གཏེར་སྟོན།
མིང་དོན།
[རྩོམ་སྒྲིག]གཏེར་སྟོན་ཞེས་པ་སློབ་དཔོན་པདྨ་སོགས་ཀྱིས་འགྲོ་དོན་དུས་ལ་མ་བབས་པར་སྟོན་དུ་མི་རུང་ཞིང་མ་འོངས་སྐལ་ལྡན་རྣམས་ཀྱི་དོན་དུ་རི་བྲག་ཆུ་ཤིང་སོགས་སུ་རེ་ཞིག་མཁའ་འགྲོའི་གཏད་རྒྱ་དང་བཅས་མི་མངོན་པར་རྒྱས་བཏབ་པའི་གསང་སྔགས་ཀྱི་གདམས་ཟབ་རྣམས། ཕྱིས་སུ་དུས་ལ་བབས་ཚེ་གཏེར་ནས་བཞེས་མཁན་གྱི་གང་ཟག་རྣམས་ལ་བྱ་སྟེ། དཔེར་ན་གུ་རུ་ཆོས་དབང་དང་ཉང་ཉི་མ་འོད་ཟེར་ལྟ་བུའོ། །
༄༅། ། གཏེར་སྟོན་བརྟག་པ་ཆུ་དྭངས་ནོར་ བུ་ཞེས་བྱ་བ་བཞུགས་སོ། ། ཀུན་མཁྱེན་མི་ཕམ་རྒྱ་མཚོ། ཡང་དང་པོར་ཆོས་འདི་ཐོན་དང༌། སྒྲུབས་དང༌། ལེགས་པོ་འོང་རྒྱུ་ཡོད་ཅེས་ལུང་བསྟན་ཏེ། དེ་ལྟར་ཡིན་སྙམ་ནས་ནན་ཏན་གྱིས་ཞུགས་པ་དག་ལ་ལུང་བསྟན་པ་ལྟར་འབྱུང་བ་ལྟ་ཅི། བར་ཆད་འཚུབ་ཆ་ཆེན་པོས་མནར་བ་བྱུང་བའི་ཚེ། རྟེན་འབྲེལ་མ་འགྲིགས་པ་ལ་ཁག་འགེལ་བའམ་བར་ཆད་ཀྱིས་ཟིན་ཏོ་ཟེར་ཀྱང༌། དད་པས་ཞུགས་པ་དག་བར་ཆད་ཀྱིས་མི་ཟིན་པ་ཆོས་དེས་འགྲུབ་རིགས་པ་དང༌། ལེགས་པར་ཞུས་ནས་བསྒྲུབས་པས་རྟེན་འབྲེལ་འགྲིགས་གོ་ཆོད་དགོས་པ་འདྲ་སྟེ། གཞན་ལ་ལན་ཁག་བཀལ་པས་བདེན་གཏམ་དུ་མི་འགྱུར་བ་བློ་ལྡན་དག་གིས་ཤེས་སོ། ། གལ་ཏེ་གཏེར་ཆོས་དེ་དངོས་གྲུབ་འགྲུབ་སྤྱད་ཞིག་ཡིན་ན། གཏེར་སྟོན་རང་གིས་དེ་ནན་ཏན་བསྒྲུབ་རིགས་ལ། དེས་དེ་ལ་དངོས་གྲུབ་ཀྱང་འབྱུང་བར་རིགས་ཏེ། གུ་རུ་པདྨས་ཆོས་དེ་གདམས་པའི་སྣོད་དུ་གཟིགས་ནས་རང་ཆོས་ལ་རང་ཡིད་ཆེས་པ་དེ་ལ་དངོས་གྲུབ་འདི་ཐོབ་ཅི་ཡང་མ་བྱུང་ན། དེ་ལས་གཞན་ལ་འབྱུང་བ་ཤིན་ཏུ་དཀའ་འོ། ། ཕུག་དང་བྱིན་རླབས་ཇི་ཡིན་མ་ཤེས་ཀྱང༌། འཕྲལ་དེ་སྒྲུབ་པ་པོ་རྣམས་ལ་བར་ཆད་མེད་ཅིང་ཁ་དགེ་བཀྲ་ཤིས་བྱུང་ན་ཆོས་དེའི་མཐུ་ཡིན་རུང་མིན་རུང་མི་རྣམས་ཀྱིས་ཡིན་པར་སེམས་ནས་དགེ་ཤིས་སུ་རྩི་བ་ལ། དེ་ཡང་ཤིན་ཏུ་དཀོན་ན་གཞན་ཕྱོགས་དག་ཁ་ཟེར་བ་ལ་ལན་ཁག་མི་འདུག་སྙམ་མོ། ། དེ་སོགས་ཚིག་འཇམ་རེས་ཕན་ཚིག་བདུད་རྩི་འདྲ་བས་དོན་གནད་གོ་ངེས་སྦྱར་བར་བྱའོ། ། ཀྱེ་གཏེར་སྟོན་པ་དག གངས་ཅན་པ་དག་གུ་རུ་པདྨ་ལ་སྙིང་ནས་མི་མོས་མི་བདེན་ཟེར་ཕོད་མཁན་སུ་མི་འདུག་ཀྱང༌། གཏེར་སྟོན་ཡིན་ཟེར་བ་ཚོས་རྫུན་སོགས་ཀྱིས་ཟོལ་མཐོང་ནས་ཡིད་སུན་ཏེ། བྱིས་པ་འོ་མས་ཇ་སོགས་ཞེས་པ་ལྟར་གཏེར་སྟོན་ཚད་ལྡན་ལའང་ཡིད་མི་ཆེས་པ་དེའི་ཁོངས་ནས་བྱུང་འདུག་པ་རྒྱལ་དབང་པདྨ་ལ་སེམས་ཅན་མོས་པའི་སྐལ་པ་ཆུང་ངུར་མ་བྱེད་ཅིག ཆོས་དེ་དགེ་ཤིས་བྱིན་ཆེ་བྱུང་ན་དད་པ་རྣམས་ལྟ་ཅི། མི་དད་པ་རྣམས་ཀྱིས་ཀྱང༌། རྨ་ཁར་ཁྱི་ཚིལ་དཔེ་ལྟར་མ་བླང་ཐབས་མེད་འོང་འདུག་པ་དེ་ཅི་ཡིན་ན། དང་པོར་རྟེན་འབྲེལ་རང་གིས་བརྟགས་ལ་བསྒྲིགས་ཏེ་ཆོས་རྣམ་དག་ཡིན་ན་བསྙེན་སྒྲུབ་ཕྲིན་ལས་རབ་འབྲིང་ཐ་མའི་ཚད་ཅི་ནུས་ཞིག་བསྐྱངས་ན་གཞན་ལ་ཕན་ཐོགས་ཏེ། གཏེར་རྙིང་རྣམས་ནས། གསང་རྒྱ་དང་གཏེར་སྒྲུབ་དགོས་པར་གསུངས། གཏེར་ཆོས་གསར་པར་མ་ཟད། བློ་སྦྱོང་ཕྱག་རྫོགས་སོགས་ཀྱང་རང་གིས་ཉམས་སུ་བླངས་ཏེ་མྱོང་བ་ཐོན་པ་དང༌། ལྷ་གང་ཡིན་དེ་རང་གིས་རབ་འབྲིང་ཐ་མའི་བསྙེན་སྒྲུབ་རྟགས་ཐོན་པ་ཞིག་གིས་དབང་དང་མན་ངག་གཞན་ལ་བྱིན་པ་དེས་གཞན་ལ་ཕན་ཐོགས་ཆེ་བ་མངོན་སུམ་ཡིན་ཏེ། རང་མ་སྨིན་པས་སོགས་ཞེས་ལེགས་པར་བཤད་པ་བཞིན་ནོ། ། འོན་ཀྱང་དབང་ཁྲིད་སོགས་ལ་རང་གིས་མྱོང་བ་དང་བསྙེན་སྒྲུབ་ཆེན་པོ་མ་ཐོན་ཀྱང༌། སེལ་མེད་ཀྱི་བརྒྱུད་པ་ཁུངས་ཚད་ལྡན་ཡོད་ན་གཞན་ལ་དབང་སོགས་བྱས་པས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་འགྱུར། གསར་ཆོས་གཏེར་གྱི་ཁུངས་ནི་པད་འབྱུང་རེད། དེའི་བརྒྱུད་པ་ནི་གཏེར་སྟོན་ཁོ་ན་ལ་ཐུག་པས་དེ་ལ་ཚད་ལྡན་གྱི་དག་སྣང་དང་ཉམས་མྱོང་གི་དྲོད་རྟགས་མེད་ན་དེས་གཞན་ཇི་ལྟར་སྨིན་གྲོལ་དུ་འགྱུར་ཏེ། ངེས་པར་དྲོད་རྟགས་ཡོད་དགོས་སོ། ། གལ་ཏེ་ཉེ་བརྒྱུད་བྱིན་རླབས་ཆེ་སྙམ་ན། ཉེ་བརྒྱུད་བྱིན་རླབས་ཆེ་བ་ཡིན་སྲིད་ཀྱི། གཏེར་ཆོས་རྙིང་པ་ཚོ་ལ་རིང་བརྒྱུད་དང༌། དེའི་སྟེང་ཉེ་བརྒྱུད་ཐོབ་ནས་གཞན་དང་མི་འདྲ་བའི་བྱིན་རླབས་ཚན་ཁ་ཆེ་བར་བྱས་ན་དེ་ལེགས་ཀྱི། གསར་པ་ནི། རིང་བརྒྱུད་མེད་པས་རྟོག་ལྡན་དག་ཡིད་མི་ཚིམ་ལ། ཉེ་བརྒྱུད་ལ་ཐེ་ཚོམ་ཟ་བའང་སྲིད་པས་འདོན་ཆ་གསར་པ་ཡིན་ཅི་ལ་དགོས། པད་འབྱུང་ལའང་ཆོ་ག་སྔ་མ་དང་ཚིག་བདུན་དང་བཛྲ་གུ་རུ་སོགས་ཀྱིས་གསོལ་བ་བཏབ་ན་བར་ཆད་སེལ་བ་དང་དངོས་གྲུབ་ཆོས་ཀྱི་བྱིན་རླབས་འབྱུང་ངེས་ལ། དེ་ལྟར་བྱིན་རླབས་བྱུང་བ་དེས་དོན་འགྲུབ་ཀྱི། བྱིན་རླབས་འཇུག་པ་ལ། དུས་ཀྱི་འགྱུར་བ་དང་གང་ཟག་རེ་རེའི་ངོས་སྐལ་གྱི་ཆོ་ག་འདོན་རྒྱུ་གསར་པ་རེ་རེ་མེད་ན་བྱིན་རླབས་མི་འཇུག་པ་ག་ལ་ཡིན་ཏེ། མདོ་དང་རྒྱུད་སྡེ་ཆེན་པོ་རྣམས་ལ་བསྐལ་བའམ་བསྐལ་པ་ཚད་མེད་པའི་ཕྱི་མའི་མུ་མཐར་ཐུག་གི་བར་དུ་སུས་བསྒྲུབས་ཀྱང་བྱིན་རླབས་དང་དངོས་གྲུབ་མི་འབྱུང་བ་མི་སྲིད་དེ། སངས་རྒྱས་བཅོམ་ལྡན་འདས་བཞིན་ནོ། ། དེས་ན་རང་གི་རྩོམ་ཆོས་ལ་གཏེར་བརྫུ་བྱས་ན་ཆེན་པོ་ལ་ལྷངས་བཏབ་པ་དང༌། ཆོས་ལ་དབང་ཟོས་ནས་ལྕེ་ལ་ཞིང་རྨོ་བའི་རྣམ་སྨིན་མྱོང་ངོ༌། ། དག་སྣང་གི་གདིང་ཚོད་དང་དཔེ་ཕུག་ལུང་གསུམ་འདི་ཡིན་གྱི་གདིང་ཚོད་མེད་པའི་ཉམས་རྨི་དངོས་ཀྱི་སྣང་བ་ཟ་ཟིར་ཤར་བ་ནི་ལེགས་ན་ཆོས་ཀྱི་ཚིགས་བཅད་འཆད་རྩོམ་སོགས་རྨི་ལམ་རྨིས་ན་སྟ་གོན་སོགས་ལ་དུས་དགེ་ལྟས་སུ་གསུངས་པ་རང་གི་ཉམས་སྣང་དགེ་བའི་མཚན་མ་ཙམ་ཡིན་སྲིད་ཀྱི། གཞན་སྨིན་ངེས་ཡིན་མིན་མ་ངེས། ལྷ་འདྲེའི་བརྫུ་བག་ཀྱིས་རྡོལ་ཆོས་དང་ས་གཏེར་ལྟ་བུ་ནི་ཤིན་ཏུ་གཞན་ལ་གནོད་པའི་ལོག་སྨོན་ཅན་གྱི་སྐལ་བ་ཡིན་པས། ཆོ་ག་ཆལ་ཆོལ་བྲི་ཤེས་པ་ཙམ་གྱིས་གཏེར་སྟོན་ཡིན་རློམ་གྱིས་སྤེལ་མི་རུང་སྟེ། སྔ་འགྱུར་གྱི་ལུང་དང་མན་ངག་ཀུན་ལས། མཁའ་འགྲོ་མ་རང་གི་དབང་དུ་གྱུར་པ་ལ་སོགས་པ་གསུངས་པ་བཞིན་འཇིག་རྟེན་ལྷ་འདྲེ་ཤ་ཟའི་མཁའ་འགྲོ་སོགས་ཀྱིས་རྣལ་འབྱོར་སྒྲུབ་པ་པོ་ལ་དྲོད་ཉུལ་བའི་ཉམས་ཆོས་དང་གྲུབ་རྟགས་སྣ་ཚོགས་ཀྱི་མཐུ་བསྐྱེད་པས། རང་གིས་མངོན་རློམ་དུ་བཟུང་ནས། དེའི་དབང་དུ་གྱུར་ན་མཐར་ཆོས་རྣམ་དག་འགྲུབ་པའི་བར་ཆད་དུ་འགྱུར་གསུངས་པ་ལྟར་ཤེས་དགོས། དེས་ན་ཉམས་སྣང་རྨི་ལམ་ལུང་བསྟན་ཟ་ཟི་བདེན་མིན་བརྫུན་མིན་འདི་འདྲ་འུར་མི་བརྒྱབ་པར་གསང་སྟེ་རང་གྲོལ་དུ་བྱས་ན་ཆོས་པ་ལེགས་པོ་འོང་བ་མངོན་སུམ་གྲུབ། རློམ་པ་དང་རྣམ་གཡེང་གྲགས་འདོད་བྱས་ན་བར་ཆད་དུ་འགྱུར་བ་མངོན་སུམ་མཐོང་བས། ང་ཤེས་མི་ཤེས་གྲུབ་མ་གྲུབ་ཀུན་གྱིའང་གཏེར་ཆོས་ཟེར་བའི་ཡི་གེ་མང་པོ་བྲི་རྒྱུ་འདི་བཞག་ན་ལེགས། ཕལ་པ་དག་གིས་ཀྱང་གསར་ངེས་ཧ་ཅང་མ་ཆེ་ན་བསྟན་པའི་བབ་དང་རང་གཞན་ཀུན་ལ་ཕན་ངེས་སོ། ། ཁ་ཅིག་གཏེར་ཆོས་བྲིས་ཟིན་ཉབ་ཉོབ་རྣམས་རིགས་རྒྱུད་དང་སློབ་བརྒྱུད་ནས་འདི་ཉམས་མི་རུང་ཅི་དར་དགོས་ཟེར་ཀྱང༌། བཀའ་བརྒྱུད་ལུང་མན་ངག་གི་ཆོས་དང་གཏེར་རྙིང་ཚད་ལྡན་རྣམས་མ་ནུབ་པར་སྤེལ་ཐུབ་ན། དེར་མ་འདུས་པའི་དོན་ཟབ་མོ་དང་ལས་སྒྲུབ་ཐབས་ཁྱད་འཕགས་ཕན་ངེས་ཅང་མ་མཐོང་བས། མི་རེའི་ཆོས་ལུགས་འཛིན་པ་འདི་ཆག་བཞག་མེད་པའི་ལུགས་སུ་འགྱུར་བས་བསྟན་རྙིང་གི་གྲུབ་མཐའ་བསྐྱང་བ་གཙོ་བོར་བྱས་ནས། དག་སྣང་དང་གཏེར་ཆོས་རྣམ་དག་རེ་ཡིན་ན་ཟུར་རྒྱན་ལྟ་བུར་བྱས་ན་ལེགས་ཀྱི་ནུབ་མི་བྲ་བའི་ཆོས་གང་ཡིན་བློ་གྲོས་ཀྱིས་ཤེས་དགོས་ཀྱི། ཡི་གེར་བྲིས་ཚད་ནུབ་མི་རུང་བ་ཅི་ཡོད་དེ། དེ་ནུབ་པས་ཐབས་ཆག་ཅི་ཡང་མི་འབྱུང༌། རྒྱུད་ལུང་མན་ངག་གིས་ཟབ་ཆོས་ཚན་རེ་རེ་ཡི་ནའང་དོན་ཆེ་བས་མི་ནུབ་པར་འཛིན་དགོས་སོ། ། ཡང་བསྒོམ་ན་རྫོགས་ཆེན་རྒྱུད་ལུང་མན་ངག་གི་དོན་འདུས་ཀྱི་གནད་ཀློང་ཆེན་རབ་འབྱམས་ཀྱིས་གསུང་འདི་ཚོ་བས་གོ་རྒྱུ་ཟབ་ཅིང་བཟང་བ་དང༌། ཉམས་ལེན་གནད་དུ་འགྲོ་ལུགས་གཞན་ཡོད་མི་སྲིད་པས། འདི་བས་ལྷག་པར་རྫོགས་ཆེན་གོ་རྒྱུ་གསར་དུ་ཅི་འདུག་ལྟོས་ལ། འདི་བཞིན་ཉམས་སུ་ལོངས། འདི་ལ་བྱིན་རླབས་ཀྱི་ཆ་ཡོད། ཉམས་ལེན་གྱི་བརྒྱུད་པ་ཡོད་པས། དེ་སྔ་མང་པོ་རྟོགས་པ་མཐར་ཕྱིན་པ་ཡིན། ད་ཡང་རང་མ་ལན་ན་ཆོས་འདི་མི་ལན། བཏོན་ན་བཀའ་མའི་ཆོ་ག་རྣམས་དང་གཏེར་མ་བཀའ་དགོངས་སོགས། མདོར་ན་ཉང་ཆོས་དབང་བྱང་གཏེར་རཏྣ་གླིང་པ་ཀར་གླིང་སོགས་དེ་སྔ་མང་པོ་རྟགས་ཚད་ལྡན་བྱུང་བ་འདི་ཚོའི་གཞུང་ན་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་ཡོད། དེ་རྣམས་ཀྱང་རྒྱས་བསྡུས་སྒྲུབ་ཐབས་རང་ཉམས་བསྟུན་པ་ཅི་འདོད་ཡོད། ལས་ཚོགས་སྣ་ཚོགས་གཏོ་སྣ་ཚོགས་ཡོད་པས་དེ་བཞིན་ཉམས་ལེན་བྱས་ན་བྱིན་རླབས་ཀྱི་བརྒྱུད་པ་ཡོད། དེ་སྔ་ཆོས་འདི་དག་གི་གྲུབ་པའི་ལག་རྗེས་ཐོན་པ་ཡིན། རང་གིས་བྱུང་ན་ཆོས་འདིས་མ་བྱུང་བ་མེད། ད་སྒྲུབ་ཐབས་རེ་ཟུང་མངོན་རྟོགས་དང་འདོན་ཆ་ཉབ་ཉོབ་ཚིག་དོན་སྔར་བས་ཟབ་པ་ཕར་ཞོག ཕྱོགས་སུའང་མི་ཕྱིན་པ་ཞིག་བཏོན་པས་དགོས་པ་ལྷག་པོ་མི་ཆེ། ཆེ་བསམ་ན་ཅི་འདོད་མཛོད། སྔ་མ་ཚོ་སྒྲུབ་པས་འབྲས་བུ་མ་གྲུབ་ན་ཆོས་ཀྱིས་མིན་བསམ་ཐུབ། གསར་བས་མ་ཕན་མི་ཤེས་པ་འབྱུང་ན་ཐེ་ཚོམ་ཟ་ཞིང་ལོག་ལྟ་སྐྱེ་དེ་ལ་དགོས་པ་ཅི་ཡོད། གལ་ཏེ་ཡིད་ཆེས་ནས་ཆོ་ག་གསར་པ་རེ་བཏོན་པ་ཙམ་ལ་འགལ་བ་ཆེར་མ་མཐོང་སྟེ། བླ་མ་དག་གིས་ཆོ་ག་སྒྲིག་སྣ་ཚོགས་དང་འདྲ་ཡང༌། གསར་པ་ཤ་སྟག་འདོན་དགའ་འདི་མི་ཤེས་པའི་གསར་ངེས་ཆེ་བར་ཟད་དོ། ། བརྩོམས་ན་རྟོག་གེ་ང་འདྲས་ཀྱང་ཚིག་ལེགས་པ་དང༌། དོན་རྒྱུད་ལུང་མཐུན་པ། མན་ངག་སྣ་ཚོགས་སྔ་མར་བརྡབ་སྟེ་བྲི་ཤེས་ཀྱང༌། དེ་གཏེར་ཆོས་སུ་བྱས་ན་ཟོག་པོའི་ལས་ཀ་ལྷ་དང་བླ་མར་རྫུན་ཁེགས་བཀལ་བའི་ལས་མི་བཟད་པར་འགྱུར། བསྟན་བཅོས་སུ་བྱས་ནས་རྫུན་མེད་ཅིང་དད་པ་ཕན་པས་བྱས་ན་མཁས་གྲུབ་རྣམས་ཀྱི་གཞུང་དང་རྗེས་སུ་མི་མཐུན་པ་ཅི་ཡོད། དེས་གཏེར་ལ་ཁུངས་འབྱིན་རྒྱུ་འདི་ངེས་པ་ཡིན་ན་དེར་ཟད། མིན་ན་ཤིན་ཏུ་མི་བཟད་པའི་ལས་ཏེ། གལ་ཏེ་རང་མིན་ཡང་བྱེད་པོ་གཞན་གྱིས་བསྐུལ་ནས་མ་བྱས་དབང་མེད་ཡིན་ན་ལེགས་ཉེས་ཅི་ཡིན་རང་ཐག་ཆོད་ན་ལེགས། མིན་པར་གཞན་ལ་བྲི་དགོས་བསྐུར་ན་ལེགས་འདྲ། དེང་སང་གཏེར་སྟོན་ཟེར་བའི་མི་འདི་ཚོ། ། འཛམ་གླིང་བོད་ལ་ཕན་བྱེད་ཡིན་ནོ་སྐད། ། རང་མགོ་ལེགས་ཐོན་ཚེ་རིང་བདེ་ལྡན་ཞིག ། བྱུང་ན་ལེགས་ཏེ་དེ་ཡང་དཀའ་བར་སྣང༌། ། གངས་ཅན་འདི་ན་གཏེར་སྟོན་གཏེར་ཆོས་ལ། ། ཕལ་ཆེར་མི་དད་ལོག་པར་ལྟ་བ་མང༌། ། དེ་དག་མ་སྐྱོབ་ཅི་བྱ་དད་པ་རྣམས། ། ལྷག་པར་སྐྱོབ་ན་ཐུགས་རྗེའི་མངོན་རྟགས་ཡིན། ། དེ་ལྟ་ནའང་མ་དད་རྒུད་པ་དང༌། ། དད་རྣམས་ལྷག་པར་དར་བ་ལྟ་ཅི་ཞིག ། ཕལ་ཆེར་གོ་ལྡོག་ཚུལ་དུ་མཐོང་བས་ན། ། འདི་འདྲ་ཅི་ཞེས་སོམ་ཉི་ཅིས་མི་སྐྱེ། ། ཨོ་རྒྱན་ཆེན་པོས་རྗེས་སུ་བཟུང་ཡིན་ན། ། ཉམས་དང་རྟོགས་པའམ་ཚེ་རིང་ཆོས་འཕེལ་ཞིང༌། ། བསྟན་པ་རྒྱས་པར་བྱིན་རླབས་མཛད་ན་ལེགས། ། འདོན་རྒྱུ་ཙམ་ཞིག་བསྟན་པས་ཅི་ཞིག་བྱ། ། འདོན་རྒྱུ་བྱིན་ཆེན་ཡིད་ཆེས་དེ་སྔ་ཡོད། ། གསར་བྱུང་དེ་བས་ཟབ་པ་གཅིག་མ་མཐོང༌། ། གསར་ཆོས་ཟབ་བོ་སྙམ་ནས་དེ་བསྟེན་ནས། ། རང་གི་དངོས་གྲུབ་ཐོབ་ན་ལེགས་ཏེ་དཀོན། ། ལེགས་པར་བརྟགས་ན་གཏེར་ཆོས་ཟེར་བ་རྣམས། ། གྲགས་འདོད་ནོར་འདོད་བུད་མེད་འདོད་པའི་ཕྱིར། ། གཏེར་ལ་རེ་ཞིང་སྐམ་ཆགས་མེ་ལྟར་འབར། ། རྫུན་དང་ཟོག་པོ་མེད་པ་དཀོན་འདི་ཅི། ། ངེས་པར་པདྨའི་བྱིན་རླབས་ལས་ཅན་ནི། ། སངས་རྒྱས་མཐོང་ཞིང་དེ་ཡིས་དངོས་སློབ་དང༌། ། འདྲ་ཕྱིར་གཞན་ལས་ཁྱད་འཕགས་ཡིན་ངེས་ཀྱང༌། ། མཁྱེན་བརྩེ་ནུས་པ་བརྟགས་ན་གཞན་དང་མཚུངས། ། དེ་འདྲས་གངས་ཅན་བདེ་སྐྱིད་སྤེལ་བ་ལ། ། ཐེ་ཚོམ་ཟ་ཡང་རང་བསྟོད་གཏེར་ལུང་གིས། ། རང་ཆེ་འབྱིན་ཞིང་གཞན་སྨོད་བྱང་སེམས་ཀྱི། ། རྩ་ལྟུང་ཁུར་ལེན་འཆོལ་ཉོག་སྤྱོད་པ་མང༌། ། ཀྱེ་མ་དུས་ངན་འདི་ལ་ཚུལ་ལྡན་གྱི། ། དགེ་སྦྱོང་དཀོན་ཕྱིར་སེམས་ཅན་རྒུད་པ་བདོ། ། དགེ་སྦྱོང་གཞན་ལས་འཕགས་རློམ་སྤྲུལ་པའི་སྐུ། ། གཏེར་སྟོན་འདི་ཙམ་མང་འདི་དུས་དང་འགལ། ། གལ་ཏེ་བཟང་པོ་མང་ཕྱིར་བསྟན་འགྲོའི་དཔལ། ། འཕེལ་ན་བསྟན་པ་སྤྱི་དང་རྙིང་མ་པ། ། ལྷག་པར་བདེ་འབྱོར་རྒྱས་པར་རིགས་ན་ཡང༌། ། དེ་རྣམས་ལྟོས་བཅས་ལྷག་པར་རྒུད་འདི་ཅི། ། ཧ་ཧ། ཡང་གཏེར་ཆོས་དེ་གཏེར་སྟོན་དེ་ལ་གུ་རུས་གདམས་པ་དངོས་སུ་མཐོང་བའམ། མངོན་ཤེས་ཀྱིས་ཤེས་པ་མེད་ན། གང་ཟག་དེས་ཚིག་ལ་ཡིད་སྟོན་ན་གུ་རུའི་གསུང་དུ་འཛིན་དགོས་པས། གང་ཟག་དེ་ཚད་ལྡན་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་མིན་ན། འདི་ངའི་གཏེར་ཆོས་ཡིན་ཅེས་པ་ཙམ་གྱིས་དང༌། ཚིག་སྒྲོས་ལེགས་པའམ་བྲག་ནས་བརྐོས་པ་ཙམ་གྱིས་ཡིད་ཆེས་དཀའ་འོ། ། གལ་ཏེ་དུས་འཁོར་རྩ་རྒྱུད། ཀྱེ་རྡོར་རྒྱུད་འབུམ་ལྔ་སོགས་རྒྱུད་ཚད་ལྡན་བོད་ན་མེད་པ་དང༌། ཤིན་ཏུ་གོ་རྒྱུ་ཡོད་ངེས་ཀྱི་བརྟག་པ་བརྒྱད་སོགས་དང༌། གཟའ་སྐར་གྲུབ་རྩིས་ཀྱི་རྩིས་འཕྲོ་སོགས་རིགས་གནས་ཀྱི་གནད་ལ་ཕན་ངེས་སྔར་མེད་ཡིག་ཆ་ངོ་མཚར་ཅན་དང༌། རྒྱུད་དང་མདོ་སྡེའི་བཀའ་གནད་མི་ཤེས་པ་ཐམས་ཅད་འགྲོལ་བས་གཞུང་དང༌། ལུང་བསྟན་གསལ་བ་དུས་ཀྱི་འབྱུང་འགྱུར་བསླུ་མེད་སོགས་མདོར་ན་གོ་རྒྱུ་ཆེ་བ་མདོ་རྒྱུད་དང་མཐུན་པ། དེ་མཐོང་ན་དགོངས་གནད་ལྷག་པར་གསལ་བ་སོགས་བློ་ལྡན་མགུ་བ་བསྐྱེད་པའི་གཞུང་གལ་ཏེ་གཏེར་ནས་ཐོན་ན་ནུབ་མི་བྲ་བར་བདེན་ནོ། ། གཞན་ཡང་བྱེ་བྲག་བཤད་མཛོད་ཆེན་མོ་སོགས་ནང་པ་དང༌། ཕྱི་པའི་གཞུང་གི་སྒྱུ་རྩལ་གྱི་བསྟན་བཅོས་སོགས་སྐབས་སུ་མཁོ་བ་དག་ཀྱང་གཏེར་ནས་བཏོན་ན་ངོ་མཚར་ཆེ་ཞིང་ནུབ་མི་བྲ་བར་གདའ། གཞན་ཡང་དཀོན་བརྩེགས་ཀྱི་ལེའུ་ལྷག་མ་ཡོངས་རྫོགས་སམ་ཅི་རིགས། མདོ་དྲན་པ་ཉེར་བཞག་གི་ལྷག་མ་ཅི་ཡོད་སོགས་གཏེར་ནས་འབྱུང་ན་ངོ་མཚར་ཆེ། གཞན་ཡང་བོད་ཀྱིས་བསྟན་བཅོས་གནུབས་ཆེན་གྱི་མདོ་འགྲེལ་སོགས་སྔར་ཡོད་དུ་མ་ཞིག་ད་ལྟ་མི་སྣང་བ་སོགས་མཁའ་འགྲོས་ལུང་བསྟན་ལ་བརྟེན་ཏེ་གཏེར་ནས་བྱུང་ན་ལེགས་ཏེ། གཏེར་ནས་ཁྱི་རོ་མིན་པ་གང་ཡང་འབྱུང༌། ཞེས་གསུངས་པས་མཁོ་བའི་ཆོས་གང་ཡང་གཏེར་ནས་མི་འབྱུང་དོན་མེད་ལ། ནད་ཞི་བའི་སྨན་དྲི་ཚོར་བ་ཙམ་གྱིས་ཕན་པ་དང་གསོ་དཔྱད་ངོ་མཚར་གྱི་གཞུང་སོགས་གཏེར་ནས་རྙེད་པའམ། གཞན་ཡང་དཔེ་ཆ་ལག་ཏུ་བྱུང་ནའང་སྐལ་ལྡན་གྱི་གང་ཟག་གཞན་ལ་ཕན་བྱེད་ཡིན་འདུག་པས། གཏེར་སྟོན་ཆོས་དེ་ལྟར་པད་འབྱུང་ལ་གསོལ་བ་འདེབས་པར་རིགས་སོ། ། གཞན་ཡང་ཡིད་བཞིན་ནོར་བུ་སོགས་ནི་སྙིགས་མའི་དུས་སུ་འབྱུང་དཀའ་མོད། སེམས་ཅན་ལ་ཕན་པའི་ཆ་ཡི་རིན་པོ་ཆེ་ཅི་རིགས་ངོ་མཚར་ཅན་སུས་བལྟས་ཀྱང་ཡིད་མཚར་བ་བྱུང་ན་རང་གཞན་ཀུན་ལེགས་པར་འདུག་པས་དེ་ལྟར་ཐུགས་བཞག་མཛོད། པདྨའི་བྱིན་རླབས་ཟབ་ཆོས་ངེས་སྤྱོད་ན། ། རྟག་ཏུ་དེ་སྒྲུབ་དངོས་གྲུབ་ཐོབ་རིགས་མོད། ། ནོར་ཕྱིར་རྟག་ཏུ་ཉུལ་བཞིན་རང་གི་ཆོས། ། གཞན་ལ་ཟོང་བཞིན་བྲིམ་པ་མ་མཐོང་ངམ། ། ཆོས་ཀྱི་ཆེ་བ་བཤད་པས་ཅི་ཞིག་བྱ། ། ཁྱེད་རང་དངོས་གྲུབ་ཐོབ་ན་ཁྱེད་ཀྱི་ཆོས། ། ཕར་འཚོང་མི་དགོས་ཚུར་ལ་འདོད་མཁན་འོང༌། ། འོན་ཀྱང་ཁྱེད་རང་ཆོས་ཀྱིས་ཅི་ཞིག་ཐོབ། ། ཡི་གེ་བྲིས་ནས་ཆེ་གྲགས་ནོར་ཅན་རྣམས། ། གར་ཡོད་ཁྱེད་རང་ང་ཡི་ཆོས་བདག་ཅེས། ། ཚོལ་ཞིང་སྙན་གྲགས་འབའ་ཞིག་བསམ་པས་གཡེངས། ། ཆོས་དེ་བསྒྲུབས་ཀྱང་ངེས་ཕན་ཅི་ཞིག་མཐོང༌། ། བུད་མེད་གཟུགས་བཟང་མཐོང་ན་མཁའ་འགྲོ་ཟེར། ། མི་དད་ཁ་ཟེར་ཅན་ཚོ་བདུད་དུ་འབོད། ། རང་ཉིད་རྗེ་འབངས་གྲུབ་པའི་སྤྲུལ་པར་འཛིན། ། བསྒྲགས་རྒྱུ་མང་ལ་ཕན་རྒྱུ་ཅི་ཡང་མེད། ། སངས་རྒྱས་བསྟན་པའི་གནད་རྣམས་གང་ཡིན་དང༌། ། སྙིང་པོའི་བསྟན་པའི་ཆེ་བ་འདི་ཡིན་ཞེས། ། ཅུང་ཟད་ཙམ་ཞིག་རང་གིས་མ་ཤེས་ཀྱང༌། ། ང་ཡི་ཆོས་འདི་ཀུན་ལ་འཕགས་ཞེས་རློམ། ། བསྟན་པ་སྤྱི་དང་རྒྱལ་དབང་པདྨ་ཡི། ། བསྟན་པ་སྙིང་ལ་གཅེས་སྤྲས་མི་ཤེས་ཀྱང༌། ། གངས་ཅན་རྒུད་པ་ཟློག་བྱེད་ང་ཡིན་ཞེས། ། ཁས་འཆེ་འགགས་ལ་ཐུག་ན་གཞན་ལས་དམན། ། རང་དོན་བླང་དོར་ཕྲ་མོའང་ཅི་བཞིན་དུ། ། ཤེས་པ་དཀོན་ན་གངས་ཅན་རྒྱལ་ཁམས་ལ། ། ཕན་འདོགས་བླང་དོར་སྟོན་པའི་ལུང་བསྟན་རྣམས། ། ལྷ་འདྲེས་བསླུས་པའི་བརྫུ་བག་མ་ཡིན་ནམ། ། བསྟན་ལ་དད་དང་འགྲོ་ལ་ཕན་པའི་བློ། ། ལེགས་པར་འབྱོངས་པའི་ལག་རྗེས་ཅི་མེད་པར། ། སྙིང་རྗེས་གངས་ཅན་སྐྱོབ་ཕྱིར་སྤྲུལ་ཞེས་སྨྲ། ། བློ་ལྡན་གཞན་གྱིས་བལྟས་ན་གད་མོ་འཆོར། ། ན་ཆུང་སེམས་རྩ་འགུལ་བའི་མཐུ་མེད་པར། ། འདོད་པས་བསྐམ་པའི་རྫུན་ལུང་སྒྲོགས་པ་སོགས། ། ཡིད་བརྟན་ཕེར་བའི་ནུས་པ་ཅུང་ཟད་ཞིག ། མེད་པ་དེས་ཀོ་རྒྱལ་ཁམས་ཇི་ལྟར་སྐྱོབས། ། ཇི་ལྟར་བྱས་ཀྱང་གྲུབ་པའི་མཛད་སྤྱོད་ཞེས། ། རློམ་ཞིང་གཞན་མགོ་སྐོར་བའི་ཟོག་པོ་རྣམས། ། གཏེར་ལ་ཁུངས་འབྱིན་རྒྱལ་དབང་པདྨ་ལ། ། རྫུན་གྱི་རྒྱབ་བརྟེན་བཅོལ་བའི་ལས་ངན་བསགས། ། འགའ་ཞིག་ལྷ་འདྲེ་མཐུ་བོ་ཆེས་རློམ་པའི། ། གཏེར་མིན་གཏེར་འདྲ་སྣ་ཚོགས་འདོན་མོད་ཀྱི། ། རང་གིས་རང་རློམ་གྲུབ་པའི་གྲལ་ལ་བསྙེགས། ། བདུད་ཀྱིས་བསླུས་པར་ཅུང་ཟད་མ་འཕྲིག་མང༌། ། རྒྱལ་དབང་པདྨས་བསྟན་པའི་ཆོས་ཡིན་ན། ། ང་ཡི་ཆོས་འདི་གཏེར་མ་ཡིན་ནམ་མིན། ། ཅི་འདྲ་སྙམ་ཞིང་གཞན་ལ་འདྲི་བ་དེ། ། འགལ་རྟགས་ཡིན་ནམ་བློ་ལྡན་རྣམས་གྱིས་ཤེས། ། རང་གིས་རང་ཆོས་སྒྲུབ་ལ་སྤྲོ་བ་ཡིས། ། ནན་ཏན་ཉམས་སུ་ལེན་པར་མ་བྱས་ན། ། དེ་ལ་གཞན་དག་བློ་ལྡན་སུ་ཞིག་གིས། ། ནན་ཏན་འཇུག་པ་རྒྱུ་མཚན་ཅི་ཡིས་ཡིན། ། བླུན་པོས་ཅི་ཟེར་བདེན་པར་འཛིན་པ་ལ། ། འདི་ཟབ་འདི་ཉིད་ཉམས་སུ་ལོངས་ཞེས་སུ། ། གདམས་པས་དེས་ཀྱང་དེ་ལྟར་འཛིན་མོད་ཀྱི། ། ཆོས་ཀྱི་མུ་གེ་དེ་ལ་བྱུང་བར་ཟད། ། འདོན་རྒྱུས་དབུལ་བའི་མུ་གེ་སུ་ལའང་མེད། ། བཏོན་ན་ཕན་འབྲས་འཕགས་ན་ལེགས་མོད་ཀྱི། ། དངོས་གྲུབ་ཆུང་ལ་བར་ཆད་ཆེ་བ་དང༌། ། ཡིད་གཉིས་ཟ་བཞིན་མ་བཏོན་དེ་བཏོན་ཅི། ། ཆོས་ལ་བལྟས་ན་ལེགས་ལེགས་འདོན་སྤྲོ་འདྲ། ། དད་བཞིན་ནན་ཏན་བརྩོན་པ་ཇི་རྒུད་འགྲོ། ། ཉམས་བླང་གསོལ་བཏབ་ལག་རྗེས་འབའ་ཞིག་གིས། ། ཐེ་ཚོམ་བསླད་སྟེ་ཐམས་ཅད་འདྲ་ཕྱིར་སྙམ། ། མདོར་ན་བོན་པོ་འཕེལ་ཀ་རྡོལ་མནན་ལྟར། ། བོན་གཤིས་ཅན་གྱིས་གཏེར་ཆོས་དེ་དང་འདྲ། ། དེ་ལ་ཐེ་ཚོམ་ཟ་བའི་དུས་བྱུང་ན། ། མཐུ་ལྡན་ཡོད་ན་ཡིད་གཉིས་སེལ་བར་རིགས། ། ཞེས་པའང་འཕྲལ་དྲན་མི་ཕམ་པས་སོ། །