་ཡོང་བ་ཤ་སྟག་མ་གཏོགས། རང་གི་མི་ཚེའི་ཚོར་བ་སྤྱི་ཚོགས་ཀྱི་ཚོར་བ་ཕར་་ནས་ཐེག་པ་གསུམ་དང་རྒྱུད་སྡེ་བཞིའི་གསུང་རབ་ཀྱི་ནང་ནས་དྲངས་ཡོང་བ་གཏན་ནས་མེད། གཅིག་ཏུ་ན་རྩོམ་རིག་མང་པོ་མ་ཀློག་པ་དང༌། གཞན་ཡང་དང་པོ་ནས་བློ་གཟུ་བོར་མ་གནས་པར་དེ་འདྲ་ཞིག་ཡོད་པ་གཞིར་་ནས་དཔེ་ཆ་ཀློག་མི་དགོས་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་འདྲ། ཞེས་དང་། ཕྱོགས་གཞན་ནས་སྤྱི་ཚོགས་ཀྱི་ཚོར་བ་དང༌། མི་ཚེའི་ཚོར་བ་དང༌། ཆོས་ཀྱི་ཚོར་བ་ཞེས་བཤད་བསྡད་པ་དེ་ཚོ་མི་ཚེའི་ཚོར་བ་དང་སྤྱི་ཚོགས་ཀྱི་ཚོར་བ། ཆོས་ཀྱི་ཚོར་བ་ལ་ལྟ་བའི་མིག་དེས་མིག་ཤེལ་གང་འདྲ་ཞིག་གྱོན་འདུག་བལྟ་རྒྱུ་གལ་ཆེ། མིག་ཤེལ་ནག་པོ་གྱོན་མཁན་ཞིག་གིས་དང་པོ་ནས་ཁ་དོག་མི་འདྲ་བ་ཞིག་མཐོང་གི་ཡོད་པ་དང༌། མིག་ཤེལ་དཀར་པོ་གྱོན་མཁན་གྱིས་དང་པོ་ནས་ཚོས་མདངས་མི་འདྲ་བ་ཞིག་མཐོང་བ་ཡིན། མིག་ཤེལ་ཕུད་ནས་ལྟ་བའི་སྐབས་སུ་མིག་རྣལ་མ་དེས་ཕྱིའི་དངོས་པོ་དེ་ཡང་ཁོ་རང་ལ་མིག་གི་ནུས་པ་གང་འདྲ་ཡོད་པ་ནང་བཞིན་མཐོང་ཐུབ་པ་ཡིན། དེར་བརྟེན་སྤྱི་ཚོགས་ཀྱི་ཚོར་བ་དང་གང་ཟག་བྱེ་བྲག་པའི་ཚོར་བ་ལ་ལྟ་མཁན་གྱི་གང་ཟག་གི་མིག་དེ་ལ་དང་པོ་ནས་མིག་ཤེལ་གྱོན་འདུག་གམ་མི་འདུག་བསམ་བློ་གཏང་དགོས་རྒྱུ་དེ་གལ་ཆེན་པོ་ཡིན། ཆོས་ཀྱི་གནས་ཚུལ་རྩ་བ་ནས་མི་ཤེས་པའི་གང་ཟག་ཅིག་གིས་དཔེ་ཆ་ཞིག་ཀློག་པའི་སྐབས་སུ་ཁོ་རང་གིས་མ་ཤེས་པ་ཞིག་བྱུང་ན། དེ་ཆོས་ཀྱི་སྐད་ཆ་ཞིག་ཡིན་ནོ་བསམ་སྲིད་པ་དང༌། དེང་རབས་ཀྱི་སྤྱི་ཚོགས་ཀྱི་ལྟ་སྟངས་མ་ཤེས་པ་དེ་ཚོས་སྤྱི་ཚོགས་ཀྱི་གནས་ཚུལ་བཤད་ཡོང་དུས། འདི་འཁོར་བའི་སྡུག་བསྔལ་དང་ཉེས་དམིགས་ལྟ་བུ་ཞིག་བཤད་ཀྱི་ཡོད་པ་བསམ་སྲིད། དེས་ན་ལྟ་མཁན་གང་ཟག་དེས་ལྟ་སྟངས་ཀྱི་ཁྱད་པར་ཤེས་དགོས་རྒྱུ་དེ་གལ་ཆེན་པོ་ཡིན། ཞེས་གསུང་པ་ནི་མགོ་ཐོག་བུམ་པ་ལྟར་འཚམས་ཤིང་ལྕེ་ཐོག་བདུད་རྩི་ལྟར་མངར་བའི་ལེགས་བཤད་ཡིན་པས། དངོས་གནས་བོད་ལ་དགའ་ཞེན་དང་རྩོམ་རིག་ལ་དུངས་ཞེན་ཡོད་མཁན་ཞིག་ཡིན་ན། ལི་ལིས་རང་སྐྱག་གསེར་ལ་སྒོམ་པ་ལས་རང་ལས་གནས་ཚད་བརྒྱ་འགྱུའཕགས་པའི་མཁས་པ་ཚོའི་ཞལ་ལ་ཉན་ན་གནས་ལུགས་དངོས་ལ་མ་རེག་ཀྱང་གཡང་སར་མི་ལྷུང་པའི་ཁྱད་པར་ཡོད་ངེས་སྙམ་ནས་འདིར་དྲན་གསོའི་ཚུལ་དུ་བྲིས་པ་ཡིན།

དེང་རབས་ཚིགས་བཅད་སྙན་ངག་དང་དེའི་ཁྱད་ཆོས།

དེང་རབས་ཚིགས་བཅད་སྙན་ངག་ནི་ལོ་རབས་བརྒྱད་ཅུ་པའི་རྗེས་ནས་གཞིས་བཞུགས་བོད་ཀྱི་གཞོན་སྐྱེས་ཁྲོད་སྐད་ཡིག་གཉིས་པ་རྒྱ་སྐད་ཤེས་པའི་མི་སྣ་སྐོར་ཞིག་གིས་མི་རིགས་རང་ཉིད་ཀྱི་སྔར་ཡོད་རྩོམ་སྒྲོས་གྱི་སྒང་ལ་མི་རིགས་གཞན་པའི་རྩོམ་སྒྲོས་ཀྱི་ཆ་ཤས་མང་དག་ཅིག་ལེན་ནས་སྒྱུ་རྩལ་དང་ཉམས་འགྱུར་ཁྱད་པར་བ་ཞིག་འབུར་དུ་འཐོན་པའི་རྩོམ་སྲོལ་ལ་ཟེར་བ་ཡིན། རྩོམ་སྒྲོས་འདིའི་ནང་སྔར་ཡོད་བོད་ཀྱི་སྲོལ་རྒྱུན་ཐོག རྒྱ་ནག་དང་སོག་པོ། ཨུ་རུ་སུ། འཇའ་པན་སོགས་ཤར་ཕྱོགས་པའི་རྩོམ་སྲོལ་རྒྱ་ཡིག་ཐོག་ཡོད་པ་མང་པོ་ཞིག་གི་ཤན་ཡང་རང་བཞིན་གྱིས་ཞུགས་ཡོད་ལ། རྩ་བ་སྲོལ་རྒྱུན་ལས་འཁྲུངས་ཀྱང་སྡོང་པོ་སྐྱེས་སྟོབས་ཀྱི་ཤེས་རབ་འབར་བའི་རང་བཞིན་ལ་བརྟེན་པ་དགེ་འདུན་ཆོས་འཕེལ་གྱི་རྩོམ་ཡིག་ཁག་གཅིག་ནི་བུར་ཤིང་འོ་མ་སྦྲང་རྩི་གསུམ་ཀ་མངར་མོ་ཡིན་ཡང་མངར་སྟངས་མི་འདྲ་བ་ནང་བཞིན། མེ་ལོང་མའི་སྲོལ་རྒྱུན་དང་དགེ་ཆོས་སྙན་དབར་སྒྱུ་རྩལ་གྱི་བྲོ་བ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པ་དེ་རིགས་ཨུ་ཚུགས་བྱས་ནས་མེ་ལོང་མའི་རྒྱན་གང་ཞིག་གི་ཁོངས་ཡིན་པ་འཚོལ་དུ་འགྲོ་ན། ཕྱོགས་འདྲ་བའི་ཁོངས་ཤིག་ལོས་རག འོན་ཀྱང་མེ་ལོང་མ་ནང་བཞིན་མཚན་ཉིད་ཀྱི་སྒྲོམ་གཞི་ནང་བཙན་གྱིས་བཅུན་པ་ལྟ་བུ་མ་ཡིན་པ་འདི་རིགས་ཀྱང་དེང་རབས་ཀྱི་ཚིགས་བཅད་སྙན་གི་ཉི་གཞོན་འདྲེན་པའི་སྐྱ་རེངས་དང༌། སྐུ་མགྲོན་བསུ་བའི་རྒྱ་གླིང་ལྟ་བུ་ཞིག་ཏུ་ངོས་འཛིན་ཞུས་ན་མི་འཐུས་པ་མི་འདུག་སྙམ། དེས་ན་རྩ་བ་སྲོལ་རྒྱུན་ལ་ཟུག་ཀྱང་ལོ་འདབ་དེང་རབས་དང་འཚམས་པའི་དེང་དུས་ཀྱི་ཚིགས་བཅད་འབྲི་སྲོལ་དང༌། རྩ་བ་ཕྱི་གླིང་ལ་ཟུག་ཅིང་རྩེ་མོ་བོད་ཡུལ་དུ་བརྐྱངས་པའི་སྡེབ་སྦྱོར་རང་མོས་ཅན་གྱི་སྙན་ངག་གསར་པའི་བར་གྱི་ཁྱད་པར་མི་འདྲ་བ་ཡང་ཤེས་དགོས་པའི་དོན་གནད་ཅིག་རེད་སྙམ། མདོར་ན་གནའ་རབས་སྙན་ངག་ལ་མེད་པ་མིན་ཡང་དེང་རབས་སྙན་ངག་ལ་འབུར་དུ་ཐོན་དགོས་པའི་ཁྱད་ཆོས་སམ་ངོ་བོ་ངོས་འཛིན་ཐད་དོར་ཞི་གདོང་དྲུག་སྙེམས་བློས། ཕྱི་སྣོད་འཇིག་རྟེན་ནང་བཅུད་སེམས་ཅན་གྱི། ། རིགས་གཟུགས་རང་བཞིན་རྣམ་འགྱུར་ཁྱད་ཆོས་དང༌། ། བསམ་པའི་འདུ་ཤེས་ཁྱད་པར་མཐའ་ཡས་པ། ། རྩོམ་རིག་གཏེར་བརྒྱ་བརྡོལ་བའི་འབྱུང་ཁུངས་ཡིན། ། ཞེས་བརྗོད་གཞི་སྣོད་བཅུད་བཀོད་པའི་འཇིག་རྟེན་གྱི་གནས་ལུགས་དང་དེས་དྲངས་པའི་ནང་བསམ་བློའི་འཆར་སྒོའི་འདུ་ཤེས་འཛིན་སྟངས་ཀྱི་རྣམ་གྲངས་ལ་འདྲེས་པའི་དབྱེ་ཞིབ་གཉིས་ཟུང་དུ་འབྲེལ་དགོས་ཚུལ་གསུངས་པ་དང༌། སྙན་ངག་པ་ནོར་སྡེས། ཀྱེ་ཀྱེ་གྲོགས་པོ། སྙན་ངག་ལ་དགྱེས་པའི་གྲོགས་པོ། སྙན་ངག་དེ་གང་ན་ཡོད་ཤེས་སམ། སྙན་ངག་དེ་དཔེ་དེབ་ལས་མ་འཚོལ། འཚོ་བའི་ཀློང་ན་འདུག་གོ དཔེ་ཐོག་གི་བཤད་སྒྲོས་ཙམ་ལ། སྙན་ངག་དངོས་སུ་མ་སྒོམ། ཞེས་སྙན་ངག་ནི་སྤྱི་ཚོགས་འཚོ་བའི་ཀློང་ན་ཡོད་ཅིང་སྤྱི་ཚོགས་འཚོ་བའི་གནས་བབ་ལས་བསམ་བློའི་འཕར་ཤུགས་ལྡིང་དགོས་པ་དང་བསམ་བློ་འཕར་ཤུགས་ལས་ཚོར་བའི་ཉིང་ཁུ་མཚོན་པའི་སྒྱུ་རྩལ་གྱི་ངག་རིག་འབྱུང་དགོས་པ་ལས་རིས་མཛེས་པ་ཙམ་གྱིས་དེང་རབས་འདིར་སྙན་ངག་གི་རྗེས་མི་ཟིན་པ་བསྟན་པ་འདི་དག་གནའ་དང་དེང་གི་ཚིགས་བཅད་དབར་གྱི་ཁྱད་པར་འབྱེད་པའི་ཚིགས་སུ་ངོས་འཛིན་ཞུས་ན་འོས་པར་སེམས། སྙན་ངག་པ་འཇུ་སྐལ་བཟང་གིས། དང་པོའི་ན་ཆུང་གི་བརྩེ་དུང༌།། དྭངས་བསིལ་ཆུ་ངོགས་ཀྱི་ཟླ་བ།། ལག་པས་འཛིན་རྒྱུ་ཞིག་མེད་ཀྱང༌།། སེམས་པས་འགོག་ཐབས་རང་མི་འདུག། ལྟ་བུའི་སྙན་གོ་སླ་བ་ཙམ་མིན་པར་ཚིགས་བཅད་བཞི་བཅུ་ལྷག་རིམ་པར་བནས་བཀླག་ན་ཀློག་པ་པོའི་སེམས་ངོས་སུ་ཚོར་བའི་འགྱུར་བག་གཏིང་ཟབ་ཏུ་འགྲོ་ཐུབ་དང༌། སྤྱི་ཚོགས་འཚོ་བའི་ནང་གི་ཕོ་མོའི་འདུ་ཤེས་འཛིན་སྟངས་དང༌། སྤྱི་ཚོགས་གོམས་སྲོལ་ཀྱི་གནོན་ཤུགས་དང་བརྩེ་དུངས་སེམས་ཀྱི་བཟི་ཁའི་བར་ནས་གདམས་བྱ་འདེམས་བྱེད་ཀྱི་ཐག་གཅོད་གང་ཞིག་བྱས་པའི་རྣམ་པ་འབྲེལ་ཆགས་ལ་ཁ་གསལ་བས་ཀློག་པ་པོའི་སེམས་ཁོངས་སུ་རང་བཞིན་གྱིས་འཛུལ་འོང་བའི་ཁྱད་ཆོས་ལྡན་པ་མཐོང་ཐུབ། འདིར་དེང་རབས་ཚིགས་བཅད་ཀྱི་སྙན་ངག་ཁ་ཤས་མཚན་གཞིར་ངོས་འཛིན་ཞུ་ན་མཁས་དབང་དོར་ཞིའི་དཔྱིད་ཀྱི་བདག་མོ་ལྷ་ལས་བབ་པ། དོན་གྲུབ་རྒྱལ་གྱི། ཡ་རབས་དང་མ་རབས། འཇུ་སྐལ་བཟང་གི གནོད་སྦྱིན་ཡུལ་ཁམས་དཀྲུགས་པའི་ཕོ་ཉ། ཧོར་གཙང་འཛིགས་མེད་ཀྱི་གདོན་འཕྲུལ་ལྟ་བུའི་བཟི་ཁ། ཀླུ་སྨྱོན་ཧེ་རུ་ཀའི་ང་དང་གཡག་གི་སྙན་ངག གོང་གསལ་དེ་དག་ནི་དཔེ་མཚོན་གཟིགས་སའི་མཚན་གཞི་ཙམ་དུ་བཀོད་པ་ཡིན་གྱི་གཞིས་བྱེས་གཉིས་སུ་དེང་རབས་ཀྱི་ཚིགས་བཅད་སྙན་ངག་ཚད་ལྡན་འབྲི་མཁན་དེ་ཙམ་དུ་ངེས་པའི་ཁ་ཚོན་གཅོད་པ་མིན། འོན་ཀྱང་དེང་རབས་ལ་དགའ་ཞེན་དང་རྩོམ་འབྲི་ལ་བརྩོན་འགྲུས་ཆེ་བའི་གཞོན་སྐྱེས་མི་ཉུང་བ་ཞིག་ནི་རྐྱེན་གང་ཞིག་ལ་མ་ཚང་བའི་དབང་གིས་གནའ་རབས་ལ་རྒྱབ་ཕྱོགས་དེང་རབས་ཀྱི་རྗེས་མ་ཟིན་པར་བར་མ་དོར་དུ་ལུས་པའི་སྨྱུག་འཛིན་པ་ཉུང་ཉུང་གཏན་ནས་མིན། གྲོགས་པོ་ཚོ། དེ་བས་ན་ང་ཚོས་སྒྱུ་རྩལ་དང་ཚོར་བ་བརྡར་བའི་རྩོམ་རིག་གི་རྣམ་ཤེས་འཚོལ་ན། རྟོག་འཆར་དང་འཚོལ་སྙེག་གི་འཇིག་རྟེན་སྒུལ་དགོས་ལ། མཛེས་དཔྱོད་དང་དོན་བརྗོད་ཀྱི་ལྷུ་ལག་སྒྲིག་དགོས།

རྩོམ་འབྲིའི་ཐབས་ལམ།

འཇིག་རྟེན་ཧྲིལ་པོ་འདིར་རྫོགས་པའི་སངས་རྒྱས་ཀྱིས་དག་པའི་སྣང་བ་འབའ་ཞིག་གཟིགས་པ་དང༌། མ་དག་འཁོར་བར་འཁྱམས་པའི་སེམས་ཅན་ཚོས་མ་དག་པ་ཁོ་ནའི་སྣང་བ་འཆར་ཆོག་ན། སྙན་ངག་པ་ཚོས་རྟོག་འཆར་ཀྱི་ཀློང་ནས་མཐོང་ཚུལ་གཞན་ཞིག་ཡོད་མི་ཆོག་པའི་རྒྱུ་མཚན་གང་ཡང་མེད། ལྷ་མི་ཡི་དྭགས་གསུམ་གྱིས་ཆུ་ཕོར་བ་གང་ལ་མཐོང་ཚུལ་མི་འདྲ་བ་གསུམ་ཡོད་ཆོག་ན། སངས་རྒྱས་སེམས་ཅན་སྙན་ངག་པ་གསུམ་ལ་མཐོང་ཚུལ་མི་འདྲ་བ་གསུམ་ཡོད་ཆོག ཁྲ་གླག་འུག་པ་གསུམ་ལ་འཕུར་སྟངས་མི་འདྲ་བ་གསུམ་ཡོད་ན། སངས་རྒྱས་སེམས་ཅན་སྙན་ངག་པ་གསུམ་ལ་མཐོང་སྣང་དང་འབྲེལ་བའི་འགྲེལ་བརྗོད་མི་འདྲ་བ་གསུམ་ཡོད་ཆོག སྟག་གཟིག་དོམ་གསུམ་ལ་མཆོང་ལུགས་མི་འདྲ་བ་གསུམ་ཡོད་ན་གང་ཟག་མི་འདྲ་བ་གསུམ་ལ་བྱ་སྤྱོད་མི་འདྲ་བ་གསུམ་ཡོད་ཆོག ཉི་ཟླ་སྐར་གསུམ་ལ་འོད་ཁྱིམ་མི་འདྲ་བ་གསུམ་ཡོད་ན། གང་ཟག་མི་འདྲ་བ་གསུམ་ལ་ཚོར་སྙེག་མི་འདྲ་བ་གསུམ་ཡོད་ལོས་ཆོག སྙན་ངག་པས་རྟོག་འཆར་གྱིས་བསྐྲུན་པའི་འཇིག་རྟེན་ནི་སྙན་ངག་པ་རང་ཉིད་ཀྱི་འཇིག་རྟེན་ཡིན་ལ། འཇིག་རྟེན་གྱི་གྲུ་ག་དེ་སྙན་ངག་པ་ཁོ་ནར་དབང་པ་ལས་དེ་ལ་སངས་རྒྱས་དང་སེམས་ཅན་སུས་ཀྱང་ཐེ་གཏོགས་བྱེད་ནུས་མིན། སངས་རྒྱས་ཀྱིས་དག་ཞིང་བསྐྲུན་པ་ལས་སླ་བོ་མེད་ལ། སྙན་ངག་པས་རང་གི་འཇིག་རྟེན་སྐྲུན་པའང་དེ་བས་ལས་སླ་བོ་མིན། དག་ཞིང་ནི་འཇིག་རྟེན་རང་ག་བས་མཐོང་ཐོས་ཀྱི་ཡུལ་ལས་འགོངས་པ་ཡིན་ལ། སྙན་ངག་པས་རྟོག་འཆར་དང་སྒྱུ་རྩལ་གྱིས་བསྐྲུན་པའི་འཇིག་རྟེན་ཡང་སྐྱེ་བོ་ཕལ་བའི་བསམ་བློའི་ར་བའི་ནང་ཤོང་ཐབས་མེད་ངེས་ཡིན། དེར་བརྟེན་འཇིག་རྟེན་ཕལ་བའི་མིག་སྔར་མེད་ན་མེད་ངེས་ཡིན་མི་དགོས་ལ། སྙན་ངག་པའི་རྟོག་ངོར་གྲུབ་ན་ཡོད་པ་ཡིན་པའི་ངེས་པའང་དེ་བས་ཡོད་མི་དགོས། ང་ཚོས་གནའ་དང་དེང་གི་རྩོམ་རིག་གང་ཞིག་འབྲི་ནའང་ཆེས་ཐོག་མའི་མགོ་འཛུགས་བྱེད་ས་དེ་ཚོར་བའི་སྒུལ་སྐྱོད་བྱེད་ཐབས་དེ་ཡིན། ཚོར་བའི་འགུལ་སྤྱོད་ཀྱི་ཟ་འཁྲུག་མ་སློང་ན་མི་དེ་གྲགས་འགུལ་གང་ཡང་མེད་པའི་བེམ་པོ་ཞིག་དང་ཁྱད་པར་ནམ་ཡང་མེད། སྙན་ངག་གི་འབྱུང་ཁུངས་རྟོག་འཆར་དང་ཚོར་སྙེག་ལ་ས་མཚམས་མེད་ཅིང༌། རྟོག་འཆར་གྱི་ཁོར་ཡུག་དང་རྟོག་འཆར་གྱི་མཛེས་བཀོད། རྟོག་འཆར་གྱི་འུར་ཤོབ་བཅས་ལ་དཔང་རྟགས་དང་ར་འཕྲོད་མི་དགོས་པར་སྙན་ངག་པས་རང་དབང་གིས་དབང་བསྒྱུར་བྱེད་པའི་ཁོར་ཡུག་གལ་ཆེ་ཤོས་དེ་ཡིན། གལ་ཆེ་བའི་ཚོར་སྙེག་ཀྱི་ཡུལ་ལྗོངས་གསར་སྐྲུན་ནུས་པ་ནས་སྙན་ངག་པའི་བཙན་ས་ཟིན་པ་ཡིན་ལ། སྨྱུག་ཐོག་པའི་རྐང་རྗེས་རྙེད་པ་ཡིན། ང་ཚོས་སྒྱུ་རྩལ་གྱི་འཁྲབ་ཚན་ཇི་ཙམ་མང་པོ་སྤེལ་འདོད་ནའང་རྟོག་འཆར་གྱི་སྡིངས་ཆའི་མཛེས་བཀོད་མེད་ན། སྦྱོར་གྱི་རྐང་པས་སྒུལ་སྐྱོད་བྱེད་ཐབས་ནམ་ཡང་མེད།་འདི་ནི་སྒྱུ་རྩལ་དང་ཚོར་བ་བརྡར་བའི་རྩོམ་རིག་གི་རྐང་པའི་འབབ་སྟེགས་དང་པོ་དེ་ཡིན། འབབ་སྟེགས་འདིའི་སྒང་ལ་རྐང་པ་མ་བརྫིས་པའི་སྔོན་ལ། སུམ་ཅུའི་པའི་དངོས་རྟགས་ཀྱི་མིང་ཚིག་དང་། རྟགས་འཇུག་གི་བྱ་བྱེད་འདས་སྐུལ་གྱི་རྩིག་རྨང་ལྡན་དགོས། ད་དུང་མངོན་བརྗོད་དང་བརྡ་རྙིང་གི་སྙོམ་ལག་ཀྱང་ངེས་ཅན་ཞིག་ཆགས་དགོས། ད་གཟོད་རྐང་པ་གསུམ་པའི་སྡེབ་སྦྱོར་ནས་གོམ་པ་གང་རེ་གང་རེ་བྱས་ནས་སྤོ་བ་ལས། མཆོང་རྒྱག་གློད་པའི་རླུང་ཤུགས་དང་། འཕུར་རྩལ་འགྲན་པའི་གཤོག་ཤུགས་གང་ཡང་ངོམས་ས་མེད། དབྱངས་ཅན་མའི་པི་ཝང་གོ་རེ་དང་འཇམ་པའི་དབྱངས་ཀྱི་རལ་གྲི་མཇལ་རེས་དཀར་ཁུངས་མེད་པའི་བྲག་རྫོང་ལ་བཙན་ས་བཅས་པས་སྙན་ངག་པ་ཆགས་མི་སྲིད་ལ།་རྩོམ་པ་པོ་དེ་བས་ཆགས་མི་སྲིད། རྟེན་འབྲེལ་དང་ལྟོས་གྲུབ་འདོད་པའི་ལྟ་གྲུབ་ཁས་ལེན་མཁན་ཞིག་ཡིན་ན། སྦྱོང་ནས་ཤེས་པ་འཇིག་རྟེན་འདིར་ཡོད་ཀྱི། སྐྱེས་ནས་ཤེས་པ་འཇིག་རྟེན་འདི་ན་མེད་པའི་གནས་ལུགས་དེ་ཤེས་ནས། སྒོ་གསུམ་བྲག་ཕུག་ལ་བརྫངས་པའི་ཚབ་ཏུ་སོར་རྩེ་གསུམ་པོས་སྨྱུག་རྩེ་ནམ་ཡང་མ་གློད་ན། འཇམ་པའི་དབྱངས་ཀྱི་རལ་གྲི་ལས་རྣོ་ཞིང་དབྱངས་ཅན་མའི་པི་ཝང་ལས་སྙན་པའི་ཁྱད་ནོར་དངོས་གནས་དེ་སྨྱུ་གུ་ཡིན་པ་ར་འཕྲོད་འོང་། དེ་དུས་ཁྱོད་རང་སྙན་ངག་པ་ཆགས་པ་ཡིན་ལ། དེ་དུས་ཁྱོད་རང་རྩོམ་པ་པོའང་ཆགས་པ་ཡིན། དེ་དུས་ཁྱོད་རང་འབག་སྐུ་བཞིན་འཛུམ་ནས་མི་སྡོད་པར། དེ་དུས་ཁྱོད་རང་ཤིང་སྡོང་བཞིན་ལངས་ནས་མི་སྡོད་པར། ཁྱོད་ཀྱིས་སྙན་ངག་་འབྲི་དགོས་ལ། ཁྱོདཀྱིིས་སྒྲུང་རྩོམ་འབྲི་དགོས། ཁྱོད་ཀྱིས་ཡབ་མེས་ཚོའི་ཞལ་ཆབ་འཐོར་བའི་གནའ་རྩོམ་དབྲི་དགོས་ལ། ཁྱོད་ཀྱིས་ལུས་རྒྱན་སྲོག་གསུམ་ལྡན་པའི་སྲོལ་རྒྱུན་འབྲི་དགོས། ཁྱོད་ཀྱིས་རྟོག་པ་འཆར་ཡན་དང་སྒྱུ་འཕྲུལ་དངོས་ཡོད། བརྗོད་དོན་མཚོན་བྱེད་ཀྱི་དེང་རྩོམ་འབྲི་དགོས། །སྒྱུ་རྩལ་དང་ཚོར་བ་བརྡར་བའི་སྙན་ངག་བྲི་དགོས། རྫུན་པའི་ལམ་ནས་བདེན་པའི་གནས་ལུགས་མཚོན་པའི་སྒྲུང་རྩོམ་འབྲི་དགོས། དཔོན་ངན་རུལ་སུང་གི་བྲང་གཞུང་གཤག་པར་རལ་གྲི་ལྟར་རྣོ་བའི་དངོས་བརྗོད་འབྲི་དགོས། ཕྱོགས་འཛྀན་ལྕགས་སྒྲོག་གི་འཆིང་རྒྱ་གཏོར་བ་ལ་ཐོ་བ་ལྟར་ལྕི་བའི་དགག་རྩོམ་འབྲི་དགོས། གནས་ལུགས་རྗེན་པའི་སྣང་བརྙན་གསལ་བ་ལ་འཐེན་ཤུགས་ཨང་ཚད་སྟོང་ཕྲག་ཅན་གྱི་རྒྱང་ཤེལ་ལྟ་བུའི་དཔྱད་རྩོམ་འབྲི་དགོས། ཁྱོད་ཀྱིས་རང་ལག་ཏུ་ཡོད་པའི་སྨྱུ་གུ་དེར་བཟའ་ཟླ་བཞིན་བརྩེ་དགོས་ལ། ཕྲུ་གུ་བཞིན་བྱམས་དགོས། ཁྱོད་ཀྱིས་མདུན་ཅོག་ཐོག་ཡོད་པའི་ཤོག་གུ་དེར་མ་ཁང་བཞིན་སྲུང་དགོས་ལ། ཕ་ཞིང་བཞིན་སྐྱོང་དགོས། འདི་ཚོ་སྙན་ངག་པའི་དམ་ཚིག་ལ། རྩོམ་པ་པོའི་གདམས་ངག་ཀྱང་ཡིན། མེས་པོའི་རྣམ་ཤེས་དུར་སར་གཟིམས་ན་ཡང་།། དམར་པོའི་ཁྲག་རྒྱུན་ད་དུང་མ་བསྐམ་པར།། གངས་རིའི་སྲོག་གི་ཀ་ཆེན་ལ་ཞུགས་པའི།། རྩོམ་རིག་ཤེས་བྱས་འཇིག་རྟེན་མཛེས་གྱུར་ཅིག།

ཝཱ་ཎའི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་རླབས་རྩོམ་སྒྲིག་ཁང་གིས་གོ་སྒྲིག་གདན་ཞུས་ལྟར། སྤྱི་ལོ་༢༠༡༠ཟླ་༣པའི་ཚེས་༤ཉིན་ནཻརུ་མགྲོན་ཁང་དུ་བྲིས་པའི་མ་ཟིན་ལ། སླར་ཡང་སྣོན་འཕྲི་གང་འཚམ་བྱས་པ་དགེའོ། །