གཏམ་པད་མའི་ཚལ་གྱི་ཟློས་གར་

ཡོང་ཁུངས་Wikipedia

《གཏམ་པདྨའི་ཚལ་གྱི་ཟློས་གར》ཞེས་པའི་རབ་རྟོག་གི་སྒྲུང་རྩོམ་འདི་ནི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོ་སྡེ་དགེ་འདན་ཁོག་པདྨ་ཤེལ་གྱི་བྲག་ཕུག་ན་སྐུ་མཚམས་བཞུགས་དུས། འདན་གཟིམ་དཔོན་གྱི་བུ་བཀྲ་ཤིས་དགེ་ལེགས་དང་། འཇུ་ཚང་མགོན་པོ་དར་རྒྱས་ཀྱི་བུ་མོ་ལོ་ཉེར་ལྔ་ལོན་པ་དེ་གཉིས་ཁྱིམ་ཐབ་བཟུང་ནས་ཅུང་མ་འགོར་བའི་སྐབས་དེར། འདན་ཁོག་ལ་སོགས་ཡུལ་སྤྱི་ལ་ནད་ཡམས་སྐེ་སྐྲངས་བྱུང་སྟེ་འཇུ་ཚང་མགོན་པོ་དར་རྒྱས་ཀྱི་བུ་མོ་གཙོ་བྱས་པའི་མི་མང་པོ་ཞིག་འཆི་འདས་བྱུང་བས། གཟིམ་དཔོན་གྱི་བུས་རང་གི་ཆུང་མའི་འདས་རྐྱེན་ལ་བརྟེན་ནས་དཔལ་སྤྲུལ་རིན་པོ་ཆེའི་མདུན་དུ་རབ་ཏུ་བྱུང་བ་ཡིན། དེ་གཞིར་བཟུང་ནས་རྩོམ་པ་པོས་གཟིམ་དཔོན་གྱི་བུ་ཁྱོ་ཤུག་གཉིས་གསེར་སྦྲང་དང་གཡུ་སྦྲང་ཁྱོ་ཤུག་གཉིས་ལ་རྟོག་བཟོ་བྱས་ཏེ་མི་ཚེའི་མྱོང་བརྒྱུད་སོགས་ཇི་བཞིན་བྲིས་ཡོད་དེ། ཐོག་མར་མི་རྟག་འཁོར་བའི་ཆོས་ལ་ཡིད་མུག དེ་ནས་དྲང་སྲོང་དོན་ཀུན་གྲུབ་པའི་དྲུང་དུ་ཕྱིན་ནས་གུས་པའི་ཕྱག་གིས་བཏུད། སྦྲང་རྩིའི་རོ་མངར་གྱི་མཆོད། སྙན་པའི་གཏམ་གྱིས་མདུན་བསུས་ནས་དམ་པའི་ཆོས་ཤིག་གསུང་བར་གསོལ་བ་བཏབ། དྲང་སྲོང་གིས་དགྱེས་པའི་མདངས་ཕྱུང་། སྐུ་ཡི་ཟིལ་བསྐྱེད། གསུང་གི་དཔངས་བསྟོད་ནས“ཕྱི་སྣོད་སྣོད་ཀྱི་འབྱུང་བའི་ཁམས་མི་རྟག །ནང་བཅུད་སྐྱེ་འགྲོ་སེམས་ཅན་ཚེ་མི་རྟག”ཅེས་མི་རྟག་པའི་རང་བཞིན་དང་། “འཆི་བའི་རྐྱེན་མང་འཚོ་རྐྱེན་ཉུང་བ་ཞིག”ཅེས་འཆི་རྐྱེན་མང་ལ་གསོན་རྐྱེན་ཉུང་བའི་ཚུལ། གཞན་ད་དུང་འཁོར་བ་རུ་བདེ་བ་མེད་ཚུལ་དང་། དེ་ལས་ངེས་པར་ཐར་དགོས་ཚུལ། ཐར་བ་ལ་བསླུ་བ་མེད་པའི་སྐྱབས་ནི་དཀོན་མཆོག་གསུམ་ཡིན་ཚུལ་སོགས་མང་དུ་གསུངས་སོ། ། ཉིན་ཞིག ངག་སྙན་གྱིས་མེ་ཏོག་གི་ཟིལ་མངར་འཐུང་ཞིང་། འདབ་ཡངས་ཀྱིས་ནམ་མཁའ་ལ་འཕུར་ལྡིང་གཡོ་བའི་སྐབས་ཤིག་ལ། ནམ་མཁའ་ནས་སྤྲིན་ནག་འཁྲུགས་ཏེ་ཉི་མའི་འོད་ཟེར་བསྒྲིབས་པས་པད་ཁ་ཟུམ་པ་དང་ངག་སྙན་པད་མའི་སྦུབས་སུ་འཐུམས། འདབ་ཡངས་ཀྱིས་རང་གི་སྙིང་གྲོགས་ངག་སྙན་སྐྱོབ་ཆེད་དུད་འགྲོའི་གནས་སུ་ཕྱིན་ཏེ། མཆིལ་བའི་ཚོགས་དཔོན་དང་། སྦལ་བ། སྦྲུལ། ཁུ་བྱུག སྡོམ་ནག་སོགས་ལ་སྐྱབས་བཅོལ་སྐབས་སེར་བ་བབས་ནས་མེ་ཏོག་རྣམས་ཤ་འོད་ཆུ་ལོག་གིས་མནན་ཏེ་ངག་སྙན་འཆི་ལམ་དུ་བརྫངས། དེ་ནས་འདབ་ཡངས་ཀྱིས་ཚེ་མི་རྟག་པ་དང་འཁོར་བའི་ཉེས་དམིགས་ཚོར་ཏེ་ཡིད་ཤིན་ཏུ་སྐྱོ་ཞིང་། བྲམ་ཟེའི་ཁྱེའུ་པདྨ་དགྱེས་པའི་མདུན་སར་བཅར་ཏེ་ཆོས་ཞུས། པདྨ་དགྱེས་པའི་རྗེས་སུ་བཟུང་ནས་མི་ཚེ་མི་རྟག་པའི་ཚུལ་དང་། འཁོར་བ་ན་བདེ་བ་མེད་པ། ཆོས་དང་ཆོས་མིན་གྱི་དབྱེ་བ་སོགས་གསལ་བོར་གསུངས་པ་དང་། འདབ་ཡངས་རང་ཉིད་ཀྱིས་ཀྱང་བསླབ་བྱ་སྙིང་གི་ཐུར་མ་བདེན་པར་བཟུང་སྟེ་རྩ་བའི་བླ་མ་དང་མཉམ་དུ་ཡང་དག་པའི་དམ་པའི་ལྷ་ཆོས་ལ་ཞུགས་ཏེ་སྡུག་སྤོང་དགེ་སྒྲུབ་ལ་འབད་པ་བྱས།

རྩོམ་པ་པོའི་ལོ་རྒྱུས།[རྩོམ་སྒྲིག]

རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ(1808-1887)ནི་ཁམས་ཁམས་སྡེ་དགེའི་ཡུལ་གྱི་བྱེ་བྲག་རྫ་ཆུ་ཁར་སྐུ་འཁྲུངས། ཁོང་སྐུ་གཞོན་ནུའི་དུས་ནས་གྲུབ་བརྒྱའི་གཙུག་རྒྱན་རིག་འཛིན་བྱང་ཆུབ་རྡོ་རྗེའི་དྲུང་དུ་རབ་ཏུ་བྱུང་། མཚན་ལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་གསོལ། རིས་སུ་མེད་པའི་དགེ་བའི་བཤེས་གཉེན་རྡོ་བླ་འཇིགས་མེད་སྐལ་བཟང་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། ཞེ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་དང་འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་མང་དུ་བསྟེན་ནས་རིག་པའི་གནས་ཆེ་ཆུང་ཀུན་ལ་མཁྱེན་པའི་ཀློང་བརྡོལ་ཅིང་། གངས་ཅན་མཁས་དབང་ཀུན་གྱི་གཙུག་རྒྱན་དུ་གྱུར། བླ་མ་གོང་མ་རྫ་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་རྟོགས་པ་རྒྱུད་ལ་འཕོས་པས་ཉམས་རྟོགས་ཁྱད་པར་ཅན་ཐུགས་ལ་འཁྲུངས་ཏེ། སྙིགས་དུས་ཀྱི་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོར་གྱུར། དེ་ལྟ་བུའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་འདིས་ཆེར་རློམ་དང་ཁེངས་དྲེགས་གཏན་ནས་མེད་པར་ཕྱི་ཚུལ་ལ་ཕལ་པར་མཛད་ལ་ཐུགས་དགྱེས་པས། གསུང་རྩོམ་མང་ཆེ་བར་རང་ཉིད་ཀྱི་མཚན་བཀོད་མེད་ལ། གསུང་རྩོམ་འགའ་ཞིག་གི་མཇུག་བྱང་དུ་མཚན་བཀོད་པ་རྣམས་ཀྱང་དཔེར་ན། ཁྱི་རྒན་དཔལ་དགེ་ཞེས་པ་སོགས་རང་ཉིད་དམན་སར་འཛིན་པའི་མཚན་ཁོ་ན་བཀོད་འདུག ཁོང་གིས་མཛད་པའི་བརྩམས་ཆོས་རྣམས་ལ་བརྡ་རྙིང་དང་མངོན་བརྗོད་མང་པོ་སྤུངས་མེད་ཅིང་། ཚིག་ལ་སྙན་འཇེབས་དང་ལྷོད་ཤ་ཆེ་བ། བལྟས་པ་ཙམ་གྱིས་དོན་གསལ་བར་གོ་ནུས་པ། ངོ་བསྟོད་དང་ཟོལ་ཟོག་གི་ཚིག་གཏན་ནས་མེད་པ། ཚིག་ཉུང་ཞིང་དོན་འདུས་པ་ལ་སོགས་པའི་ཁྱད་ཆོས་ལྡན་པ་དང་། དཀོར་རྫས་ལ་རྔམ་ཞིང་ལུང་རྟོགས་ཀྱི་ཡོན་ཏན་ཅི་ཡང་མེད་པའི་བླ་རྫུན་ཆེན་པོར་རློམ་པ་དག་ལ་ཟུར་ཟ་བྱས་པའི་ཚིག་དག་ནི་རྣོ་ཞིང་གནད་ལ་ཕིགས་པ་ཞིག་རེད། ཁོང་གིས་མ་རབས་ཀྱི་སྤྱོད་ངན་ལ་རྒོལ་ཞིང་། ཡ་རབས་ཀྱི་སྤྱོད་པ་ལ་བསྟོད་པ་བརྒྱུད་ནས། གཡོ་སྒྱུ་སྤངས་ཏེ་དྲང་བོ་བྱ་རྒྱུ་ནི་མི་ཆོས་ཀྱི་མཆོག་ཡིན་པར་བསྟན། ཁོང་ནི་ནང་ཉམས་རྟོགས་ཀྱི་དྲོད་ཚད་ཤིན་ཏུ་མཐོན་པོར་བསླེབས་ཀྱང་། ཕྱི་ཚུལ་དུ་རང་གི་ཡོན་ཏན་ལ་མངོན་རློམ་ཅུང་ཟད་ཀྱང་མེད་པར་སྦས་ཤིང་། རང་ཉིད་དམན་པའི་འདུ་ཤེས་ཀྱིས་དམན་ས་ཁོ་ན་འཛིན་པས་གཟུ་བོར་གནས་པའི་མཁས་པ་ཀུན་གྱིས་བསྔགས་བརྗོད་མཛད། ཁོང་གིས་ཀཿཐོག་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས་དང་། རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་རྡོར། རྒྱ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། འཇུ་མི་ཕམ་རྣམ་རྒྱལ། ཨ་ལགས་མདོ་སྔགས་རྒྱ་མཚོ་སོགས་རྙིང་མའི་མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་དང་། སེར་ཤུལ་ལྷ་རམས་པ་ཐུབ་བསྟན། དཔལ་སྤུངས་བླ་མ་བཀྲ་ཤིས་འོད་ཟེར་སོགས་ས་དགེ་བཀའ་བརྒྱུད་ཀྱི་བླ་མ་དེ་དག་གིས་གཙོས་པའི་སློབ་མ་བགྲང་ལས་འདས་པ་བསྐྱངས། ཁོང་ལ་གསུང་རྩོམ་པོ་ཏི་དྲུག་ཡོད་ཅིང་། དེ་དག་ལས《ཀུན་བཟང་བླ་མའི་ཞལ་ལུང》དང《གཏམ་པདྨའི་ཚལ་གྱི་ཟློས་གར》།《སྙན་ངག་གི་དཔེར་བརྗོད》།《སྡེབ་སྦྱོར་གྱི་སྡོམ་ཚིག》།《ཆང་གི་ཉེས་དམིགས》།《མགུར་མ་སྣ་ཚོགས》སོགས་ནི་གྲགས་ཆེ།

ནང་དོན་མདོར་བསྡུས[རྩོམ་སྒྲིག]

《གཏམ་པདྨའི་ཚལ་གྱི་ཟློས་གར》ཞེས་པའི་རབ་རྟོག་གི་སྒྲུང་རྩོམ་འདི་ནི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོ་སྡེ་དགེ་འདན་ཁོག་པདྨ་ཤེལ་གྱི་བྲག་ཕུག་ན་སྐུ་མཚམས་བཞུགས་དུས། འདན་གཟིམ་དཔོན་གྱི་བུ་བཀྲ་ཤིས་དགེ་ལེགས་དང་། འཇུ་ཚང་མགོན་པོ་དར་རྒྱས་ཀྱི་བུ་མོ་ལོ་ཉེར་ལྔ་ལོན་པ་དེ་གཉིས་ཁྱིམ་ཐབ་བཟུང་ནས་ཅུང་མ་འགོར་བའི་སྐབས་དེར། འདན་ཁོག་ལ་སོགས་ཡུལ་སྤྱི་ལ་ནད་ཡམས་སྐེ་སྐྲངས་བྱུང་སྟེ་འཇུ་ཚང་མགོན་པོ་དར་རྒྱས་ཀྱི་བུ་མོ་གཙོ་བྱས་པའི་མི་མང་པོ་ཞིག་འཆི་འདས་བྱུང་བས། གཟིམ་དཔོན་གྱི་བུས་རང་གི་ཆུང་མའི་འདས་རྐྱེན་ལ་བརྟེན་ནས་དཔལ་སྤྲུལ་རིན་པོ་ཆེའི་མདུན་དུ་རབ་ཏུ་བྱུང་བ་ཡིན། དེ་གཞིར་བཟུང་ནས་རྩོམ་པ་པོས་གཟིམ་དཔོན་གྱི་བུ་ཁྱོ་ཤུག་གཉིས་གསེར་སྦྲང་དང་གཡུ་སྦྲང་ཁྱོ་ཤུག་གཉིས་ལ་རྟོག་བཟོ་བྱས་ཏེ་མི་ཚེའི་མྱོང་བརྒྱུད་སོགས་ཇི་བཞིན་བྲིས་ཡོད་དེ། ཐོག་མར་མི་རྟག་འཁོར་བའི་ཆོས་ལ་ཡིད་མུག དེ་ནས་དྲང་སྲོང་དོན་ཀུན་གྲུབ་པའི་དྲུང་དུ་ཕྱིན་ནས་གུས་པའི་ཕྱག་གིས་བཏུད། སྦྲང་རྩིའི་རོ་མངར་གྱི་མཆོད། སྙན་པའི་གཏམ་གྱིས་མདུན་བསུས་ནས་དམ་པའི་ཆོས་ཤིག་གསུང་བར་གསོལ་བ་བཏབ། དྲང་སྲོང་གིས་དགྱེས་པའི་མདངས་ཕྱུང་། སྐུ་ཡི་ཟིལ་བསྐྱེད། གསུང་གི་དཔངས་བསྟོད་ནས“ཕྱི་སྣོད་སྣོད་ཀྱི་འབྱུང་བའི་ཁམས་མི་རྟག །ནང་བཅུད་སྐྱེ་འགྲོ་སེམས་ཅན་ཚེ་མི་རྟག”ཅེས་མི་རྟག་པའི་རང་བཞིན་དང་། “འཆི་བའི་རྐྱེན་མང་འཚོ་རྐྱེན་ཉུང་བ་ཞིག”ཅེས་འཆི་རྐྱེན་མང་ལ་གསོན་རྐྱེན་ཉུང་བའི་ཚུལ། གཞན་ད་དུང་འཁོར་བ་རུ་བདེ་བ་མེད་ཚུལ་དང་། དེ་ལས་ངེས་པར་ཐར་དགོས་ཚུལ། ཐར་བ་ལ་བསླུ་བ་མེད་པའི་སྐྱབས་ནི་དཀོན་མཆོག་གསུམ་ཡིན་ཚུལ་སོགས་མང་དུ་གསུངས་སོ། ། ཉིན་ཞིག ངག་སྙན་གྱིས་མེ་ཏོག་གི་ཟིལ་མངར་འཐུང་ཞིང་། འདབ་ཡངས་ཀྱིས་ནམ་མཁའ་ལ་འཕུར་ལྡིང་གཡོ་བའི་སྐབས་ཤིག་ལ། ནམ་མཁའ་ནས་སྤྲིན་ནག་འཁྲུགས་ཏེ་ཉི་མའི་འོད་ཟེར་བསྒྲིབས་པས་པད་ཁ་ཟུམ་པ་དང་ངག་སྙན་པད་མའི་སྦུབས་སུ་འཐུམས། འདབ་ཡངས་ཀྱིས་རང་གི་སྙིང་གྲོགས་ངག་སྙན་སྐྱོབ་ཆེད་དུད་འགྲོའི་གནས་སུ་ཕྱིན་ཏེ། མཆིལ་བའི་ཚོགས་དཔོན་དང་། སྦལ་བ། སྦྲུལ། ཁུ་བྱུག སྡོམ་ནག་སོགས་ལ་སྐྱབས་བཅོལ་སྐབས་སེར་བ་བབས་ནས་མེ་ཏོག་རྣམས་ཤ་འོད་ཆུ་ལོག་གིས་མནན་ཏེ་ངག་སྙན་འཆི་ལམ་དུ་བརྫངས། དེ་ནས་འདབ་ཡངས་ཀྱིས་ཚེ་མི་རྟག་པ་དང་འཁོར་བའི་ཉེས་དམིགས་ཚོར་ཏེ་ཡིད་ཤིན་ཏུ་སྐྱོ་ཞིང་། བྲམ་ཟེའི་ཁྱེའུ་པདྨ་དགྱེས་པའི་མདུན་སར་བཅར་ཏེ་ཆོས་ཞུས། པདྨ་དགྱེས་པའི་རྗེས་སུ་བཟུང་ནས་མི་ཚེ་མི་རྟག་པའི་ཚུལ་དང་། འཁོར་བ་ན་བདེ་བ་མེད་པ། ཆོས་དང་ཆོས་མིན་གྱི་དབྱེ་བ་སོགས་གསལ་བོར་གསུངས་པ་དང་། འདབ་ཡངས་རང་ཉིད་ཀྱིས་ཀྱང་བསླབ་བྱ་སྙིང་གི་ཐུར་མ་བདེན་པར་བཟུང་སྟེ་རྩ་བའི་བླ་མ་དང་མཉམ་དུ་ཡང་དག་པའི་དམ་པའི་ལྷ་ཆོས་ལ་ཞུགས་ཏེ་སྡུག་སྤོང་དགེ་སྒྲུབ་ལ་འབད་པ་བྱས།

བརྩམས་ཆོས་དབྱེ་ཞིབ།[རྩོམ་སྒྲིག]

བརྩམས་ཆོས་འདིའི་བསྟན་བྱ་ནི་ངག་སྙན་གྱི་བདེ་སྡུག་བརྗོད་པ་བརྒྱུད་ནས་རང་བྱུང་ཁམས་ཀྱི་གནོད་འཚེའི་མདུན་དུ་མིའི་སྟོབས་ཤུགས་ནི་ཧ་ཅང་ཉམ་ཆུང་བ་ཞིག་ཡིན་པར་བསྟན་པ་དེ་རེད། དེ་བས་བརྩམས་ཆོས་འདིར་འཆི་རྐྱེན་མང་ལ་གསོན་རྐྱེན་ཉུང་བ། ཚེ་མི་རྟག་པ་དང་། འཁོར་བ་ན་བདེ་བ་མེད་པ། འཁོར་བ་ལས་ཐར་འདོད་ན་ངེས་པར་ཆོས་ཉམས་སུ་ལེན་དགོས་པ། ཆོས་ཉམས་སུ་མ་བླངས་ན་འཁོར་བ་རུ་ཡུན་ནས་འཁྱམས་ཏེ་སྡུག་བསྔལ་སྣ་ཚོགས་ཤིག་མྱང་དགོས་པ་སོགས་དྲིལ་སྒྲོག་བྱས་ཡོད། བརྩམས་ཆོས་འདིར་ཚིག་འབྲུ་མང་པོ་བཀོལ་ནས་ཐད་ཀར་ཆོས་ལུགས་ཀྱི་ལྟ་བ་དེ་རིགས་དྲིལ་སྒྲོག་བྱས་ཡོད་པ་ནི། དཔེར་ན་དྲང་སྲོང་དོན་ཀུན་གྲུབ་པས་ཆོས་ཞུ་རུ་འོངས་པའི་འདབ་ཡངས་དང་ངག་སྙན་གཉིས་ལ། “ཨེ་མ་འཁྲུལ་སྣང་འཁོར་བའི་འཇིག་རྟེན་པ། །

འདུས་བྱས་སྙིང་པོ་མེད་ལ་རྟག་པར་འཛིན། །

ཕྱི་སྣོད་སྣོད་ཀྱི་འབྱུང་བའི་ཁམས་མི་རྟག །

ནང་བཅུད་སྐྱེ་འགྲོ་སེམས་ཅན་ཚེ་མི་རྟག །

བར་དུ་དུས་བཞི་ནམ་ཟླའི་དཔལ་མི་རྟག །

རྒྱལ་དང་དེ་སྲས་དམ་པའི་སྐྱེས་བུ་ཡང་། །

མི་རྟག་མྱ་ངན་འདའ་ཚུལ་སྟོན་ལ་གཟིགས། །

སྲིད་ན་ཆེ་བའི་ཚངས་དབང་སྐྱེ་རྒུའི་བདག །

འཆི་བདག་ཞགས་པས་འདེབས་པ་ལྟ་ཅི་སྨོས། །

འཆི་བདག་ནམ་འོང་མེད་དོ་འགྲོ་བ་ཀུན། །

སུ་ལའང་ནམ་འཆི་འདིར་འཆིའི་ངོས་བཟུང་མེད། །

འཆི་བའི་རྐྱེན་མང་འཚོ་རྐྱེན་ཉུང་བ་ཞིག །

དེས་ན་མྱུར་དུ་ཆོས་ལམ་མ་གཉེར་ན། །

འཆི་ངེས་བཤས་རར་ཚུད་པའི་དུད་འགྲོ་བཞིན། །

ཨེ་མ་ཤི་ནས་མེད་དུ་མི་འགྲོ་སྟེ། །

འགྲོ་ཞིང་འཁོར་བའི་གནས་འདིར་སྐྱེ་བ་ལེན། །

……”① ཞེས་གསུངས་པ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་མྱ་ངན་ལས་འདའ་ཚུལ་སྟོན་པ་དང་། སྲིད་ན་ཆེ་བའི་ཚངས་པ་ལ་སོགས་པ་ཡང་འཆི་བ་ལས་ཐར་མི་ཐུབ་པའི་ཚུལ་བསྟན་ཏེ། སྐྱེ་བོ་ཕལ་བ་རྣམས་ནི་ལྷག་པར་འཆི་རྐྱེན་མང་ཞིང་འཚོ་རྐྱེན་ཉུང་བས། དུས་ཚོད་དམ་འཛིན་བྱས་ཏེ་སངས་རྒྱས་ཀྱི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་ནི་འཁྲུལ་མེད་ཡང་དག་གི་ལམ་གཅིག་པུ་ཡིན་པ་གསལ་བར་བསྟན། རྩོམ་པ་པོས་གནས་ལུགས་དེ་ཡང་དག་ཡིན་པ་སྟོན་པའི་ཆེད་དུ་བརྩམས་ཆོས་ཀྱི་ནང་དུ་ངག་སྙན་འཆི་རུ་བཅུག་པ་དང་། འདབ་ཡངས་དབང་མེད་དུ་བྲམ་ཟེའི་ཁྱེའུ་པད་མ་དགྱེས་པའི་མདུན་དུ་ཆོས་ཞུ་རུ་བཏང་བ་ཡིན་ནོ། །


བསམ་བློའི་རང་བཞིན།[རྩོམ་སྒྲིག]

རབ་རྟོག་སྒྲུང་རྩོམ་འདིར་འདན་གཟིམ་དཔོན་བུ་བཀྲ་ཤིས་དགེ་ལེགས་དང་དེའི་ཆུང་མ་འཇུ་ཚང་མགོན་པོ་དར་རྒྱས་ཀྱི་བུ་མོ་གཉིས་ཀྱི་འདུ་བྲལ་གཏམ་རྒྱུད་རྟོག་པ་འཆར་ཡན་རིང་ལུགས་ཀྱི་ལམ་ནས་གསེར་སྦྲང་དང་གཡུ་སྦྲང་མི་སྣ་མཚོན་པར་བྱས་ཏེ། འདུས་བྱས་སྙིང་བོ་མེད་པ། འཁོར་བའི་སྡུག་བསྔལ་ལས་བདེ་བ་ཏིལ་འབྲུ་ཙམ་ཡང་མེད་པ་དང་། འཆི་རྐྱེན་མང་ལ་གསོན་རྐྱེན་ཉུང་བ། དེ་དག་ལས་ཐར་འདོད་ན་དམ་པའི་ལྷ་ཆོས་དོན་དུ་གཉེར་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྙེག་པར་བརྩོན་དགོས་པ་བསྟན་ལ། ཆོས་སྒོར་ཞུགས་པའི་སྔོན་འགྲོའི་རིམ་པ་དང་། ཆོས་དང་ཆོས་མིན་གྱི་དབྱེ་བ། གཞན་ད་དུང་རྩོམ་པ་པོ་འཚོ་བཞུགས་ཀྱི་དུས་སྐབས་སུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་བཤུ་གཞོག་མཁན་རྣམས་ལ་སུན་འབྱིན་དང་དགག་རྒྱག་ནག་ཉེས་ཐེར་འདོན་བྱས་ཡོད།

སྒྱུ་རྩལ་གྱི་ཁྱད་ཆོས[རྩོམ་སྒྲིག]

སྒྲུང་རྩོམ་འདི་ལས་གནའ་བོའི་ཏུན་ཧོང་ཡིག་རྙིང་གི་ཁྲོད་དུ་ཡོད་པའི་རབ་རྟོག་སྒྲུང་རྩོམ། སྲོལ་རྒྱུན་གྱི་རྩོམ་རྩལ་བཟང་པོ་རྒྱུན་འཛིན་བྱས་ཐོག རྗོད་བྱེད་ཀྱི་ཚིག་རྣམས་ཁ་གསལ་ཞིང་གོ་བདེ་བ་དང་། འདྲིལ་ཆེ་ཞིང་སྣང་བརྙན་གྱིས་ཁེངས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་རྨད་དུ་བྱུང་བ་མང་པོ་མངའ་ལ། གཞན་ཐུབ་པའི་སྐྱེས་རབས་སུ་སྨྲ་ཤེས་ཤིང་དོན་གོ་བའི་མི་རྣམས་ཀྱི་རང་གཤིས་དང་། དགའ་སྐྱོ་ཆགས་སྡང་ལ་སོགས་པའི་ཉམས་འགྱུར་དག་དུད་འགྲོ་སྲོག་ཆགས་གང་རུང་ཞིག་ལ་སྒྲོ་བཏགས་ཏེ་སྐབས་བབ་ཀྱི་བརྗོད་དོན་མཚོན་པར་བྱེད་པ་དེས་མ་མཐའ་ཡང་བོད་ཀྱི་གདོད་མའི་སྲོག་ཆགས་ཀྱི་གཏམ་རྒྱུད་རྩལ་དུ་ཐོན་པ་དང་ནང་དོན་ཕུན་སུམ་ཚོགས་པར་གྱུར་པར་དགེ་མཚན་ལྡན་པའི་ནུས་པ་ཞིག་བསྐྱེད་ཅིང་། བོད་ཀྱི་ད་ལྟའི་རབ་རྟོག་གི་སྒྲུང་རྩོམ་དེ་རྣམས་བོད་ཀྱི་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་གདོད་མའི་སྲོག་ཆགས་ཀྱི་གཏམ་རྒྱུད་དང་ཐུབ་པའི་སྐྱེས་རབས་ཀྱི་ཉིང་འདུས་ཡིན་པ་མཚོན་ཡོད།

གཅིག མི་སྣའི་སྣང་བརྙན་བརྐོ་བཟོའི་ཐད་ཀྱི་ཁྱད་ཆོས།[རྩོམ་སྒྲིག]

མི་སྣའི་སྣང་བརྙན་གསར་བཞེངས་དང་མི་སྣའི་གཤིས་ཀ་བརྐོ་བཟོ་བྱེད་པ་ནི། སྒྲུང་རྩོམ་ཀུན་གྱི་འོས་འགན་ནམ་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་ལ། དེ་ནི་སྒྲུང་རྩོམ་བརྩམས་ཆོས་ཀྱི་བརྗོད་སྙིང་རྡོག་རྡོག་མཚོན་བྱེད་ཀྱི་ཐབས་ལམ་ཉག་ཅིག་ཀྱང་ཡིན། ནང་སྒོས་སུ་རབ་རྟོག་སྒྲུང་རྩོམ་རྣམས་ཀྱི་མི་སྣའི་སྣང་བརྙན་བཞེངས་སྐྲུན་དང་གཤིས་ཀ་བརྐོ་བཟོ་བྱས་པ་བྱེ་བྲག་ཡིན་ཞིང་གསོན་ཉམས་ལྡན་ལ། ཡིད་འཕྲོག་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་ལྡན་པ་ཞིག་རེད། དཔེར་ན། རྩོམ་པ་པོས་བརྩམས་ཆོས་ཀྱི་བསྟན་དོན་ལ་དམིགས་ཏེ་གསེར་སྦྲང་འདབ་ཡངས་དང་གཡུ་སྦྲང་ངག་སྙན་གཉིས་ལ་སྣང་བརྙན་གསོན་ཉམས་དོད་པོ་དང་གཤིས་ཀ་འོས་འཚམ་རེ་འབྲི་བཞེང་བྱས་ཡོད། གསེར་གྱི་སྦྲང་མ་དེ་ནི་ན་ཚོད་གཞོན་པ། ལང་ཚོ་དར་བ། ཤེས་རབ་གསལ་བ། བློ་ཁོག་ཡངས་པ། གསར་འགྲོགས་མེད་པ། རྒྱུད་ལྷོད་པ། གཏོང་ལ་དགའ་བ་དང་། གཡུ་ཡི་སྦྲང་མ་ཡང་གཏོང་ཕོད་ཆེ་བ། ཕན་སེམས་ལྡན་པ། ངང་རྒྱུད་འཇམ་པ། ཆོས་ལ་དཀར་བ། གཡོ་སྒྱུ་མེད་པ། ཕྲག་དོག་དང་མིག་སེར་ཆུང་བ་ལྟ་བུ། རྩོམ་པ་པོས་ཁྱོ་ཤུག་གཉིས་ཀྱི་གསོན་ཉམས་ལྡན་པའི་གཤིས་ཀ་འབྲི་བཞེང་བྱས་ནས་སྦྱིན་གཏོང་ལ་དགའ་བའི་བླ་མེད་ཀྱི་བསམ་བློའམ་གཤིས་ཀ་ལ་བསྔགས་བརྗོད་ཀྱིས་ཡུལ་ཡིན་པ་ཤུགས་སུ་མཚོན་པར་བྱས་ཡོད།

གཉིས། བྱུང་རིམ་གྱི་ཁྱད་ཆོས།[རྩོམ་སྒྲིག]

བྱུང་རིམ་ནི་རབ་རྟོག་སྒྲུང་རྩོམ་གྱི་བརྗོད་བྱའི་གྲུབ་ཆ་གལ་ཆེན་ཞིག་རེད། དེ་ནི་མི་སྣའི་གཤིས་ཀ་ཕྱིར་སྟོན་པ་དང་མི་སྣའི་བར་གྱི་འབྲེལ་བ་རབས་དང་རིམ་པའི་འཚོ་བའི་དོན་རྐྱེན་མཚོན་པའི་གོ་རིམ་ཡིན་པས། མི་སྣའི་གཤིས་ཀ་དེ་བྱུང་རིམ་ལ་བརྟེན་ནས་ཕྱིར་མཚོན་པ་ཞིག་ཡིན། བྱུང་རིམ་ནི་མི་སྣའི་གཤིས་ཀ་མཚོན་པའི་བྱེད་ཐབས་ཀྱང་རེད། དེ་ལ་དབྱིན་ཇིའི་རྩོམ་རིག་སྨྲ་བ་ཧྥུའུ་སི་ཐེ་ལགས་ཀྱིས་ཆེས་གསོན་ཉམས་ལྡན་པའི་སྐད་ཆ་ཞིག་བཤད་ཡོད་དེ“རྒྱལ་པོ་གྲོངས་སོང་། དེའི་རྗེས་སུ། བཙུན་མོ་ཡང་ཚེ་ལས་འདས”ཞེས་པ་ནི་གཏམ་རྒྱུད་ཡིན་ལ། རྒྱལ་པོ་གྲོངས་སོང་། དེའི་རྗེས་བཙུན་མོ་ཡང་མྱ་ངན་གྱིས་གདུང་སྟེ་ཚེ་ལས་འདས་ཞེས་པ་ནི་བྱུང་རིམ་རེད་ཅེས་པས་གསལ་བོར་མཚོན་ཐུབ།

དེ་བས《གཏམ་པདྨའི་ཚལ་གྱི་ཟློས་གར》འདིའི་ནང་དུའང་མི་སྣ་གཙོ་བོ་གསེར་སྦྲང་དང་གཡུ་སྦྲང་ཁྱོ་ཤུག་གཉིས་ཡིད་ཤིན་ཏུ་གཅུགས་པའི་ཚུལ་གྱིས་འཛུམ་པའི་བཞིན་མདངས་དང་བརྩེ་བའི་ངག་མཐུན་པའི་སྨོན་ལམ་གྱིས་འགྲོགས་ནས་དམ་པའི་ལྷ་ཆོས་ལ་འབད་བརྩོན་བྱས། བར་དུ་རེ་ཞིག་གཡུ་སྦྲང་པདྨའི་ཟེའུ་འབྲུའི་བཅུད་ལ་རོལ་སྐབས་ནམ་མཁའ་ལ་སྨག་རུམ་མུན་པ་འཐིབས་ནས་པདྨ་སྦུབས་སུ་བཅུག དེ་ནས་གསེར་སྦྲང་ཐབས་ཟད་འུ་ཐུག་ནས་རིགས་མཐུན་སྲོག་ཆགས་སྦྲུལ་སོགས་སྐྱབས་གྲོགས་སུ་བཅོལ་ནས་འཆི་བདག་ལས་ཐར་བའི་རེ་བ་བཅངས། ཐ་མར་གསེར་སྦྲང་རང་གི་ཚེ་གཅིག་གི་སྐྱ་ཡ་འཇིག་རྟེན་ལས་བྲལ་སྟབས་སྐྱོ་བ་ཆེན་པོའི་སྒོ་ནས་བྲམ་ཟེའི་ཁྱེའུ་པདྨ་དགྱེས་པའི་དྲུང་ནས་དམ་པའི་ལྷ་ཆོས་ཉམས་སུ་བླངས་པ་སོགས་ཕུན་སུམ་ཚོགས་ལ་རྒྱ་ཆེ་བའི་བྱུང་རིམ་བཀོད་སྒྲིག་བརྒྱུད་ནས། རྩོམ་པ་པོའི་སྒྲུང་རྩོམ་འདིའི་བརྗོད་བྱ་དང་རིན་ཐང་ལྡན་པའི་མི་ཚེ་ལྟ་སྟངས་བཅས་མཚོན་པར་བྱས་ཡོད།།

༄༅། །ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་ཞེས་བྱ་བ་བཞུགས་སོ། །[རྩོམ་སྒྲིག]

༄༅། །ཨཱོ་བཛྲ་ཏཱི་ཀྵྣ། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། ། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ ། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། ། འཇམ་དཔལ་ཡེ་ཤེས་སེམས་དཔས་སྐྱོངས། །

གང་གི་ཚེ། ལྷ་གཅིག་ཆུའི་པདྨས་བྱིན་གྱིས་བརླབས་ཤིང་། བརྟུལ་ཞུགས་པདྨ་རྒྱལ་པོའི་ཞབས་ཀྱིས་བཅགས་ལ། ཏཱ་རེ་པདྨོ་ཡོ་གི་ནཱི་དངོས་སུ་བཞུགས་པའི་ཡུལ་ལྗོངས། རྩེ་མཐོར་པདྨའི་རི་བོ་ངོས་ཡངས་ཀྱི་ནགས་ཚལ། ཤེལ་དཀར་པདྨའི་ཕུག་པ་ཟླ་བ་ཚེས་པ་ལྟ་བུའི་གནས་ན། བྱང་ཐང་མེ་ཏོག་སྐྱེད་ཚལ་ནས་འོངས་པའི་བྲམ་ཟེའི་ཁྱེའུ་པདྨ་དགྱེས་པ་ཞེས་བྱ་བ། ཅི་ཡང་ཤེས་པ། གར་ཡང་འགྲོ་བ། གང་དུ་ཡང་གནས་པ། སུ་དང་ཡང་མཐུན་པ་ཞིག་གནས་བཅས་ཏེ། སྐྱོན་མེད་པདྨ་ལྟ་བུ་ཞེས་བྱ་བ་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་ཅིང་། ཆགས་མེད་ཆུའི་པདྨ་ཞེས་བྱ་བའི་བྱང་ཆུབ་ཀྱི་སེམས་ལ་མཉམ་པར་འཇོག་གོ །

དེའི་ཚེ། གནས་དེ་དང་ཧ་ཅང་མི་རིང་བ་ན་པདྨ་སྤུངས་པའི་སྐྱེད་ཚལ་ཞེས་བྱ་བ་ལྗོན་ཤིང་གི་ར་བས་བསྐོར་བའི་སྤང་ལྗོངས་མེ་ལོང་གི་ངོས་ལྟར་མཉམ་པ་ན་པདྨ་རྒྱས་པའི་ཚལ་ཡོད་པ་སྟེ། དེ་ཡང་ཁེངས་པའི་པདྨ་རྣམས་སྡོང་བུ་རིང་བ། རྒྱས་པའི་པདྨ་རྣམས་འདབ་མ་ཡངས་པ། སྨིན་པའི་པདྨ་རྣམས་ཟིལ་མངར་མང་བ། བཀོད་པའི་པདྨ་རྣམས་ལོ་མ་ཆེ་བ། མ་སྨིན་པའི་པདྨ་རྣམས་མྱུ་གུ་བཀྲ་བ། ཟུམ་པའི་པདྨ་རྣམས་ཐལ་མོ་སྦྱོར་བ། གོད་པའི་པདྨ་རྣམས་གེ་སར་བྲལ་བ། ཟག་པའི་པདྨ་རྣམས་རྩི་བཅུད་ཀྱིས་སྟོང་པ། རྙིངས་པའི་པདྨ་རྣམས་འདབ་མ་ལྷུང་བ། དགོད་པའི་པདྨ་རྣམས་གེ་སར་ངོམས་པ། སྦས་པའི་པདྨ་རྣམས་སྦུབས་ན་གནས་པ། ལྷུན་གྱིས་གྲུབ་པའི་པདྨ་རྣམས་ཀྱང་སྐྱེ་བར་རུང་བ་ཞིག་ཡོད་དོ། ། དེ་ན་ཁྱད་པར་དུ་ཡང་ཁེངས་ཤིང་སྨིན་ལ་བཀོད་པའི་པདྨ་གསུམ་ཞིག་ཡོད་དེ། དེ་ལས་གཉིས་ནི་རྒྱས་པའི་པདྨ་ཡང་ཡིན་ལ། དེ་ལས་ཀྱང་གཅིག་ནི་ལྷག་པར་ཡང་ཁེངས་ཤིང་བཀོད་པ་སོགས་ཡིན་ཡང་སུས་ཀྱང་ཉེར་སྤྱད་དུ་མ་གྱུར་པའོ། །

    དེ་ལྟ་བུའི་སྐྱེད་མོས་ཚལ་དེ་ན་བུང་བའི་ཚོགས་དུ་མ་འཕུར་ལྡིང་གཡོ་ཞིང་རྩེ་བ།   ཁྱད་པར་དུ་ཡང་གསེར་གྱི་སྦྲང་ཆུང་པདྨའི་འདབ་ཡངས་ཞེས་བྱ་བ་དང་།  གཡུའི་སྦྲང་ཆུང་པདྨའི་ངག་སྙན་ཞེས་བྱ་བའི་ཁྱོ་ཤུག་གཉིས་ཀྱང་གནས་ཏེ།  གསེར་གྱི་སྦྲང་མ་དེ་ནི་ན་ཚོད་གཞོན་པ།   

ལང་ཚོ་དར་བ། ཤེས་རབ་གསལ་བ། བློ་ཁོག་ཡངས་པ། གསར་འགྲོགས་མེད་པ། རྒྱུ་བ་ལྷོད་པ། གཏོང་ལ་དགའ་བ་ཡིན་ནོ། །གཡུ་སྦྲང་ཡང་གཏོང་ཕོད་ཆེ་བ། ཕན་སེམས་ལྡན་པ། ངང་རྒྱུད་འཇམ་པ། ཆོས་ལ་དཀར་བ། གཡོ་སྒྱུ་མེད་པ། ཕྲག་དོག་དང་མིག་སེར་ཆུང་བ་ཡིན་ནོ། ། དེ་གཉིས་ཕན་ཚུན་ཡིད་ཤིན་ཏུ་བཅུགས་པའི་ཚུལ་གྱིས་འཛུམ་པའི་བཞིན་དང་། བརྩེ་བའི་ངག་དང་། མཐུན་པའི་སྤྱོད་ལམ་གྱིས་འགྲོགས་ཤིང་། ཕན་ཚུན་ཡིད་ཀྱི་ཞེ་འདོད་ཀྱང་གསང་གཏམ་དུ་སྨྲ་བ་ནི་འདི་ལྟར་རོ། །

ཀྱེ་ཀྱེ་ཡིད་འོང་གཞོན་པའི་ལང་ཚོ། ། ཕུན་ཚོགས་བྱེད་པོའི་པིར་གྱིས་བཞེངས་པ། ། ལྷ་ཡུལ་ལྷ་ལ་འགྲན་ཡང་ཕོད་དམ། ། དཔལ་འབྱོར་ལོངས་སྤྱོད་རང་གིས་མ་བསོགས། ། འདི་ན་བཀོད་པ་སྔོན་གྱི་ལས་དབང་། ། མེ་ཏོག་སྟན་འཇམ་ཐགས་སུ་མ་བཏགས། ། རེག་འཇམ་དང་པོ་རང་གི་ཉེར་སྤྱད། ། གེ་སར་ཟིལ་མངར་གཡོ་བསྐོལ་མ་བྱས། ། རོ་བརྒྱའི་བཏུང་བ་འཆི་མེད་བདུད་རྩི། ། བདེ་སྐྱིད་དཔལ་འདི་འབད་པས་མ་ཡིན། ། ཤུགས་ཀྱིས་གྲུབ་པ་སྔོན་བསགས་བསོད་ནམས། ། རང་སེམས་བསམ་བློ་ཆོས་ལ་བཀོལ་ན། ། དལ་འབྱོར་ལུས་ཞེས་བཏགས་ཀྱང་ཆོག་གི ། སྨྲ་ཤེས་དོན་གོ་སྡིག་སྤྱོད་སྒྲུབ་པའི། ། རྐང་གཉིས་གཞན་ལ་ཡིད་སྨོན་མ་དགོས། ། ཀྱེ་ཀྱེ་གསོན་དང་ཡིད་འོང་སྙིང་སྡུག ། འདི་ན་མེ་ཏོག་སྐྱེད་ཚལ་མཛེས་མཛེས། ། ཟིལ་མངར་བདུད་རྩིའི་རོ་བཅུད་མང་མང་། ། སྐད་མཐུན་བུང་བའི་ཁྱུ་ཚོགས་མང་མང་། ། དབྱར་ཟླའི་དཔལ་འདི་ཡུད་ཙམ་ཡུད་ཙམ། ། འཚེ་བའི་རྐྱེན་མང་གློ་བུར་གློ་བུར། ། བདེ་སྡུག་འགྱུར་བ་སྐད་ཅིག་སྐད་ཅིག ། འཆི་བདག་སུན་མ་ཇེ་ཉེ་ཇེ་ཉེ། ། སྐྱིད་འདོད་ང་ལ་ཚེ་འདི་འདས་ན། ། འདི་སྣང་བདེ་ལ་སྙིང་པོ་མི་འདུག ། འཁོར་བའི་བྱ་བ་བྲེལ་ལོའི་རྣམ་གཡེངས། ། འཕྲལ་དང་ཡུན་དུ་འཛད་པ་མི་འདུག ། ཚེ་འདིའི་འདུག་ཆུས་ཡུན་དུ་འབད་ཀྱང་། ། ཚེ་ཚད་རྫོགས་ན་སྙིང་པོ་མི་འདུག ། ཡིད་འོང་སྐྱེད་ཚལ་སྣང་བ་བདེ་ཡང་། ། འབྲལ་དགོས་བྱུང་ན་ཕན་པ་མི་འདུག ། དོན་འདི་དགོངས་ནས་བློ་ཐག་ཆོད་དང་། ། ཡིད་མཐུན་བཟའ་ཚོ་ཆོས་ལམ་དེངས་འགྲོ ། སྐལ་བཟང་ཡིད་མཐུན་ལྷ་ཆོས་བྱེད་འདོད། ། སྙིང་གི་གྲོགས་ཁྱེད་དེ་ལྟར་ཨེ་དགོངས། ། ཞེས་ཟེར་བས།

གཅིག་ཤོས་ཀྱིས་ཀྱང་ན་རེ། ། ལེགས་སོ་ལེགས་སོ་སྙིང་སྡུག་ཁྱོད་བདེན། ། བདེན་ནོ་བདེན་ནོ་ཡིད་འཛིན་སྙིང་གཏམ། ། སྙིང་གཏམ་སྙིང་གི་བཅུད་དུ་བཏབ་པ། ། སྙིང་ལ་འཆི་མེད་བདུད་རྩི་དེ་ལགས། ། ལྷ་ཡུལ་ལྗོངས་ནས་འདི་རུ་མ་བོས། ། མི་ཡུལ་ཡིད་འོང་མེ་ཏོག་སྐྱེད་ཚལ། ། སྐལ་བཟང་ཡིད་མཐུན་བུང་བའི་ལོངས་སྤྱོད། ། རབ་དགའ་སྦྱིན་པ་སྔོན་གྱི་ལས་དབང་། ། མཛེས་ཀྱང་མི་རྟག་འཁོར་བའི་མཚན་ཉིད། ། འབྱོར་ཀྱང་མི་རྟག་སྒྱུ་མའི་ལོངས་སྤྱོད། ། སྤྱད་ཀྱང་མི་ངོམས་འདོད་ཡོན་བསླུ་བྲིད། ། སྙིང་པོ་མེད་པ་འཁོར་བའི་གནས་ལགས། ། ཁྱེད་ཀྱང་སེམས་ལ་གོ་ཆ་གྱོན་དང་། ། ངས་ཀྱང་སྙིང་ལ་རི་མོ་བྲིི་ཡིས། ། ཐག་ཆོད་གྲོས་ལ་འགྱུར་བ་ཅི་ཡོད། ། སྐལ་བཟང་ཡིད་མཐུན་ཆོས་ལམ་སྙོགས་འགྲོ། བསགས་པའི་ནོར་ལ་སྙིང་པོ་མི་འདུག ། འབད་པས་བཙལ་ཀྱང་གཞན་གྱི་ལོངས་སྤྱོད། ། བསྐྱངས་པའི་འཁོར་ལ་སྙིང་པོ་མི་འདུག ། བརྩེ་བས་བསྐྱངས་ཀྱང་དགྲ་ཡི་གཡབ་མོ། ། བརྩེགས་པའི་མཁར་ལ་སྙིང་པོ་མི་འདུག ། ཕན་པར་སེམས་ཀྱང་སྲོག་གཅོད་རྦབ་རྒོད། ། རྨོས་པའི་ཞིང་ལ་སྙིང་པོ་མི་འདུག ། བཟང་པོར་བརྩི་ཡང་འབུ་སྲིན་བཤན་ཁང་། ། འོན་ཏེ་ངང་བསྲིང་དལ་གྱིས་དགོས་ཀྱི། ། ཙབ་ཙོབ་བྱ་བས་མཐའ་གཞུག་མི་འཁྱོངས། ། སྙིང་གི་དམ་བཅའ་སྙིང་ལ་བྲིས་ན། ། རང་སེམས་རང་དབང་ཆེ་བ་ལགས་མོད། ། ཅེས་ཟེར་རོ། །

དེའི་ཚེ། ལྗོངས་ཀྱི་དྲང་སྲོང་དོན་ཀུན་གྲུབ་པ་ཞེས་བྱ་བ། བརྩེ་བའི་ཐུགས་དང་ལྡན་པ། ཞི་བའི་སྤྱོད་ལམ་དང་ལྡན་པ། འགྲོ་དོན་ལ་ལྷག་པར་དགྱེས་པ་ཞིག་ཡོད་པ་དེ་ཡང་ཕྱོགས་དེར་ཕེབས་པའི་དྲུང་དུ་བུང་བ་གཉིས་ཕྱིན་ནས་གུས་པའི་ཕྱག་གིས་བཏུད། སྦྲང་རྩིའི་རོ་མངར་གྱིས་མཆོད། སྙན་པའི་གཏམ་གྱིས་མདུན་བསུས་ནས་གསོལ་བ་བཏབ་པ། ཀྱེ་ཀྱེ་ལྷའི་དྲང་སྲོང་ཆེན་པོ། ཁྱེད་ནི་སྟོན་པའི་རྒྱལ་ཚབ་ལགས་པས། སྟོན་པའི་བཀའ་དང་འདྲ་བའི་ཆོས་ཤིག་གསུང་དུ་གསོལ། འཕགས་པའི་དགེ་འདུན་ལགས་པས། རྒྱལ་བའི་སྲས་ཀྱི་སྤྱོད་ཡུལ་ཞིག་བསྟན་དུ་གསོལ། བདག་ཀྱང་དམ་པ་ཁྱེད་ཀྱི་རྗེས་སུ་སློབ་བར་འཚལ་ལོ། །ཞེས་གསོལ་བ་བཏབ་པས། དྲང་སྲོང་ཆེན་པོ་དེས་ཀྱང་དགྱེས་པའི་མདངས་ཕྱུང་། སྐུ་ཡི་ཟིལ་བསྐྱེད། གསུང་གི་དཔངས་བསྟོད་ནས་ཆོས་གསུངས་པ།

ན་མོ་ཨྰ་དམ་པ། ། མི་མཆོག་སྐྱོབ་པ་ལྷ་ཡི་ལྷར་གྱུར་པ། ། མཚུངས་མེད་འདྲེན་པ་ཁ་ལོ་སྒྱུར་བ་པོ། ། ཤྰཀྱའི་སྐྱེས་མཆོག་དེ་ལ་ཕྱག་འཚལ་ལོ། ། འགྲོ་དྲུག་བློ་སྣ་ཆོས་ལ་བསྒྱུར་དུ་གསོལ། ། སྔོན་ནས་ལས་ཀྱིས་སྦྲེལ་བའི་སྦྲང་ཆུང་གཉིས། ། སྙིང་ནས་ཆོས་ལམ་གཉེར་ན་དོན་འདིར་དགོངས། ། རྒྱལ་བའི་བཀའ་ལུང་ལགས་ཀྱིས་དགོངས་པ་དཔྱོད། ། ཆོས་ཀྱི་ཉིང་ཁུ་ལགས་ཀྱིས་ཡིད་ལ་ཆོངས། ། ཨེ་མ་རིགས་དྲུག་འཁོར་བའི་སེམས་ཅན་རྣམས། ། སྔོན་ནས་འཁོར་བའི་གནས་འདིར་འཁྱམས་ཡུན་རིང་། ། ཕྱིས་ཀྱང་ལས་ཉོན་འཁྲུལ་སྣང་ཟད་པ་མེད། ། བསྐལ་པ་བྱེ་བ་གྲངས་ཀྱིས་མི་ཆོད་པར། ། དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་དཀའ་ན། ། ཐུབ་པའི་བསྟན་དང་མཇལ་བ་ཉིན་སྐར་ཙམ། །

ད་རེས་རྣམ་འདྲེན་བཞི་པ་ཟས་གཙང་སྲས། ། འདྲེན་མཆོག་ཐུབ་པའི་དབང་པོ་འཇིག་རྟེན་བྱོན། ། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། ། ལྔ་བརྒྱ་ཕྲག་བཅུའི་བསྟན་པའི་ཚད་མ་རྫོགས། ། རང་ཉིད་ཆོས་ལམ་གཉེར་བའི་འདུན་མ་ཡོད། ། མཐུན་རྐྱེན་དགེ་བའི་བཤེས་ཀྱིས་ཟིན་དུས་འདིར། ། སྙིང་ནས་ཆོས་ལམ་དོན་དུ་མ་གཉེར་ན། ། ཕྱིས་ནས་འདི་འདྲའི་ཡུལ་དུ་མི་སྐྱེ་ཞིང་། ། དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་པར་དཀའ། ། ཨེ་མ་འཁྲུལ་སྣང་འཁོར་བའི་འཇིག་རྟེན་པ། ། འདུས་བྱས་སྙིང་པོ་མེད་ལ་རྟག་པར་འཛིན། ། ཕྱི་སྣོད་སྣོད་ཀྱི་འབྱུང་བའི་ཁམས་མི་རྟག ། ནང་བཅུད་སྐྱེ་འགྲོ་སེམས་ཅན་ཚེ་མི་རྟག ། བར་དུ་དུས་བཞི་ནམ་ཟླའི་དཔལ་མི་རྟག ། རྒྱལ་དང་དེ་སྲས་དམ་པའི་སྐྱེས་བུ་ཡང་། ། མི་རྟག་མྱ་ངན་འདའ་ཚུལ་སྟོན་ལ་གཟིགས། ། སྲིད་ན་ཆེ་བའི་ཚངས་དབང་སྐྱེ་རྒུའི་བདག ། འཆི་བདག་ཞགས་པས་འདེབས་པ་ལྟ་ཅི་སྨོས། ། འཆི་བདག་ནམ་འོང་མེད་དོ་འགྲོ་བ་ཀུན། ། སུ་ལའང་ནམ་འཆི་འདིར་འཆིའི་ངེས་བཟུང་མེད། ། འཆི་བའི་རྐྱེན་མང་འཚོ་རྐྱེན་ཉུང་བ་ཞིག ། དེས་ན་མྱུར་དུ་ཆོས་ལམ་མ་གཉེར་ན། ། འཆི་ངེས་བཤས་རར་ཚུད་པའི་དུད་འགྲོ་བཞིན། ། ཨེ་མ་ཤི་ནས་མེད་དུ་མི་འགྲོ་སྟེ། ། འགྲོ་ཞིང་འཁོར་བའི་གནས་འདིར་སྐྱེ་བ་ལེན། ། གང་དུ་སྐྱེས་ཀྱང་བདེ་བའི་སྐབས་མེད་དེ། ། དམྱལ་ཁམས་བཅོ་བརྒྱད་ཚ་གྲང་དུ་ཁས་གདུང་། །

ཡི་དྭགས་བཀྲེས་སྐོམ་དུད་འགྲོ་ཕན་ཚུན་ཟ། ། མི་རྣམས་ཚེ་ཐུང་ལྷ་མིན་འཐབ་ཅིང་རྩོད། ། ལྷ་རྣམས་བག་མེད་གཡེངས་ཤིང་འཆི་ཕོང་ལྟུང་། ། གར་ཡང་བདེ་བ་མེད་དེ་མེ་ཡི་འོབས། ། སྐྱེ་དང་ཚེ་རབས་སྡུག་བསྔལ་བརྒྱུད་མར་འཁོར། ། འཁོར་བའི་ཆོསལ་སྐྱོ་བ་སྐྱེ་བར་རིགས། ། ཨེ་མ་བདེ་དང་སྡུག་བསྔལ་ལས་ཀྱིས་བྱེད། ། ལས་ནི་ཀུན་བྱེད་རི་མོ་མཁན་དང་འདྲ། ། ལས་སྨིན་བསྐལ་བ་བརྒྱར་ཡང་ཆུད་མི་ཟ། ། རང་བྱས་གཞན་གྱིས་མི་མྱོང་འགྱུར་བ་མེད། ། དགེ་བས་བདེ་འགྲོ་མཐོ་རིས་ཐར་པ་དང་། ། སྡིག་པས་སྡུག་བསྔལ་ངན་སོང་འཁོར་བ་སྒྲུབ། ། རྒྱུ་ཆུང་ན་ཡང་འབྲས་བུ་མང་དུ་སྨིན། ། མཐོ་རིས་ལྷ་ཡི་བདེ་སྐྱིད་དཔལ་འབྱོར་དང་། ། ངན་སོང་དམྱལ་བའི་སྡུག་བསྔལ་བཟོད་དཀའ་ཡང་། ། རང་བྱས་ལས་ཀྱིས་བསྐྱེད་དེ་རྒྱུ་གཞན་མེད། ། དེས་ན་དུས་དང་གནས་སྐབས་ཐམས་ཅད་དུ། ། དྲན་དང་ཤེས་བཞིན་བག་ཡོད་གཞིར་བཞག་སྟེ། ། རྒྱུ་འབྲས་སྤང་བླང་ཚུལ་ལ་ནན་ཏན་མཛོད། ། ཨེ་མ་ཐར་ལམ་འདྲེན་པའི་སྒྲོན་མེ་མཆོག ། ཡོན་ཏན་ཀུན་གྱི་འབྱུང་གནས་དགེ་བའི་བཤེས། ། སྙིགས་དུས་རྒྱལ་བ་དངོས་འདྲའི་མཛད་པ་ཅན། ། ཐུགས་རྗེ་བཀའ་དྲིན་ཚད་མེད་རྒྱལ་ལས་ལྷག ། ཡང་དག་དགེ་བའི་བཤེས་གཉེན་མ་བསྟེན་ན། ། དམུས་ལོང་དམིགས་བུ་མེད་པའི་ལམ་ཞུགས་འདྲ། ། དེ་བས་འདོད་འབྱུང་ནོར་བུ་དཔག་བསམ་ཤིང་།

དང་པོ་དམ་པའི་མགོན་དེ་བརྟག་ཅིང་བསྟེན། ། མཐའ་མར་དགོངས་སྤྱོད་བསླབ་ཅིང་ཐུགས་ཡིད་བསྲེ། ། སྐལ་བཟང་དེ་འདྲ་དུད་ཀྱི་དབང་མི་འགྲོ ། རྒྱལ་བ་དགྱེས་པའི་ལམ་བཟང་རྙེད་པར་འགྱུར། ། ཨེ་མ་མྱ་ངན་འདས་ཞི་བདེ་བའི་གནས། ། འཁོར་བའི་གཅོང་ནད་ཀུན་དང་བྲལ་བའི་ཆོས། ། སྡུག་བསྔལ་རྒྱུ་བཅས་ཟད་པའི་ཡང་དག་མཐའ། ། ཟག་མེད་ལམ་བཅས་ཐར་པ་དམ་པའི་གྲོང་། ། རྒྱལ་དང་རྒྱལ་སྲས་འབྱོར་པས་ཡོངས་གང་ཞིང་། ། ཉན་རང་འཕགས་པའི་སྐྱེ་བོ་བསྟི་བའི་གནས། ། ཐར་པའི་ལམ་དེ་གཉེར་ལ་བརྩོན་པར་རིགས། ། ཨེ་མ་གཏན་དུ་མི་བསླུ་དམ་པའི་སྐྱབས། ། མཚུངས་མེད་དཀོན་མཆོག་རིན་ཆེན་བཀའ་དྲིན་ཅན། ། ངེད་ཀྱང་སྐྱབས་གནས་ཁོང་ལ་བཅོལ་བས་འཚེངས། ། ཁྱེད་ཀྱང་སྐབས་གནས་འདི་ལ་འཚོལ་བར་རིགས། ། སྙིང་ནས་ཡིད་ཆེས་གུས་པས་སྐྱབས་སོང་ན། ། དུས་ཀུན་མི་བསླུ་དཀོན་མཆོག་གསུམ་འདྲ་མེད། ། འཁོར་བའི་སྡུག་བསྔལ་སྐྱོབ་ནུས་དཀོན་མཆོག་གསུམ། ། སྐྱབས་སོང་བསོད་ནམས་ནམ་མཁའི་མཐའ་དང་མཉམ། ། ཚེ་འདིར་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། ། མི་མཐུན་གནོད་པའི་ཚོགས་ཀུན་སེལ་བ་དང་། ། ཕྱི་མ་ངན་སོང་ངན་འགྲོར་འཁོར་བ་ཡི། ། སྡུག་བསྔལ་ཀུན་ལས་ཐར་བར་ངེས་པས་ན། ། དུས་ཀུན་མི་བརྗེད་དཀོན་མཆོག་རྗེས་དྲན་ཞིང་། ། ཡང་ཡང་སྐྱབས་སུ་སོང་ལ་གསོལ་བ་གདབ། །

ཨེ་མ་གྲངས་མེད་རྒྱལ་བ་གཤེགས་པའི་ཤུལ། ། རྒྱལ་སྲས་ཀུན་གྱི་བགྲོད་པ་གཅིག་པུའི་ལམ། ། མཚུངས་མེད་བྱང་ཆུབ་སེམས་མཆོག་དམ་པའི་ནོར། ། སྨོན་དང་འཇུག་པའི་བདག་ཉིད་བསྐྱེད་པར་མཛོད། ། དེས་ནི་རྒྱལ་བའི་སྲས་ཀྱི་མིང་འཐོབ་ཅིང་། ། བདེ་བའི་ལམ་ནས་བདེ་བའི་གནས་སུ་འགྲོ། ། ཡང་དག་རྫོགས་པའི་སངས་རྒྱས་རིང་བ་མིན། ། ཁམས་གསུམ་འགྲོ་འདི་དྲིན་ཅན་ཕ་མ་སྟེ། ། སྐྱབས་མེད་བཤེས་བྲལ་ལོང་བ་ཐང་འཁྱམས་འདྲ། ། བདེ་བ་འདོད་ཀྱང་སྡུག་བསྔལ་རྒྱུ་ལ་སྤྱོད། ། འདི་ལ་བྱམས་དང་སྙིང་རྗེའི་བློ་བཞག་ནས། ། འགྲོ་ཀུན་སྡུག་བསྔལ་བདག་གིས་བསལ་སྙམ་པའི། ། དཔག་མེད་སེམས་སྟོབས་ཆེན་པོའི་གོ་ཆ་བགོ ། བདག་གཞན་མཉམ་བརྗེ་བདག་བས་གཞན་གཅེས་དང་། ། ཚད་མེད་བཞི་དང་ཕྱིན་དྲུག་བསྡུ་དངོས་བཞི། ། སྙིང་ནས་བརྩོན་པས་ཉམས་སུ་བླངས་འགྱུར་ན། ། རྒྱལ་སྲས་རྣམས་ཀྱི་སྔྱོད་པ་མ་ལུས་པ། ། ལམ་བཟང་ཕར་ཕྱིན་དྲུག་ལ་འདུ་ཞེས་གསུངས། ། ཡང་དག་རྒྱལ་བ་དགྱེས་པའི་ལམ་བཟང་འདི ། ། སྙིང་གི་སྙིང་པོ་ལགས་ཀྱིས་སྙིང་དབུས་ཆོངས། ། ཨེ་མ་འཁོར་བའི་གནས་འདིར་ཡུན་རེ་རིང་། ། ཐོག་མ་མེད་ནས་ལས་ངན་ཚབས་ཆེར་བསགས། ། དེ་ཕྱིར་སྟོབས་བཞི་ཚང་བའི་མན་ངག་གིས། ། སྡིག་ལྷུང་བཤགས་པའི་ཐབས་ལ་མ་འབད་ན། ། ངན་སོང་འཁོར་བའི་གནས་ནས་ཐར་བར་དཀའ། །

བདེ་གཤེགས་སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། ། རྩ་བརྒྱུད་བླ་མ་ཀུན་འདུས་ནོར་བུའི་ལུགས། ། རྡོ་རྗེ་སེམས་དཔའ་དུང་དང་ཟླ་བའི་མདོག ། པད་དཀར་ཟླ་བའི་གདན་གནས་འཛུམ་པའི་ཞལ། ། བསྒོམ་ཞིང་ཡི་གེ་བརྒྱ་པ་ཆོ་ག་བཞིན། ། བཟླས་ན་སྡིག་དང་ལྷུང་བ་ཀུན་འཇོམས་ཤིང་། ། ནརཀ་དམྱལ་བའི་གནས་ཀུན་དོང་ནས་སྤྲུགས། ། ཨེ་མ་ཚོགས་རྫོགས་པ་ལ་སངས་རྒྱས་ཏེ། ། ཚོགས་མ་བསམགས་ལ་དངོས་གྲུབ་སྐལ་བ་མེད། ། དེས་ན་ཐབས་མཁས་འབྱོར་བའིི་ཚོད་བསྟུན་ནས། ། ཡིད་སྤྲུལ་རྒྱལ་བའི་ཞིང་ཁམས་མཆོད་པ་འབུལ། ། སྟོང་གསུམ་སྤྲུལ་སྐུ་འོག་མིན་ལོངས་སྤྱོད་རྫོགས། ། ཆོས་ཉིད་ཆོས་སྐུའི་ཞིང་ཁམས་རྣམས་བསམས་ལ། ། ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བར་བཅས། ། བླ་མ་དཀོན་མཆོག་སྐུ་གསུམ་ལྷ་ལ་འབུལ། ། རང་གི་ཚོགས་རྫོགས་སངས་རྒྱས་ཞིང་སྦྱངས་ཤིང་། ། འགྲོ་བའི་རྒྱུད་སྨིན་བསོད་ནམས་ཕ་མཐའ་ཡས། ། དེས་ན་ཚོགས་བསགས་གདམས་པའི་སྙིང་པོར་ཟུངས། ། ཨེ་མ་ཐོག་མེད་དུས་ནས་མ་རིག་པ། ། བདག་མེད་བདག་ཏུ་བཟུང་བས་འཁོར་བར་འཁྱམས། ། ལུས་མེད་ལུས་སུ་ཞེན་པས་ཆགས་སྡང་བྱུང་། ། དེ་ཕྱིར་གཅེས་འཛིན་སྒྱུ་མའི་ཕུང་པོ་འདི། ། ཆགས་མེད་མཆོད་སྦྱིན་ཡོན་དུ་བསྔོ་བར་བྱ། ། བདུད་བརྩིའི་རང་བཞིན་ཡར་ལ་དཀོན་མཆོག་མཆོད། ། མར་ལ་འགྲོ་དྲུག་ཚིམ་ཞིང་ཚོགས་གཉིས་རྫོགས། །

ལན་ཆགས་གདོན་བགེགས་ཀུན་ཚིམ་བར་ཆད་ཞི། ། ཡིད་སྤྲུལ་མཆོད་པའི་རྫས་དང་མཁོ་རྒུའི་དཔལ། ། ཡར་མཆོད་མར་སྦྱིན་དགེ་བ་འགྲོ་ལ་བསྔོ། ། ཆོས་ཀུན་བསམ་པའི་བྱེ་བྲག་ཙམ་ཡིན་ཕྱིར། ། རང་ལུས་དངོས་སུ་སྦྱིན་དང་བསོད་ནམས་མཉམ། ། གཏོང་བ་ཆེན་པོའི་གནས་ལ་བག་ཆགས་འཇོག ། ཚོགས་རྫོགས་སྒྲིབ་དག་བར་དོའི་འོད་གསལ་ཟིན། ། འཆི་བ་བླུ་ཞིང་ན་ཚ་དོན་བགེགས་བཟློག ། དེ་ཕྱིར་ཐབས་ལ་མཁས་པའི་ཚོགས་བསགས་ཡིན། ། ཨེ་མ་དཀོན་མཆོག་ཀུན་འདུས་བཀའ་དྲིན་ཅན། ། སངས་རྒྱས་ཀུན་གྱི་རང་བཞིན་རིན་པོ་ཆེ། ། བརྒྱུད་གསུམ་གདམས་པའི་མཛོད་འཛིན་བྱིན་རླབས་ཅན། ། འདྲེན་མཆོག་རྩ་བའི་བླ་མར་གསོལ་བ་ཐོབ། ། སྤྱི་བོའི་གཙུག་བསྒོམ་སྙིང་གི་དཀྱིལ་བསྒོམ་ན། ། བདེ་གཤེགས་ཀུན་བསྒོམས་པ་དང་བསོད་ནམས་མཉམ། །


བརྒྱུད་གསུམ་བླ་མའི་བྱིན་རླབས་རང་རྒྱུད་འཇུག ། ཐུགས་ཡིད་དབྱེར་མེད་འདྲེས་ནས་རྟོགས་པ་འཆར། ། དེས་ན་གནས་ལུགས་རྟོགས་པའི་བོགས་འདོན་ལ། ། མཆོག་གྱུར་བླ་མའི་རྣལ་འབྱོར་གནད་དུ་ཟབ། ། གནས་གསུམ་ཡི་གེའི་འོད་ལས་དབང་བཞི་བླང་། ། སྒྲིབ་པ་བཞི་དག་སྐུ་བཞིའི་གོ་འཕང་དང་། ། རྣམ་བཞིའི་རིག་འཛིན་ཐོབ་པའི་སྐལ་བ་བཞག ། ལམ་བཞིའི་ཉམས་ལེན་ལ་དབང་དམ་ཚིག་གསོ། ། འཁོར་འདས་ཆོས་ཀུན་བླ་མའི་རོལ་པར་འཆར། ། གནས་སྐབས་མི་མཐུན་ཞི་ཞིང་བསམ་དོན་འགྲུབ། ། ཚེ་འདིར་ཆོས་སྐུའི་རྒྱལ་སྲིད་ཟིན་པའོ། ། མིན་ཀྱང་ཕྱི་མ་པདྨ་འོད་དུ་སྐྱེ། ། གནས་དེར་རིག་འཛིན་བཞི་ཡི་ལམ་བགྲོད་ནས། ། གདོད་མའི་དབྱིངས་སུ་མིག་འཕྲུལ་ལྟ་བུར་འགྲོ ། ནམ་མཁའི་མཐའ་མཉམ་འགྲོ་བའི་དོན་བྱེད་ཅིང་། ། སྐུ་དང་ཡེ་ཤེས་སྣང་བས་སྣང་སྲིད་འགེངས། ། ཨེ་མ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། ། བརྒྱུད་གསུམ་རིག་འཛིན་བརྒྱུད་པའི་ཞལ་གྱི་ལུང་། ། བརྒྱད་ཁྲི་བཞི་སྟོང་དམ་ཆོས་འདུས་པའི་མདོ། ། གདམས་ངག་གནད་ཀྱི་སྙིང་པོ་དེ་ལྟར་ལགས། ། མཁས་པ་བརྒྱ་དང་གྲུབ་པ་སྟོང་བྱོན་ཡང་། ། འདི་ལས་ཟབ་པའི་སམ་ཆོས་སྟོན་པ་མེད། ། དམ་ཆོས་བདུད་བརྩིའི་ཉིང་ཁུ་དེ་ལགས་ཏེ། ། འཕགས་ཚོགས་དགེ་འདུན་སྟོང་གི་ཐུགས་དམ་མཐིལ། ། ལམ་འདི་བཤད་དང་ཉན་ལས་བསོད་ནམས་ཚོགས། །

གང་ཞིག་ཐོབ་དེས་མཐའ་ཡས་འགྲོ་བ་ཀུན། ། ལམ་བཟང་འདི་ལ་བརྟེན་ནས་ཚེ་གཅིག་གིས། ། ཡང་དག་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །

   ཅེས་གསུངས་ནས་སྦྲང་བུ་གཉིས་ལ་བྱིན་རླབས་དང་སྨོན་ལམ་མཛད་ནས།  ལྗོངས་རྒྱུ་ཞིང་མཐོང་ཐོས་དྲན་རེག་གི་སེམས་ཅན་གྱི་དོན་བྱས་ནས་མིག་སྨན་ཐིག་ལེའི་དགོན་པ་ཞེས་བྱ་བར་བུད་ཤིང་ཟད་པའི་མེ་ལྟར་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །

དེ་ནས་བུང་བ་དེ་གཉིས་ཀྱང་སྤྱོད་ལམ་ཕལ་ཆེར་དྲང་སྲོང་གི་བཀའ་བཞིན་དུ་བསྒྲུབས་ལ། རེས་འགའ་ནི་བག་མེད་པའི་རྩེད་མོ་ནི་རྩེ་ཞིང་འདོད་པའི་ཡུལ་ལ་ཆགས་ཏེ་རིང་ཞིག་འདས་པའི་ཚེ། ངག་སྙན་གྱིས་མེ་ཏོག་གི་ཟིལ་མངར་འཐུང་ཞིང་། འདབ་ཡངས་ཀྱིས་ནམ་མཁའ་ལ་འཕུར་ལྡིང་གཡོ་བའི་སྐབས་ཤིག་ཉི་མའི་མདངས་འོད་གློ་བུར་དུ་ཉམས་ནས། སྤྲིན་ནག་གི་སྒྲིབ་མ་ས་ལ་ལྷུང་སྟེ་པདྨོ་རྣམས་ཅིག་ཅར་དུ་ཁ་ཟུམ་པས་ངག་སྙན་པདྨའི་སྦུབས་སུ་འཐུམས་ནས་དབུགས་འཐུམས་ཏེ་འཇིག་ས་སྐྲག་གིས་དངངས་ཤིང་གཏམ་བརྗོད་མ་ནུས་པར་བུབ་བུབ་བུབ་བུབ་ཟེར་ཞིང་འདུག་པ་ན་འདབ་ཡངས་ཀྱང་འཇིགས་ཤིང་སྐྲག་སྟེ་ཅི་བྱ་གཏོལ་མེད་པར་གྱུར་ནས་པད་ལྗོན་གྱི་དྲུང་དུ་ས་ལ་བབས་ནས་མྱ་ངན་གྱི་གདུང་བས་སྙིང་ལ་ནོན་ཏེ་ས་ལ་འགྲེ་ལྡོག་བྱེད་ཅིང་འདི་སྐད་དུ། ཀྱི་ཧུད་ཀྱི་ཧུད་འཇིགས་ཤིང་སྐྲག་པ། ། ཨ་ཙི་ཨ་ཙི་གློ་བུར་རྐྱེན་ངན། ། ཅི་བྱེད་ཅི་བྱེད་མ་རུངས་འཚེ་བ། ། འཕྲལ་དུ་འདི་རུ་བདུད་པོ་སུ་སླེབ། ། མཁའ་ལམ་ཡིད་འོང་ཉིན་བྱེད་དཀྱིལ་འཁོར། ། གློ་བུར་འགེབས་པའི་དྲག་ཤུལ་དེ་སུ། ། ས་གཞིར་བཀོད་པའི་མེ་ཏོག་འདབ་རྒྱ། ། འཕྲལ་དུ་སྡུད་པའི་རྐྱེན་ངན་དེ་ཅི། ། ཡིད་འོང་སྙིང་སྡུག་གྲོགས་དེ་གར་སོང་། ། འཇམ་པའི་འདབ་ཡངས་བསྐྱོད་དེ་གར་སོང་། ། སྙན་པའི་གླུ་སྒྲ་སྒྲོགས་དེ་གར་སོང་། ། བརྩེ་བའི་གསང་གཏམ་ཅན་དེ་གར་སོང་། ། མཛེས་པའི་འཛུམ་མདངས་ཅན་དེ་གར་སོང་། ། དགྱེས་པའི་འཕུར་ལྡིང་ཅན་དེ་གར་སོང་། ། གཡུ་ལོ་ཟུར་མིག་ཅན་དེ་གར་སོང་། ། རྐང་དྲུག་ཡན་ལག་མཛེས་དེ་གར་སོང་། ། གསལ་བའི་ཐིག་ལེ་ཅན་དེ་གར་སོང་། ། གནག་སྣུམ་སྐྲ་ཅོག་ཅན་དེ་གར་སོང་། ། ཁོ་བོའི་སྙིང་གི་དུམ་བུ་གར་སོང་། ། འདབ་ཡངས་ཁོག་པ་སྟོང་ན་ཅི་བྱེད། ། ལོང་ལོང་ངག་སྙན་སྙིང་སྡུག་ཨེ་གོ །

འདབ་ཡངས་གཏམ་ལ་ཨ་ལན་མེད་ན། ། སྙིང་འདི་ཚལ་བར་འགས་ལ་ཉེའོ། ། གློ་བུར་སྙིང་རྗེ་མེད་པའི་སྤྲིན་ནག ། ཉེས་མེད་སྦྲང་བུའི་ཉམས་མྱོང་འདི་ཅི། ། འདབ་ཡངས་པདྨ་འདབ་བརྒྱའི་དྲིན་ཅན། ། ཁྱེད་ལ་རང་དབང་མེད་པ་ལགས་སམ། ། ཀུན་ཕན་ཉིན་བྱེད་སྙིང་རྗེའི་མངའ་བདག ། མ་རུངས་སྤྲིན་ནག་གཏོར་བའི་རླུང་པོ། ། བ་ཡ་བེ་དེ་ཡིན་ན་དགའ་བ། ། པདྨ་འདབ་བརྒྱ་འབྱེད་པའི་སྟོབས་ལྡན། ། རྐང་གཉིས་མི་ཞིག་ཡིན་ན་དགའ་བ། ། ཉམས་ཆུང་སྦྲང་བུའི་ལས་བསྐོས་འདི་འདྲ། ། ཀྱི་ཧུད་མཐོན་པོ་གནམ་གྱིས་ཨེ་དགོངས། ། མ་རུངས་སྤྲིན་ལ་བཀའ་ཞིག་ཕེབས་ཤོག ། ངག་སྙན་ངག་སྙན་སྙིང་གི་ཐིག་ལེ། ། ངག་སྙན་ངག་སྙན་ཡིད་ཀྱི་འཁྲི་ཤིང་། ། ངག་སྙན་ངག་སྙན་བརྩེ་བའི་ཟླ་གྲོགས། ། ངག་སྙན་ངག་སྙན་སྙིང་སྡུག་ལྷ་མོ། ། ཀྱི་ཧུད་ཀྱི་ཧུད་འདབ་ཡངས་སྡུག་སྡུག །

ཅེས་ཟེར་ཞིང་ཤིན་ཏུ་ཉམ་ཐག་པར་བསྒྲེ་ཞིང་འདུག་གོ་ དེར་ངག་སྙན་གྱིས་ཀྱང་ཅུང་ཞིག་དབུགས་ངལ་སོས་ནས་དལ་བུས་གཏམ་སྨྲ་ནུས་པར་གྱུར་ཏེ་པདྨོའི་སྦུབས་ནས་འདབ་ཡངས་འདབ་ཡངས་ཞེས་འབོད་པར་བྱེད་དོ། ། དེར་འདབ་ཡངས་ཀྱང་ཤིན་ཏུ་དགའ་སྟེ་ངག་སྙན་སོས་པ་སྙམ་བྱེད་ཅིང་སྟབ་སྟོབ་ཏུ་ལངས་ནས་པདྨའི་འདབ་མ་ལ་ཁ་གཏད་དེ་ངག་སྙན་ཞེས་འབོད་པར་བྱེད་དོ། །

  དེའི་ཚེ་ངག་སྙ།ན་གྱིས་འདབ་ཡངས་ཀྱིས་འབོད་པའི་སྐད་ཀྱང་ཐོས། རང་ཉིད་པདྨའི་སྦུབས་སུ་འཐུམས་པ་ཡང་ཤེས་ཏེ་རྟོག་དཔྱོད་ཞིབ་ཏུ་བཏང་ནས། ཨ་ཁ་ཁ་ངེད་གཉིས་ནས་སྔོན་ཆད་དྲང་སྲོང་ཆེན་པོ་དོན་ཀུན་གྲུབ་པ་དེའི་དྲུང་ནས་ཟབ་རྒུའི་གདམས་ངག་ཐོབ་པ་ཡིན་ཀྱང་། ཉམས་སུ་ནི་ཅུང་ཟད་ཀྱང་མ་ལོན།  ཡང་དག་པའི་ལྷ་ཆོས་བསྒྲུབ་འདོད་ཀྱི་བློ་གཏད་དང་དམ་བཅའ་ཡོད་དེ།   ཆོས་བྱེད་འདོད་ཀྱི་ངང་ལ་ཚེ་ཚད་རྫོགས།  ད་ནི་པདྨའི་སྦུབས་འདིར་ལྷ་འཕོ་་ལྟུང་གི་སྡུག་བསྔལ་ལྟ་བུ་ཡུན་རིང་མྱོངས་ནས་མཐར་འཆི་དགོས་པ་ཡིན་ནོ།  ། ཡང་ན་སླར་ཡང་ཉི་མའི་འོད་ཟེར་ཕོག་ནས་མེ་ཏོག་གི་འདབ་རྒྱ་གྲོལ་ནས་མ་ཤི་བར་ཐར་བ་ཡང་སྲིད་དམ།  གང་ལྟར་ཡང་འདབ་ཡངས་མྱ་ངན་གྱིས་ནོན་འདུག་པས་འདི་ལ་གཏམ་ལན་ཞིག་གཞལ་ན་ཐོས་པ་ཡིན་ནམ་སྙམ་ནས་འདི་སྐད་དུ།

ཀྱེ་ཀྱེ་འདབ་ཡངས་ཀྱེ་ཀྱེ་འདབ་ཡངས། ། འདབ་མ་རབ་ཡངས་ལྷ་ཡི་སྲས་པོ། ། གསུང་སྙན་ཡིད་འོང་རྣ་བའི་བདུད་རྩི། ། ཐོས་པར་ཡོད་པ་སྙིང་ལ་དགའ་ཡང་། ། ལང་ཚོའི་ཞལ་མཛེས་མིག་གི་བདུད་རྩི། ། མཇལ་དུ་མེད་པའི་སྐལ་དམན་འདི་ཅི། ། གློ་བུར་མུན་པ་འཆི་བདག་བང་ཆེན། ། ནམ་ཙམ་སླེབ་པ་ངས་ནི་མ་ཤེས། ། ཀུན་ཕན་ཉིན་བྱེད་སྣང་བའི་དཀྱིལ་འཁོར། ། མཁའ་ལམ་མི་གནས་གང་དུ་ཕེབས་སོང་། ། རེག་འཇམ་འདབ་མའི་མལ་སྟན་བཀོད་དང་། ། རོ་མངར་རྩི་བཅུད་བདུད་རྩི་འཛག་ཅིང་། ། དྲི་ཞིམ་སྤོས་བསུང་སྣ་ཡི་བཅུད་ལེན། ། དཀར་དམར་ལང་ཚོ་མིག་གི་དགའ་སྟོན། ། འདོད་རྒུའི་ལོངས་སྤྲོད་པདྨའི་དཀྱིལ་འཁོར། ། སྲོག་གཅོད་གཤེད་པོར་གྱུར་བ་འདི་ཅི། ། སྲབ་འཇམ་འདབ་རྒྱ་གདུག་པའི་བཙོན་ཁང་། ། འབྱར་བག་ཟིལ་མངར་མངར་སྡོམ་བྱེད་ལྕགས་སྒྲོག །

འགྱུར་བའི་སྡུག་བསྔལ་འདི་འདྲ་ལགས་མོད། ། ཀྱེ་ལགས་དྲིན་ཅན་དྲང་སྲོང་ཆེན་པོའི ། ། བཀའ་གསུང་བདུད་བརྩིའི་གདམས་ངག་གནང་དུས། ། མི་རྟག་འཁོར་བའི་མཚན་ཉིད་གསུངས་པ། ། ད་རེས་རང་རེའི་སྟེང་དུ་མངོན་སུམ། ། བདེ་སྐྱིད་ལྷ་ལ་འགྲན་པའི་ལོངས་སྤྱོད། ། ཉམ་ཐག་གཤིན་རྗེའི་གྲོང་སྒོར་སླེབ་ལ། ། མིག་གི་འབྱེད་འཛུམ་ཙམ་ལས་མ་འགོར། ། ཀྱི་ཧུད་འཕོ་ལྟུང་སྡུག་བསྔལ་འདི་འདྲ། ། ལྷ་ཆོས་བསྒྲུབ་འདོད་སེམས་ན་ཡོད་ཀྱང་། ། འཕྲལ་དུ་བརྩོན་པའི་ཉམས་ལེན་མ་ནུས། ། འཕྲང་རིང་བར་དོ་འགྲིམ་དགོས་བྱུང་ན། ། བློ་གཏད་ཕེར་བའི་དམ་ཆོས་མི་འདུག ། འཆི་བ་འོང་སྙམ་སེམས་ན་ཡོད་ཀྱང་། ། ནམ་འཆི་ཆ་མེད་རྒྱུད་ལ་མ་སྐྱེས། ། བག་ཡངས་སྙོམ་ལས་ལེ་ལོས་ངང་ལ། ། འཆི་བདག་བདུད་པོ་གློ་བུར་སླེབ་བྱུང་། ། འཁོར་བའི་སྡུག་བསྔལ་སེམས་ན་ཡོད་ཀྱང་། ། འཕྲལ་སྣང་ཉམས་དགའི་ཞེན་པ་མ་ཆོད། ། ཡུལ་ལྔའི་བདུད་ཀྱིས་དབང་ལྔ་བསླུས་ནས། ། སྡུག་བསྔལ་འཁོར་བའི་གཞི་མ་གྲུབ་སོང་། ། རྒྱུ་འབྲས་བསླུ་མེད་སེམས་ན་ཡོད་ཀྱང་། ། སྤང་བླང་ཟབ་མོའི་ལག་ལེན་མ་བྱུང་། ། རྣམ་གཡེངས་ངང་ལ་མི་ཚེ་ཟད་ནས། ། དགེ་བ་འདི་སྒྲུབ་གཏད་སོ་མི་འདུག ། ཀྱེ་ལགས་སྙིང་སྡུག་བུང་བ་གཞོན་ནུ། ། འཆི་བདག་བདུད་པོ་འཇིགས་སུ་རུང་བའི། ། དགྲ་ཞིག་ཡོད་ཅེས་སྔོན་དུ་ཐོས་པ། ། ད་རེས་མངོན་སུམ་སླེབ་པ་འདྲའོ། ། འདུག་པའི་གནས་ལ་པདྨའི་སྐྱེད་ཚལ། ། བསྐྱུར་འདོད་བསམ་པ་སྙིང་ན་མེད་དེ། ། ད་རེས་གློ་བུར་འཆི་བདག་རྒྱལ་པོས། ། གཤིན་རྗེའི་གྲོང་སྒོར་ཁྲིད་པར་འདུག་གོ །

བཟའ་བའི་ཟས་ལ་རྩི་བཅུད་ཟིལ་མངར། ། སྤང་འདོད་བསམ་པ་སེམས་ན་མེད་དེ། ། ད་རེས་དབང་མེད་བཙན་པོའི་ཁྲིམས་ཀྱིས། ། ཟས་སུ་དྲི་གསུར་ཟ་དགོས་འདུག་གོ ། འགྲོ་བའི་ལམ་ལ་བར་སྣང་ཡངས་པ། ། འདི་ལས་གཞན་དུ་འབབ་འདོད་མེད་དེ། ། ད་རེས་དབང་མེད་གཤིན་རྗེས་ཁྲིད་ནས། ། འཕྲང་རིང་བར་དོར་འགྲིམ་དགོས་འདྲའོ། ། བརྩེ་བའི་གཉེན་ལ་དྲིན་ཆེན་ཕ་མ། ། འདི་ལ་བྱེར་འདོད་སེམས་ན་མེད་དེ། ། ད་རེས་ཆོས་ཀྱི་རྒྱལ་པོའི་ཁྲིམས་རར། ། གཉེན་མེད་བཤེས་མེད་འཁྱམས་པ་འདྲའོ། ། བསྐྱངས་པའི་འཁོར་ལ་འབུ་སྦྲང་སྲོག་ཆགས། ། འདི་ལས་འབྲལ་འདོད་སེམས་ན་མེད་དེ། ། ད་རེས་ཕྱི་མའི་ལམ་ཆེན་བླངས་ནས། ། གྲོགས་མེད་གཅིག་པུར་འགྲོ་དགོས་འདྲའོ། ། བགོ་བའི་གོས་ལ་ཤིང་བལ་རེག་འཇམ། ། འདི་ལ་སྤང་འདོད་སེམས་ན་མེད་དེ། ། ད་རེས་འཆི་བདག་ཞགས་པས་བཅིངས་ནས། ། གོས་མེད་གཅེར་བུར་འཁྲིད་པ་འདྲའོ། ། འགྲོགས་པའི་གྲོགས་ལ་འདབ་ཡངས་གསེར་སྦྲང་། ། འདི་ལས་འབྲལ་འདོད་སེམས་ན་མེད་དེ། ། ད་རེས་འདུས་བྱས་རང་མཚང་བསྟན་ནས། ། མཐོང་ཐོས་མེད་སར་འགྲོ་བ་འདྲའོ། །

ཀྱེ་ཀྱེ་ཡིད་འོང་སྙིང་སྡུག་གཞོན་པ། ། དང་པོ་འགྲོགས་ནས་ད་ལྟའི་བར་དུ། ། བརྩེ་བའི་འཛུམ་གྱིས་བསྐྱངས་པའི་ཞལ་མཛེས། ། གནག་པའི་ཁྲོ་གཉེར་བསྡུས་པ་མི་དྲན། ། བྱམས་པའི་གསུང་གིས་བསྐྱངས་པའི་ངག་སྙན། ། ཁྲོས་པའི་བཀའ་བཀྱོན་གནང་བ་མི་དྲན། ། འཕྲལ་དགོས་ལོངས་སྤྱོད་ཡུལ་གྱི་ཉེར་སྤྱད། ། ང་ཁྱོད་ཁྱད་པར་ཕྱེ་བ་མི་དྲན། ། རྒྱུན་རིང་འཕྲལ་དང་འཕྲལ་གྱི་མཛད་སྤྱོད། ། མི་དགའི་རྣམ་འགྱུར་ངོམ་པ་མི་དྲན། ། གཞུང་བཟང་ཕྱི་ཐག་རིང་བའི་ཐུགས་ཀྱིས། ། བསྐྱངས་པའི་སྐུ་དྲིན་སེམས་ན་ཡོད་ལགས། ། ཐུགས་བརྩེ་འདུ་འབྲལ་མེད་པའི་ཚུལ་གྱིས། ། འགྲོགས་པའི་བརྩེ་གདུང་སེམས་ན་ཡོད་ལགས། ། ཡིད་འོང་སྣང་བ་མཐུན་པའི་གསུང་གི ། བྱམས་པའི་གསུང་སྒྲོས་སེམས་ན་ཡོད་ལགས། ། ཡིད་གཅུགས་འདུ་འབྲལ་མེད་པའི་ཚུལ་གྱིས། ། ཐུགས་བརྩེའི་ཐུགས་གཏད་སེམས་ན་ཡོད་ལགས། ། སྡོད་པའི་གནས་དང་འབྲལ་འབྲལ་འདྲ་ཡང་། ། གནས་ཡུལ་རང་གནས་བསམ་ནས་མི་འགྱོད། ། བསགས་པའི་ནོར་དང་འབྲལ་འབྲལ་འདྲ་ཡང་། ། ལོངས་སྤྱོད་འབྱོར་པ་བསམ་ནས་མི་འགྱོད། ། བསྐྱངས་པའི་གཡོག་དང་འབྲལ་འབྲལ་འདྲ་ཡང་། ། མངགས་གཞུག་འཁོར་གཡོག་བསམ་ནས་མི་འགྱོད། ། གཅེས་པའི་ལུས་དང་འབྲལ་འབྲལ་འདྲ་ཡང་། ། ལང་ཚོའི་ན་ཚོད་བསམ་ནས་མི་འགྱོད། ། ཕངས་པའི་སྲོག་དང་འབྲལ་འབྲལ་འདྲ་ཡང་། ། འདི་སྣང་བདེ་སྐྱིད་དྲན་ནས་མི་འགྱོད། ། བྱམས་སྐྱོང་སྙིང་སྡུག་ཁྱེད་ཀྱི་དྲུང་ནས། ། འབྲལ་དགོས་སྡུག་བསྔལ་སྙིང་ལ་ཟུག་པའི། ། འགྱོད་པ་འདི་ལ་ཟློག་ཐབས་མི་འདུག །


བྱམས་པའི་ཞལ་གྱི་མཛེས་པ་དྲན་ནས། ། མིག་ལས་མཆི་མའི་ཆར་རྒྱུན་ཐར་ཐར། ། བརྩེ་བའི་ཐུགས་ཀྱིས་དགོངས་པ་དྲན་ནས། ། སེམས་ལ་སྡུག་བསྔལ་མུན་པ་ཐིབས་ཐིབས། ། བརྩེ་བའི་གསུང་གིས་དབུགས་འབྱུང་དྲན་ནས། ། ཡིད་ལ་གདུང་བའི་མེ་དཔུང་འབར་ཡང་ ། ། ད་ནི་ལས་དབང་སླེབ་པས་ཅི་བྱ། ། འཆི་བདག་གཤིན་རྗེའི་དམག་དཔུང་སུས་བཟློག ། སྡུག་བསྔལ་འཁོར་བའི་སྣང་ཚུལ་སུས་འགེགས། ། ཁྱེད་ཀྱང་གནས་ཚུལ་འདི་ལ་དགོངས་ནས། ། ཐུགས་ལ་འགྱོད་པ་མེད་པར་ཞུའོ། ། ད་དུང་ཉིན་བྱེད་སྣང་བའི་འོད་ཕྲེང་། ། ཕེབས་ན་ཐར་ཡང་སྲིད་པ་ཡོད་ཀྱི། ། བག་ཡངས་ཐུགས་བག་བརྐྱངས་ལ་བཞུགས་མཛོད། ། གལ་ཏེ་མ་ཐར་འདི་རུ་ཤི་ཡང་། ། བརྩེ་བས་འགྲོགས་པའི་སྙིང་གྲོགས་ཁྱེད་ཀྱིས། ། སྔོན་ཆད་བརྩེ་གདུང་བྱམས་པས་སྐྱོང་ཚུལ། ། དེ་ལས་ལྷག་པའི་མཛད་ཐབས་མེད་ཀྱི ། ཚེ་མཐའ་འདུན་མ་འཁྱོངས་པ་ཡིན་ལགས། ། སྔོན་ཆད་རང་རེེ་སྐྱིད་པའི་སྐབས་ན། ། ཞེ་འདོད་སྙིང་ལ་བྲིས་པའི་དམ་བཅའ། ། ད་ལྟ་དམ་པའི་ཐུགས་ལ་མངའ་འམ། ། ཕྱིན་ཆད་འབྲལ་བའི་དུས་ཚོད་བྱུང་ཡང་། ། ཁྱེད་ཐུགས་དམ་བཅའ་བསྐྱུར་བར་མ་མཛོད། །


བློ་གཏད་དམ་ཆོས་འཕྲལ་འཁྱོལ་བྱུང་ན། ། དེ་ལས་གཞན་པའི་ཞུ་དོན་མེད་ལགས། ། ཞེས་ཟེར་ཞིང་འདུག་གོ། ། དེར་འདབ་ཡངས་ན་རེ། ། ཀྱེ་ཀྱེ་ངག་སྙན་ཀྱེ་ཀྱེ་ངག་སྙན། ། ངག་སྙན་གླུ་ལེན་གཡུ་ཡི་སྦྲང་ཆུང་། ། མ་འཇིགས་མ་འཇིགས་བློ་ཡི་བག་ཕོབ། ། མ་སྐྲག་མ་སྐྲག་སེམས་ཀྱི་དཔའ་སྐྱེད། ། ཡུན་རིང་མི་བརྟན་འཕྲལ་གྱི་སྐྱིད་སྡུག ། གནས་གཅིག་མི་སྡོད་ནམ་མཁའི་སྤྲིན་ནག ། ཉམས་པ་མི་སྲིད་ཉིན་བྱེད་འོད་སྣང་། ། གློ་བུར་སྤྲིན་ནག་འཕྲལ་གྱི་རྐྱེན་ངན། ། བར་ཆད་འདི་ལ་སེལ་ཐབས་ཡོད་འགྲོ ། བསྐྱངས་པའི་འབུ་སྦྲང་སྲིན་བུའི་འཁོར་མང་། ། ཕྱོགས་ཕྱོགས་མངགས་གཞུག་བང་མིར་བཏང་ན། ། དོན་གཉེར་ཡིད་ཀྱི་འདོད་པ་སྒྲུབ་ཆོག ། བསགས་པའི་ནོར་རྫས་སྦྲང་རྩིའི་བང་མཛོད། ། གཏོང་ཕོད་བྱས་ན་འཕྲལ་རྐྱེན་སེལ་འགྲོ ། རྒྱལ་ཁམས་ཤེས་ཅན་མཁས་དགུར་དྲིས་ན། ། འཕྲལ་རྐྱེན་རྒྱུ་རྐྱེན་ཟློག་ཐབས་ཤེས་ཡོང་། ། ནུས་ལྡན་དབང་ཡོད་གཞན་ལ་རེ་ན། ། གློ་བུར་སྤྲིན་ནག་གདོང་བ་ཟློག་བྱེད་འགྲོ ། ཕྱོགས་མེད་གྲོང་དང་བྲག་རིའི་ཚང་ན། ། ནག་ཆུང་ཕོ་རོག་སྐད་འགྱུར་རྒྱག་ཅིང་། ། རྒྱལ་ཁམས་ཡོངས་ལ་མངོན་ཤེས་འཆད་སྐད། །


འདི་ལ་དྲིས་ན་ལུང་བསྟན་གནང་འོང་། ། མཐོན་པོའི་མཁར་གྱི་མཐོང་ཁ་བད་རྩེར། ། མཆིལ་པ་རྒྱ་བོའི་མང་ཚོགས་འདུས་པས། ། འུར་འུར་གཟུངས་སྔགས་རྣམ་འཇོམས་གསུངས་སྐད། ། ཚོགས་འདི་དྲངས་ན་གསུང་སྒྲུབ་གནང་འགྲོ ། ཁྲོན་པ་རྫིང་བུའི་རླན་གཤེར་ཁྲོད་ན། ། མི་སྡུག་སྟོན་པའི་སྦལ་པ་རྒྱ་བོ། ། ཀླུ་བདུད་ནག་པོའི་ཕོ་ཉ་ཡིན་སྐད། ། འདི་ལ་ཞུས་ན་ཐབས་ཤིག་ཡོད་འགྲོ ། ཁུང་དང་ཤིང་དྲུང་ལོ་མའི་ཁྲོད་ན། ། འཉིགས་གཟུགས་ངོམས་པའི་དུག་སྦུལ་ནག་པོ། ། ཆུ་བདག་གདུག་པའི་རང་གཟུགས་ཡོད་སྐད། ། འདི་ལ་སྐྱབས་ན་སྤྲིན་ནག་བཟློག་འགྲོ ། རི་རྩེ་ས་ཕུག་རང་གི་གནས་ན། ། ཡུན་རིང་བསྒོམས་པའི་འཕྱི་བ་སྒོམ་ཆེན། ། བསམ་གཏན་གྲུབ་པའི་ཏིང་འཛིན་ཡོད་སྐད། ། ཁོང་ལ་ཞུས་ན་ཐུགས་གཏད་གནང་འོང་། ། ཡིད་འོང་ལྗོན་ཤིང་འདབ་མའི་རྩེ་ལ། ། སྙན་སྙན་སྒྲོགས་པའི་གཡུ་བྱ་ཁུ་བྱུག ། ཆར་སྤྲིན་འབོད་པའི་སྐད་གཏོང་ཡིན་སྐད། ། འདི་ལ་བརྔན་ན་གསུང་ངག་བསྡམ་འགྲོ། ། བྱང་ཐང་སྤང་ལྗོངས་ཉམས་དགའི་ཐང་ན། ། ཁ་དཀར་རྐྱང་ཆུང་ལྷ་ཡི་བང་ཆེན། ། ཉི་ཟེར་འབོད་པའི་ནོར་བུ་ཡོད་སྐད། ། ཁོང་ལ་ཞུས་ན་མུར་མུར་བཏེག་འགྲོ ། ངེས་མེད་གནས་དང་རང་གི་ཁུང་ན། ། ཀུན་གསོད་རྔོན་པ་སྡོམ་ནག་ལག་དགུ ། གདོལ་པ་ནག་པོའི་སྤྲུལ་པ་ཡིན་སྐད། །

འདི་ལ་གཅར་ན་ཐབས་ཚུལ་བྱེད་འགྲོ ། བར་སྣང་ལམ་ནས་རི་རྩེ་བྲག་སྟོད། ། འཚེར་སྐད་སྒྲོགས་པའི་འོལ་བ་སྨུག་ཆུང་། ། མཁའ་ལྡིང་རྒྱལ་པོའི་ཕོ་ཉ་ཡིན་སྐད། ། འདི་ལ་གཏད་ན་དྲག་ཤུལ་བྱེད་འགྲོ ། ཅིས་ཀྱང་མི་བཟློག་རྐྱེན་ངན་མི་སྲིད། ། བཤགས་ཀྱང་མིའདག་ལས་ངན་མི་སྲིད། ། གཉེན་པོས་མི་ནོན་བར་ཆད་མི་སྲིད། ། གཉེན་པོས་མི་ནོན་བར་ཆད་མི་སྲིད། ། ཟློག་ཐབས་མེད་པའི་བདུད་གཅོད་མི་སྲིད། ། བློ་ཡོད་ཐབས་ཡོད་གསེར་སྦྲང་འདབ་ཡངས། ། གུ་ཡངས་གནས་ན་རང་དབང་ཐེམས་འདུག ། ཅི་དགའ་གང་དྲག་ཐབས་བརྒྱ་འབད་དགོས། ། ཞེས་ཟེར་ནས་བྱ་རོག་གི་དྲུང་དུ་སོང་ནས་དྲིས་པས། ། འབྱུང་ཁུངས་ཀླུ་ཡིན་འདུལ་བྱེད་ཁྱུང་། ། གཉེན་པོ་རླུང་ཡིན་ཟློག་ཐབས་མང་། ། འཕྲལ་དུ་འཚུབས་ཀྱང་ཕུགས་མི་སྐྱོན། ། ཟེར་སྐད། དེ་བཞིན་ཐམས་ཅད་ཀྱི་དྲུང་དུ་ཕྱིན་པས། མཆིལ་བའི་ཚོགས་དཔོན་ན་རེ། འདུས་པའི་བྱིན་རླབས་མེ་དཔུང་འདྲ། ། སྔོན་ལས་ནགས་ཚལ་བསྲེས་ནུས་ན། ། འཕྲལ་རྐྱེན་རྩྭ་སྦུར་སྨོས་ཅི་དགོས། ། འབུལ་བ་ཞབས་ཏོག་གཟབ་དགོས་སོ། ། ཟེར་ནས་ཕེབས་ཏེ་གསུང་སྒྲུབ་བྱེད་སྐད། སྦལ་པ་ན་རེ། མི་སྡུག་སྟོན་པའི་སྦལ་པ་ང་། ། ཀླུ་བདུད་ནག་པོའི་ཕོ་ཉ་ཡིན། ། སྤྲིན་ནག་འབྱུང་ཁུངས་གདོལ་པ་ཀླུ། ། ཁོང་ལ་ཞུས་ན་སེལ་ལོས་ནུས། ། ཟེར་ནས་ལྟ་སྟངས་གནམ་དུ་གཅེར་སྐད། །

སྦུལ་ན་རེ། ། རླངས་པ་སྤྲིན་ནག་སེར་བ་བྱུང་། ། གདེངས་ཀ་གདུག་པ་སྦྲུལ་ལ་དབང་། ། སྤྲིན་ནག་སེལ་ཐབས་ང་ལ་ཡོད། ། ཟེར་ནས་འཁྱིལ་འགྲོས་བྱེད་སྐད། ། འཕྱི་བ་ན་རེ། ། ངས་ནི་ཡེངས་མེད་ཏིང་འཛིན་བསྒོམ། ། འོན་ཀྱང་གསེར་སྦྲང་ཞལ་ངོ་གཉན། ། མཚམས་ཁུང་ཞབས་བརྟན་ལོས་ཀྱང་སྒྲུབ། ། ནམ་ཕུགས་མི་སྐྱོན་ངེས་པ་ཡིན། ། ཟེར་ནས་མིག་ཟིམ་ཟིམ་བྱེད་སྐད། ། ཁུ་བྱུག་ན་རེ། ། ཆར་སྤྲིན་ལྷ་ཡི་བཀའ་སྡོད་ལ། ། བང་ཆེན་ཁུ་བྱུག་སྔོན་མོ་ཡིན། ། བྱོན་བཞུགས་རང་དབང་ཅུང་ཟད་ཡོད། ། གང་དྲག་ཐབས་ཚུལ་ལོས་ཀྱང་བྱེད། ། ཟེར་ནས་ལྡེམ་ལྡེམ་འདུག་སྐད། ། རྐྱང་ན་རེ། ཕོ་རེངས་རྐྱང་ཆུང་འུ་ར་དེ། ། ཡ་མཆུ་ཡིད་བཞིན་ནོར་བུ་ཡིན། ། མཁའ་སྒྲིབ་སེལ་བའི་ཕྱགས་མ་ཡིན། ། ང་ལ་རེ་བ་མ་ནོར་འདུག ། ཟེར་ནས་ཡ་མཆུ་གནམ་དུ་བཏེག་གོ སྡོམ་ནག་ན་རེ། གདོལ་བ་ཁྲོས་པའི་ཁ་རླངས་དེ། ། སེལ་བྱེད་གཞན་གྱིས་སེལ་མི་ནུས། ། འབུ་སྦྲང་མང་པོའི་ཤ་ཚོགས་ན། ། ཡས་མཆོད་གདོན་བཀྲོལ་ང་ཡིས་བྱེད། ། ཟེར་ནས་མདོས་ཐག་མང་པོ་བྲན་སྐད་དོ། ། འོལ་པ་ན་རེ། ཀླུ་འདུལ་ཁྱུང་ཆེན་ང་རང་ཡིན། ། སྦུལ་བཟའ་སྦལ་འཆའ་ཀླུ་ནོར་གཞོམ། ། སྡེར་མོའི་ནུས་པ་གནམ་ལྕགས་འདྲ། ། དྲག་ཤུལ་སྒོ་ནས་རྡུལ་དུ་བརླག ། ཟེར་ནས་ནམ་མཁའ་ལ་བཤུར་ཞིང་བཤུད་སྐད་འདེབས་སྐད་དོ།

དེར་འདབ་ཡངས་ནས་ཀྱང་ཡོངས་ལ་གྲགས་པའི་སྲོག་ཆགས་ཆེ་རྒུ་དེ་དག་གི་གསུངས་ཚུལ་ལ་བལྟས་ན་ནམ་ཕུགས་སྤྲིན་ནག་དེངས་ནས་ངག་སྙན་ཡང་ཐར་བ་ཞིག་འོང་བ་ཡིན་ནམ་སྙམ་ནས་བློ་བག་ཕབ་སྟེ་ཅུང་ཞིག་གནས་པའི་ཚེ། ནམ་མཁའ་ལ་སྤྲིན་ནག་ལྷོག་ལྷོག་ཁོལ་ཞིང་ཕྱོགས་ཐམས་ཅད་ཀྱང་ངམ་ནག་འཁོར་འཁོར་བྱེད་ལ། ལྷོ་ཕྱོགས་ནས་འབྲུག་སྒྲ་ལྡི་རི་རི་བྱེད་པ་དང་ཆབས་ཅིག་རླུང་དྲག་པོ་འུ་རུ་རུ་གཡོ་བ་དང་མཉམ་དུ་པདྨའི་འདབ་མ་རྣམས་ཀྱང་ལྷག་པར་ཡང་བཅུམ་ཞིང་སྡུད་དུ་བྱུང་བས་ངག་སྙན་ཡང་པདྨའི་སྦུབས་སུ་འཐུམས་ནས་རྐང་ལག་རྣམས་བརྐྱང་བསྐུམ་མི་ནུས་ཤིང་། དབུགས་ཀྱང་འཚུབས་ཏེ་སྐད་འདོན་དཀའ་བར་གྱུར་ནས་སྐད་གདངས་དམའ་བས་འདི་སྐད་དུ།

ཀྱེ་མ་འདབ་ཡངས་ལྷ་ཡི་སྲས། ། མེ་ཏོག་འདབ་རྒྱ་བཅུམ་ཞིང་བྱུང་། ། གེ་སར་གདུག་རྩུབ་ཚེར་ལྟར་གཟན། ། འདབ་མའི་སུལ་མང་རྡོ་ལྟར་སྲ། ། འཐུམས་པས་རྐང་ལག་བརྒྱང་བསྐུམ་དཀའ། ། འཚུབས་པས་དབུགས་ཀྱི་འབྱིན་སྡུད་དཀའ། ། འཚངས་པས་གཏམ་གྱི་བརྗོད་པ་དཀའ། ། ད་ནི་མི་ཐར་ཐག་གིས་ཆོད། ། ཕྱོགས་ནས་འབྲུག་སྒྲ་ལྡི་རི་རི། ། གློ་བུར་རླུང་པོ་འུ་རུ་རུ། ། པད་སྦུབས་འཕྱོ་ཞིང་ལྡིང་ལུགས་ཀྱིས། ། རྫིང་བུ་འཕྱོ་ཞིང་གཡོ་བ་འདྲ། ། སྤྲིན་ནག་སེར་བ་འོང་ཐག་ཆོད། ། སྐྱིན་ཐང་དྲག་ཤུལ་བྱུང་བ་ན། ། སྐྱེས་པའི་རྩྭ་ལྗང་སྙོལ་ཞིང་འགྲོ ། འགྲེང་བའི་རྐང་སྦུས་གཅོག་ཅིང་འགྲོ ། བཀོད་པའི་ཡལ་འདབ་གཅོད་ཅིང་འགྲོ ། སྨིན་པའི་འབྲས་བུ་གཏོར་ཞིང་འགྲོ ། རྒྱས་པའི་མེ་ཏོག་བརླག་ཅིང་འགྲོ ། གནམ་ས་ཐོག་འོག་བསྒྱུར་ལ་ཁད། ། སྲ་མོའི་བྲག་ཀྱང་བཤིག་ལ་ཁད། ། མཐོན་པོའི་ཤིང་ཡང་བཅོམ་ལ་ཁད། ། དྲག་ཤུལ་གནམ་ལྕགས་འབེབས་ཤིང་འོང་། ། ད་ནི་ཁྱེད་ཀྱང་བྲོས་ན་འཐད། ། ངག་སྙན་མི་ཐར་ཐག་གིས་ཆོད། ། ཤི་གསོན་བྱེ་བའི་གཏམ་གཞུག་ལ། ། སྨྲ་མང་མི་འཐད་མདོ་དོན་འདྲིལ། ། སྔོན་ཆད་དྲང་སྲོང་ཆེན་པོའི་གསུང་། ། ད་རེས་སེམས་ལ་ལྷག་པར་གཅགས། ། སྡུག་བསྔལ་འཁོར་བའི་གནས་ཚུལ་གཏམ། ། ད་རེས་ལྷག་པར་རང་ངོ་འཕྲོད། ། ཐམས་ཅད་རྟག་པ་མེད་པའི་གསུང་། ། ད་རེས་ལྷག་པར་མངོན་དུ་གྱུར། །

འདུས་ཚད་ངེས་པར་འབྲལ་བ་ལས། ། ཁྱེད་ཀྱང་ཐུགས་གཅོང་བྱས་ཞན་འདྲ། ། ངས་ཀྱང་མི་འགྱོད་སྙིང་རུས་བྱེད། ། སྔར་གཏམ་དར་གྱི་མདུད་པ་དེ། ། ད་དུང་མ་གྲོལ་དམ་ལགས་སམ། ། ཞེ་འདོད་རྡོ་ཡི་རི་མོ་དེ། ། ད་དུང་མ་ཟུམ་བཀྲ་ལགས་སམ། ། དམ་བཅའ་སྙིང་གི་ཕུར་པ་དེ། ། ད་དུང་མ་བུད་བརྟན་ལགས་སམ། ། སྡུག་བསྔལ་འཁོར་བའི་སྣང་ཚུལ་ལ། ། སྐྱོ་བ་གཏིང་ནས་སྐྱེས་ལགས་སམ། ། འཆི་བདག་ནམ་འོང་མེད་པ་ལ། ། ངེས་ཤེས་ཐུགས་ཐག་ཆོད་ལགས་སམ། ། འདོད་ལྔ་ཡུལ་གྱི་བསླུ་བྲིད་ལ། ། ཞེན་པ་གཏིང་ནས་ལོག་ལགས་སམ། ། འདུས་ཚད་ངེེས་པར་འབྲལ་བ་ལ། ། ཡིད་ཆེས་བརྟན་པོ་ཐོབ་ལགས་སམ། ། དམ་པའི་རྗེ་དང་མཇལ་ན་ཡང་། ། སྒྲོ་འདོགས་མ་ཆོད་ང་རེ་འགྱོད། ། དམ་ཆོས་ལེགས་གསུང་ཐོས་ན་ཡང་། ། ཉམས་སུ་མ་ལོན་ང་རེ་འགྱོད། ། དལ་འབྱོར་མི་ལུས་ཐོབ་ན་ཡང་། ། སྙིང་པོ་མ་ལོན་ང་རེ་འགྱོད། ། མི་རྟག་འཆི་བ་ཤེས་ན་ཡང་། ། འཆི་ཆོས་མ་གྲུབ་ང་རེ་འགྱོད། ། རྒྱུ་འབྲས་རྣམ་གྲངས་ཐོས་ན་ཡང་། ། སྤང་བླང་མ་ནུས་ང་རེ་འགྱོད། ། འཁོར་བའི་སྡུག་བསྔལ་གསུངས་ན་ཡང་། ། སྐྱོ་ཤས་མ་སྐྱེས་ང་རེ་འགྱོད། ། ད་ནི་འཆི་བ་གློ་བུར་སླེབ། ། འཆི་བདག་ཁྲོ་གཉེར་མུན་ལྟར་གནག ། སྔ་མིག་གཡོ་ཚེ་ང་རེ་འཇིགས། ། འཇིགས་རུང་མུན་པས་མདུན་ནས་བསུ། ། རང་ལས་མི་མཐོང་ང་རེ་འཇིགས། ། ལས་ཀྱི་རླུང་དམར་རྒྱབ་ནས་དེད། ། རང་དབང་མི་ཐོབ་ང་རེ་འཇིགས། ། སོད་སོད་རྒྱོབ་རྒྱོབ་འབྲུག་ལྟར་སྒྲོག ། འཁྲུལ་སྣང་ཤར་ཚེ་ང་རེ་འཇིགས། ། གཤིན་རྗེའི་ལས་མཁན་ཨམ་གཙིགས་བསྡམས། ། དྲག་ཤུལ་བྱེད་ཚེ་ང་རེ་འཇིགས། །

རེ་བ་ཕྱི་མའི་ཡུལ་ནས་བྱེད། ། ཤི་མིག་དུར་ཁུང་ནང་ནས་བལྟ། ། ཁ་ཆེམས་ཚིག་གསུམ་དེ་ལས་མེད། ། དོན་དེ་སྙིང་གྲོགས་ཐུགས་ལ་ཆོངས། ། ད་ནི་བཙན་པོའི་རྫོང་ལ་བྱོན། ། ང་རང་ཤི་ཡུལ་འགྲོ་ན་ཡང་། ། རྗེས་ལ་ཁྱེད་ཡོད་སེམས་ལ་ཕན། ། ལྷ་ཆོས་བསྒྲུབས་ན་གཉིས་ཀར་ཕན། ། སྐྱིན་ཐང་སེར་བ་མ་སླེབ་གོང་། ། ལ་འུར་གབ་ས་བཙལ་ན་དགའ། ། སྐུ་ཁམས་བདེ་བའི་སྨོན་ལམ་འདེབས། ། ཡུན་དུ་བཞུགས་པའི་སྨོན་ལམ་འདེབས། ། ལྷ་ཆོས་འགྲུབ་པའི་སྨོན་ལམ་འདེབས། ། ཐུགས་བཞེད་མཐར་ཕྱིན་སྨོན་ལམ་འདེབས། ། ད་ནི་སྐུ་ཁམས་ཅི་བདེར་བཞུགས། ། ཟེར་ནས་དབུགས་འཐུམ་འཐུམ་འདུག་གོ །

དེར་འདབ་ཡངས་ཀྱང་སྙིང་ལ་སྡུག་བསྔལ་གྱི་ཚེར་མ་དབལ་ཚ་བ་གློ་བུར་དུ་སླེབ་ཅིང་མྱ་ངན་གྱིས་གདུངས་ནས་གཏམ་ལན་གཞལ་མ་ནུས་པས་ཨ་ཁ་ཁ་ཟེར་ཞིང་འདུག་པ་ན། རླུང་དམར་གྱི་གསེབ་ནས་སེར་བ་ཐ་ར་ར་འབེབས་ཤིང་། སྟེང་གི་ནམ་མཁའ་ནས་འབྲུག་སྒྲ་དྲག་པོ་འུ་རུ་རུ་སྒྲོགས་ཏེ། གློག་དམར་གྱི་ཞགས་པ་བར་སྣང་ལ་ཚུབ་ཚུབ་འཁྱུགས་ཤིང་བྱུང་བས། འདབ་ཡངས་ཀྱང་ཅི་བྱ་གཏོལ་མེད་པར་གྱུར་ནས་གད་ཁུང་ཞིག་ཏུ་འཛུལ་ནས་ཀྱི་ཧུད་ཀྱི་ཧུད་ཅེས་སྨྲ་ཞིང་འདུག་གོ དེ་ནས་སེར་བ་དྲག་ཏུ་བབས་ཏེ་ཤྭ་འོད་དང་རྦབ་རྒོད་ཀྱིས་རི་ལུང་ཁེངས་ཤིང་། གནམ་ལྕགས་ཀྱི་ཚག་སྒྲས་གནམ་ས་འགེངས་པ་ལྟར་བྱེད། ཆུ་ཀླུང་ཐམས་ཅད་རྦ་རླབས་འཕྱོ་ཞིང་གནམ་དུ་འཕྱུར་བ་སྙམ་བྱེད།

རི་ཐམས་ཅད་ནི་གྲོག་པོར་བཏང་། ཐང་ཐམས་ཅད་ནི་གྲམ་པར་བརྡལ། མཚོ་ཐམས་ཅད་ནི་ཁྲག་ཏུ་ཁོལ། རྩྭ་ལྡུམ་དང་མེ་ཏོག་ཐམས་ཅད་ཀྱང་ཆེ་བ་རྣམས་བསྙིལ། ཆུང་བ་རྣམས་བརྡལ། རིང་བ་རྣམས་བཅག ཐུང་བ་རྣམས་མནན། ཕྲ་མོ་རྣམས་རྗེས་ཤུལ་ཙམ་ཡང་མེད་པར་བྱས་ནས་འདུག་གོ ། དེའི་རྗེས་སུ་སྤྲིན་ནག་རྣམས་དྭངས་ནས་ཉི་མ་གསལ་པོ་ཞིག་ཤར་བྱུང་བས་འདབ་ཡངས་ལངས་ཏེ་པདྨའི་ཚལ་དུ་ཕྱིན་པས། སྤང་དང་འདམ་ལ་སྐྱེས་པའི་མེ་ཏོག་ཐམས་ཅད་ནི་ཆེ་བ་རྣམས་ཐང་མར་བརྡལ་ནས་བསྙིལ་འདུག ཆུང་བ་རྣམས་ནི་ཤུལ་རྗེས་ཙམ་ཡང་མི་མངོན་པར་སོང་འདུག ཆུ་ན་གནས་པའི་པདྨ་ཐམས་ཅད་ནི་སེར་བ་འབབ་པའི་ཚེ་ཆུ་གཏིང་དུ་བྱིངས་ནས་སླར་སེར་བ་དྭངས་ཚེ་ཆུ་ཁར་གཡེངས་ཤིང་འདབ་མ་ཡང་ཁ་བྱེ་སྟེ་འདུག་པ་ལ་བུང་བ་འགའ་ཞིག་འཕུར་ལྡིང་གིས་རྩེ་ཞིང་ཉམས་དགའ་དགའ་ལྟར་འདུག ངག་སྙན་གནས་པའི་མེ་ཏོག་ཀྱང་སེར་བས་མ་བཅོམ་པར་འདུག་རུང་མེ་ཏོག་ཆུ་གཏིང་དུ་བྱིངས་པས་ངག་སྙན་སྦུབས་སུ་འཐུམས་ནས་ཤི་སྟེ་རོ་ཡང་གུམ་གུམ་པོར་བྱས་ནས་གེ་སར་ལ་འབྱར་འདུག་དེར་འདབ་ཡངས་ཤིན་ཏུ་མྱ་ངན་གྱིས་ནོན་ནས་སྙིང་ཁར་འཚངས་ཤིང་མིག་མཆི་མས་གང་ནས་འདུག་སྟེ། ཉི་འོད་གསལ་བ་དང་པད་འདབ་བྱེ་བ། བུང་བ་གཞན་གྱི་རྩེ་དགའི་རྣམ་འགྱུར་སོགས་སྔར་སེམས་ལ་དགའ་བ་སྐྱེད་པ་ཐམས་ཅད་ཀྱང་སྡུག་བསྔལ་གྱི་སྣོན་པར་གྱུར་ནས་ཤིན་ཏུ་ཉམ་ཐག་པའི་སྐད་ཀྱིས་སྨྲེ་སྔགས་འདོན་པ།

ཀྱི་ཧུད་ཀྱི་ཧུད་ཀྱི་ཧུད། ། རེ་སྡུག་རེ་སྡུག་རེ་སྡུག ། སྡུག་བསྔལ་འཁོར་བའི་གནས་ཚུལ། ། སྡུག་བསྔལ་འདི་ལ་ལྟོས་དང་། ། མི་རྟག་སྒྱུ་མའི་གྲོང་ཁྱེར། ། ཞིག་ཤུལ་འདི་ལ་ལྟོས་དང་། ། མི་རྟག་འཁྲུལ་བའི་གནས་ཁང་། ། འགྱེལ་ཚུལ་འདི་ལ་ལྟོས་དང་། ། མི་བདེན་བསླུ་བའི་འདོད་ཡོན། ། འགྱུར་ཚུལ་འདི་ལ་ལྟོས་དང་། ། སྔར་ཞིག་བཀོད་པའི་མེ་ཏོག ། ད་ལྟ་འདབ་བརྒྱ་ཉམས་འདུག ། ད་ནངས་བདེ་སྐྱིད་ཡུལ་ལྗོངས། ། ད་ལྟ་སྡུག་བསྔལ་འཛོམས་འདུག ། སྔོན་ཆད་འགྲོགས་པའི་གྲོགས་བཟང་། ། ད་ལྟ་ལུས་སེམས་བྲལ་འདུག ། སྔོན་ཆད་བག་ཕེབས་འདབ་ཡངས། ། ད་རེས་རེ་ཐག་ཆད་འདུག ། སྔོན་ཆད་ཉམས་དགའི་འདོད་ཡོན། ། ད་ལྟ་སྡུག་བསྔལ་གྱུར་འདུག ། ད་ནངས་མཛེས་པའི་རྐང་དྲུག ། ད་ལྟ་རོ་རུ་གྱུར་འདུག ། སྣང་ཚུལ་འདི་ལ་བསམས་པས། ། སྐྱོ་སྐྱོ་སེམས་པ་སྐྱོའོ། ། རྨོངས་རྨོངས་བློ་སེམས་རྨོངས་སོ། ། འཁྲུག་འཁྲུག་སེམས་པ་འཁྲུག་གོ ། འདར་འདར་ལུས་སེམས་འདར་རོ། ། གློ་བུར་འཆི་བདག་བདུད་པོ། ། སྔོན་མ་ཁོང་ལ་སླེབ་སོང་། ། ངེད་ལ་ནམ་ཙམ་སླེབ་འོང་། ། མཁྱེན་ནོ་བླ་མ་མཁྱེན་ནོ། ། སྡུག་གོ་འདབ་ཡངས་སྡུག་གོ ། བློ་སྣ་ཆོས་ལ་འགྱུར་བར། ། བླ་མས་བྱིན་གྱིས་རློབས་ཤིག །


ཅེས་སོགས་སྨྲེ་སྔགས་དུ་མ་འདོན་ཞིང་ཡིད་ལྷག་པར་སྐྱོ་ནས་དེར་སྡོད་མ་ཚུགས་པས་རྩེ་མཐོ་པདྨའི་རི་བོའི་ངོས་སུ་ཕྱིན་ཏེ། བྲམ་ཟེའི་ཁྱེའུ་པདྨ་དགྱེས་པའི་གནས་དང་ཉེ་བ་གཡུ་ཤུག་ཟིལ་པ་མཐའ་ཡས་པའི་ལོ་མའི་དྲུང་ནས་འཕུར་ལྡིང་བྱེད་ཅིང་སྐྱོ་ཤས་ཀྱི་གླུ་བླངས་པ།

ཀྱེ་མ་ཉམས་དགའི་མེ་ཏོག་གི་སྐྱེད་ཚལ། ཉམས་ལ་མི་དགའ་ལསྡུག་བསྔལ་གྱི་གྲོང་ཁྱེར། ། ཡིད་འོང་འདོད་ཡོན་ཡུལ་ལྔ་ཡི་ལོངས་སྤྱོད། ། ཡིད་དུ་མི་འོང་འདུ་བྱེད་ཀྱི་སྡུག་བསྔལ། ། སྙིང་སྡུག་ཡིད་འཕྲོག་ཚེ་གང་གི་གཏན་གྲོགས། ། སྙིང་ལ་མི་སྡུག་རོ་རུལ་དུ་གྱུར་འདུག ། མཁྱེན་ནོ་མཁྱེན་ནོ་དཀོན་མཆོག་གསུམ་མཁྱེན་ནོ། ། དྲན་ནོ་དྲན་ནོ་ལྷ་ཆོས་རང་དྲན་ནོ། ། ལ་འུར་ལ་འུར་ཆོས་ལམ་ལ་ཞུགས་འགྲོ ། བརྩེགས་ཚད་འགྱེལ་ན་གནས་ཁང་གིས་ཅི་བྱེད། ། བསགས་ཚད་འཛད་ན་ནོར་རྫས་ཀྱིས་ཅི་བྱེད། ། འདུས་ཚད་འབྲལ་ན་གཉེན་འདུན་གྱིས་ཅི་བྱེད། ། མཐོ་ཚད་ལྷུང་ན་ཐོབ་ཐང་གིས་ཅི་བྱེད། ། སྐྱེས་ཚད་འཆི་ན་འདི་སྣང་གིས་ཅི་བྱེད། ། ལས་ཀྱིས་འབྲེལ་བའི་བརྩེ་གདུང་གི་ཟླ་གྲོགས། ། བར་དོའི་ཡུལ་ན་ད་ལྟ་ཙམ་སླེབ་ཡོད། ། ཤི་ན་རེ་ས་ལྷ་ཆོས་ལས་མི་འདུག ། ཕན་པའི་ལྷ་ཆོས་རང་བྱས་ཤིག་མེད་ན། ། འབྱོར་ཀྱང་ནོར་གྱིས་ཉོ་རྒྱུ་ནི་མི་འདུག ། མང་ཡང་དཔུང་གིས་འཕྲོག་རྒྱུ་ནི་མི་འདུག ། མཐུན་ཡང་གྲོགས་ལ་བླུ་རྒྱུ་ནི་མི་འདུག ། ལས་དཀར་རྫོངས་ལ་བསྐུར་རྒྱུ་ནི་མི་འདུག །

གཤིན་རྗེའི་ཁྲིམས་ལ་ཕྱི་བཞག་ནི་མི་འོང་། ། མ་བསྒྲུབས་བཞག་པའི་ཐོས་པ་དེས་མི་ཕན། ། མ་རྨོས་བཞག་པའི་ས་ཞིང་དེས་མི་ཕན། ། མ་ཞོན་བཞག་པའི་རྟ་ཕོ་དེས་མི་ཕན། ། ད་ནི་ཅིས་ཀྱང་དགོས་མེད་ཅིག་དྲན་པས། ། མི་ཚེའི་ལྷག་མ་ལྷ་ཆོས་ལ་དྲིལ་གཏོང་། ། དགྲ་ཡང་མི་བསམ་འདུལ་ཐབས་ནི་མིི་བྱེད། ། གཉེན་ཡང་མི་བསམ་སྐྱོང་བྲན་ནི་མི་བསྒྲུབ། ། ནོར་ཡང་མི་བསམ་གསོག་འཇོག་ནི་མི་ཁོམ། ། དཔོན་ཡང་མི་བསམ་ངོ་སྲུང་ནི་མི་འཛོམ། ། གྲོགས་ཀྱང་མི་བསམ་བརྩེ་གདུང་ནི་མི་མོས། ། གོས་ཀྱང་མི་བསམ་དྲོ་འཇམ་ནི་མི་འབྱོར། ། ཟས་ཀྱང་མི་བསམ་ཞིམ་མངར་ནི་མི་རྙེད། ། གནས་ཀྱང་མི་བསམ་མཁར་ཁང་ནི་མི་འཛིན། ། ཚེ་འདིི་མི་བསམ་འདི་སྣང་འདི་བདུད་རེད། ། ཅིར་ཡང་མི་བསམ་འཁྲུལ་སྣང་འདི་དགྲ་རེད། ། རྟོག་མེད་ངང་ལ་བག་ཡངས་སུ་གནས་ཤིང་། ། བསམ་མེད་ངང་དུ་མཉམ་བཞག་རང་ལྷོད་དེ། ། སྒོམ་མེད་ངང་ནས་ཆོས་སྐུ་དང་མཇལ་བའི། ། རི་སུལ་ཉལ་བའི་རྟོགས་ལྡན་དེ་སྐྱིད་དོ། ། འཁྲུལ་སྣང་ཞིག་པས་རྣམ་རྟོག་ནི་མི་མང་། ། སྤང་བླང་ཞིག་པས་བཅོས་མ་ནི་མི་བྱེད། ། རེ་དོགས་ཞིག་པས་ཞེ་འདོད་དང་བྲལ་བའི། ། འཁྲུལ་པ་ཞིག་པའི་ཞིག་པོ་དེ་སྐྱིད་དོ། །


འཁྲུལ་སྣང་ཞིག་པས་རྣམ་རྟོག་ནི་མི་མང་། ། སྤང་བླང་ཞིག་པས་བཅོས་མ་ནི་མི་བྱེད། ། རེ་དོགས་ཞིག་པས་ཞེ་འདོད་དང་བྲལ་བའི། ། འཁྲུལ་པ་ཞིག་པའི་ཞིག་པོ་དེ་སྐྱིད་དོ། ། སེམས་ཉིད་མ་བཅོས་ཐ་མལ་གྱི་ཤེས་པ། ། རལ་པ་མ་བཅོས་ལྕང་མོ་ཡི་ཟར་བུ། ། སྤྱོད་ལམ་མ་བཅོས་གཏད་མེད་དུ་བྱུང་རྒྱལ། ། བཅོས་མ་སྤངས་པའི་རྣམ་འབྱོར་དེ་སྐྱིད་དོ། ། གཏུམ་མོ་སྦར་བས་གཅེར་བུ་རུ་བག་ཡངས། ། ཏིང་འཛིན་འབྱོངས་པས་ཟས་མེད་དུ་ཉམས་དགའ། ། རང་རིག་རྟོགས་པས་གཅེར་བུ་རུ་ལྷོད་ཆགས། ། ལམ་རྟགས་འབྱོངས་པའི་གྲུབ་ཐོབ་དེ་སྐྱིད་དོ། ། སྙིང་རུས་ཆེ་བས་དཀའ་ཐུབ་ལ་སེམས་སྤྲོ། ། དམ་བཅའ་ཐུབ་པས་གཅིག་པུ་རུ་སྡོད་ཚུགས། ། ཆུ་དང་རྡེའུའི་བཟའ་བཏུང་གིས་འཚོ་བའི། ། བརྟུལ་ཞུགས་གྲུབ་པའི་དྲང་སྲོང་དེ་སྐྱིད་དོ། ། གང་ཡང་སྐྱིད་དོ་ཆོས་བཞིན་དུ་སྤྱོད་ཚད། ། སུ་ཡང་སྡུག་གོ་ཚེ་འདི་ལ་ཞེན་ཚད། ། ནམ་ཡང་སྐྱིད་དོ་དབེན་པ་ཡི་རི་ངོགས། ། ཅིས་ཀྱང་སྡུག་གོ་འཁོར་བ་ཡི་གྲོང་ཁྱེར། ། གཏན་དུ་འཚེང་ངོ་དཀོན་མཆོག་ལ་བརྟེན་ཚད། ། ནམ་ཡང་ཕུང་ངོ་ཁེ་གྲགས་ལ་རེ་ཚད། ། གོང་གི་དཔོན་ལ་འཇལ་འཇལ་ནི་འཇལ་ཡོད། །

འཇལ་ཚོད་མི་འདུག་གང་དགའ་རུ་བསྐྱུར་ཐོངས།། འོག་གི་གཡོག་ལ་བྱིན་བྱིན་ནི་བྱིན་ཡོད།། སྦྱིན་ཚོད་མི་འདུག་གང་དགའ་རུ་བསྐྱུར་ཐོངས།། བར་གྱི་གཉེན་ལ་བསྐྱངས་བསྐྱངས་ནི་བསྐྱངས་ཡོད།། བསྐྱངས་ཚོད་མི་འདུག་གང་དགའ་རུ་བསྐྱུར་ཐོངས།། སྡང་བའི་དགྲ་ལ་འཐབ་འཐབ་ནི་འཐབ་འཐབས་ཡོད།། འཐབ་ཚོད་མི་འདུག་གང་དགའ་རུ་བསྐྱུར་ཐོངས།། རྨོས་པའི་ཞིང་ལ་བཏབ་བཏབ་ནི་བཏབ་ཡོད། ། འདེབས་ཚོད་མི་འདུག་ཐ་རྒོད་དུ་བསྐྱུར་ཐོངས། ། བརྩེགས་པའི་མཁར་དུ་བསྡད་བསྡད་ནི་བསྡད་ཡོད། ། འདུག་ཚོད་མི་འདུག་དབེན་རི་ལ་ཆས་འགྲོ ། བཟའ་བའི་ཟས་ལ་ཟོས་ཟོས་ནི་བཟས་ཡོད། ། ཟ་ཚོད་མི་འདུག་དཀའ་ཐུབ་ལ་བརྟེན་འགྲོ ། བགོ་བའི་གོས་ལ་གྱོན་གྱོན་ནི་གྱོན་ཡོད། ། གྱོན་ཚོད་མི་འདུག་གཅེར་བུར་རུ་འཕྱོ་འགྲོ ། ད་བྱེད་ད་བྱེད་ལྷ་ཆོས་རང་བྱེད་དོ། ། ད་སྒྲུབ་ད་སྒྲུབ་འཆི་ཆོས་ཤིག་སྒྲུབ་བོ། ། དམ་བཅའ་ཡིན་ནོ་ལྷ་རྣམས་ཀྱིས་དགོངས་མཛོད། ། ཁས་ལེན་ཡིན་ནོ་རང་སེམས་འདི་དབང་ངོ་། །

ཞེས་ཟེར་བར་པདྨ་དགྱེས་པའི་བསམ་པ་ལ། གསེར་སྦྲང་འདབ་ཡངས་འདི་སྔོན་ནས་ཆོས་ལ་དཀར་ཞིང་བྱ་བ་གང་ཡང་ཚུགས་ཐུབ་ཅིང་གཞུང་བཟང་བ་ཞིག་ཡིན་མོད་ཀྱི། ད་རེས་རྐྱེན་གྱིས་བསྒྱུར་བའི་ངེས་འབྱུང་གློ་བུར་བ་ལ་ནམ་ཕུགས་རང་མེད་ལས་ཆེ་ཡང་བརྟག་དཔྱད་ཅིག་བྱེད་དགོས་སྙམ་ནས་འདི་སྐད་དུ།

ཀྱེ་ལགས་གསེར་སྦྲང་འདབ་ཡངས་སྙིང་གི་གྲོགས། ། གཅིག་པུར་སྐྱོ་གླུ་ལེན་པ་ཇི་ལྟར་ལགས། ། ད་རེས་ལས་ཀྱིས་བསྐོས་པའི་གཏན་གྲོགས་ལ། ། གློ་བུར་ཆི་བདག་ཞགས་པས་བཏབ་ན་ཡང་། ། ཐུགས་ངལ་མ་མཛོད་སྙིང་ལ་རུས་པ་བསྐྱེད། ། ལྷ་ཆོས་གཞི་མ་མི་ཆོས་ཕུན་སུམ་ཚོགས། ། མི་ཆོས་ཟེར་བ་འཁོར་བའི་བདེ་སྐྱིད་ཡིན། །

བདེ་སྐྱིད་མི་འདོད་ཆོས་ཀྱི་ཅི་ཞིག་བྱ།། ཆོས་ལྷུར་ལེན་ལ་བདེ་སྐྱིད་འདོད་པ་ཡིན།། གྲོགས་གཅིག་ཤི་ཡང་གྲོགས་ཀྱིསམག་ལ་ཕོངས།། ཤི་བས་ཐབས་ཆག་འཁོར་བའི་པེ་ལ་མེད།། སྐྱིད་སྡུག་རེས་མོས་འཁོར་བའི་གནས་ཚུལ་ཡིན།། སྐྱིད་དམ་སྙམ་པ་ད་དུང་བརྒྱ་རེ་འོང་།། གློ་བུར་ངེས་འབྱུང་རཱ་ཛའི་ཆོ་འཕྲུལ་ཡིན།། དེ་ལ་སྙིང་པོ་མེད་པ་མ་དགོངས་སམ།། འཕྲལ་སྣང་དད་པ་བློ་ཡི་འགྱུར་བག་ཡིན།། དེ་ལ་ནམ་ཕུགས་མེད་པ་མ་དགོངས་སམ།། ཐོ་ཅོའི་གཏོང་ཕོད་ཨ་ལ་ཧ་སུད་ཡིན།། དེ་ལ་འབྲས་བུ་མེད་པ་མ་དགོངས་སམ།། རྐྱེན་ངན་གློ་རྡེག་འཕྲལ་སྣང་སྐད་ཅིག་ཡིན།། དེ་ལ་ཕུང་འཚེངས་མེད་པ་མ་དགོངས་སམ།། ལུགས་གཉིས་ཟུང་འབྲེལ་མཁས་པའི་བསྒྲུབ་བྱ་ཡིན།། དེ་ལ་ཐར་ལམ་ཡོད་པ་མ་དགོངས་སམ།། འདོད་ཡོན་ལམ་ཁྱེར་གསང་སྔགས་ཐབས་མཁས་ཡིན།། དེ་ལ་ཉེ་ལམ་ཡོད་པ་མ་དགོངས་སམ། ། རྒྱལ་པོའི་ས་འཛིན་རྒྱལ་སྲས་སྤྱོད་པ་ཡིན། ། དེ་ལ་འགྲོ་དོན་ཡོད་པ་མ་དགོངས་སམ། ། ནོར་རྫས་བསགས་པ་ཅན་ལ་སྦྱིན་གཏོང་ཡོད། ། དེ་ལ་ཕྱིན་དྲུག་ཚང་བ་མ་དགོངས་སམ། ། ཞེ་བཅད་མེད་པའི་དམ་བཅའ་མང་བ་དེ། ། མཐར་ཐུག་འགལ་བ་མངབའི་རྒྱུར་ཤེས་དགོས། ། སྙིང་རུས་མེད་པའི་དཀའ་ཐུབ་བྱེད་པ་དེ། ། མཐར་ཐུག་ལོག་ལྟ་སྐྱེ་བའི་རྒྱུ་ཡིན་གཟབ། ། ནམ་ཕུགས་མེད་པའི་ཞེན་ལོག་ངེས་འབྱུང་དེ། ། མཐར་ཐུག་རང་ཆུས་ཤོར་བའི་རྒྱུ་ཡིན་གཟབ། ། ཏི་འཛིན་མ་སྐྱེས་དབེན་རི་འཛིན་པ་དེ། ། མཐར་ཐུག་མུན་པ་སྐྱེ་བའི་རྒྱུ་ཡིན་གཟབ། ། ལྟ་བ་མ་རྟོགས་གཉན་ས་འགྲིམས་པ་དེ། ། མཐར་ཐུག་ལྷ་འདྲེས་བརླམ་པའི་རྒྱུ་ཡིན་གཟབ། །

གྲུབ་པ་མ་ཐོབ་བརྟུལ་ཞུགས་སྤྱོད་པ་དེ། ། མཐར་ཐུག་དམྱལ་བར་སྐྱེ་བའི་རྒྱུ་ཡིན་གཟབ། ། རང་རྒྱུད་མ་འགྱུར་ཆ་ལུགས་བསྒྱུར་བ་དེ། ། མཐར་ཐུག་གཞན་གྱིས་ཁྲེལ་བའི་རྒྱུ་ཡིན་གཟབ། ། བརྟག་དཔྱད་མ་བཏང་ཙབ་ཙོབ་བློ་མང་དེ། ། མཐར་ཐུག་འགྱོད་པ་སྐྱེ་བའི་རྒྱུ་ཡིན་གཟབ། ། གཅིག་ཏུ་མ་ངེས་བྱ་སྤྱོད་གྲངས་མང་དེ། ། མཐར་ཐུག་ཐམས་ཅད་སུན་པའི་རྒྱུ་ཡིན་གཟབ། ། མཐོང་ལམ་མ་ཐོབ་མངོན་ཤེས་འཆད་པ་དེ། ། མཐར་ཐུག་རང་གཞན་ཕུང་བའི་རྒྱུ་ཡིན་གཟབ། ། སྙིང་རྗེ་མ་འབྱོངས་འགྲོ་དོན་བྱེད་པ་དེ། ། མཐར་ཐུག་ཞེན་པ་སྐྱེ་བའི་རྒྱུ་ཡིན་གཟབ། ། སྟབས་གཟབ་རྟོག་དཔྱོད་ཞིབ་ཏུ་མ་བཏང་བར། ། སེམས་ལ་དྲན་ཚད་ཁ་རུ་འདོན་མི་རུང་། ། ཁ་ཡིས་སྨྲས་ཚད་ལག་ཏུ་ལེན་མི་རུང་། ། འཇུས་ནས་མ་ཤོར་བ་ཞིག་གནད་དུ་ཆེ།། བཟུང་ནས་མ་བཏང་བ་ཞིག་གནད་དུ་ཆེ། ། བཤད་ནས་མ་བརྫུན་པ་ཞིག་གནད་དུ་ཆེ། ། གསེར་སྦྲང་ཐིག་ལེའི་ཐུགས་ལ་དེ་ལྟར་ཞོག ། བག་ཡངས་པདྨ་དགྱེས་པའི་སྙིང་གཏམ་ཡིན། ། རང་བློའི་ཉམས་མྱོང་ཡིན་གྱི་ཐུགས་མ་ཁྲེལ། ། བརྩེ་བའི་གསང་གཏམ་ཡིན་གྱི་བཀའ་མ་བཀྱོན། ། ཐུགས་བཞག་བརྟག་དཔྱད་མཛོད་དང་བདེན་གཏམ་ཡིན། ། ཟེར་བས། གསེར་སྦྲང་གི་ཡིད་ལ་ཟུང་ཟད་མ་འཐད་ནས་འདི་སྐད་དུ། ། ཨེ་མ་དབེན་པའི་ནགས་ཚལ་ན། ། བྲམ་ཟེའི་ཁྱེའུ་ལྷོད་རེ་ཆགས། ། པདྨ་དགྱེས་པ་ཉམས་རེ་དགའ། ། གཅིག་པུར་ལུས་པའི་སྦྲང་ཆུང་ལ། ། སྐྱོ་གྲོགས་བྱེད་པ་འདྲིས་གཞུང་བཟང་། ། སྐྱོ་གླུ་ལེན་པའི་འདབ་ཡངས་ལ། ། གསང་གཏམ་འཆད་པ་ཕྱི་ཐག་རིང་། ། མྱ་ངན་གདུངས་པའི་གསེར་སྦྲང་ལ། ། སེམས་གསོ་བྱེད་པ་སྐུ་དྲིན་ཆེ། ། ལུགས་གཉིས་མཐུན་པའི་གསུང་སྒྲོས་ལ། ། དོན་བཟང་ཡོད་པ་ངོ་མཚར་ཆེ། ། སྡུག་བསྔལ་འཁོར་བ་གནས་ཚུལ་ལ ། ། སྐྱོ་བ་སྐྱེས་པའི་སྦྲང་ཆུང་ང་། ། སྔོན་ནས་དམ་པའི་དྲུང་དུ་བསྡད། ། བློ་རྩེ་དམ་པའི་ཆོས་ལ་གཏད། །

སྒྲུབ་པའི་དམ་བཅའ་སྙིང་ལ་བྲིས། ། གློ་བུར་རྣམ་འགྱུར་ཡིན་རེ་ཤི ། དབེན་པའི་ནགས་ཚལ་སྙིང་ལ་བཅངས། ། གོང་མའི་རྣམ་མཐར་ཡིད་ལ་བཞག ། བྱིས་པའི་བསམ་སྤྱོད་བྱས་རེ་ཤི ། བློ་རྩེ་དཀོན་མཆོག་གསུམ་ལ་གཏད། ། དྲིན་ཆེན་བླ་མ་གཙུག་ཏུ་ཁུར། ། གཏད་ས་ནོར་བ་ཡོད་རེ་ཤི ། སྡང་བའི་དགྲ་ལ་ཁོག་ཡངས་བྱས། ། བྱམས་པའི་གཉེན་ལ་ཕྱི་གཞུང་བཟུང་། ། སྡུག་འཐབ་ཁོང་ཁྲོ་བྱེད་རེ་ཤི ། མཆོད་པ་དཀོན་མཆོག་གསུམ་ལ་འབུལ། ། སྦྱིན་པ་མ་ནུས་པ་ལ་གཏོང་། ། འབྲས་མེད་སྦྱིན་གཏོང་བྱེད་རེ་ཤི ། རང་གི་ཡོན་ཏན་སྦུབས་སུ་བསྐྱིལ། ། གཞན་གྱི་ཡོན་ཏན་དར་བཞིན་འཕྱར། ། ཐོ་ཅོ་ང་རྒྱལ་བྱེད་རེ་ཤི། ། ཚེ་གང་བསྐོས་པའི་གཏན་གྲོགས་ལ། ། འཆི་བདག་ཞགས་པས་གློ་བུར་ཐེབས། ། ད་རེས་མི་རྟག་མངོན་སུམ་མཐོང་། ། སྐྱོ་ཤས་ངེས་འབྱུང་གཏིང་ནས་སྐྱེས། ། གཏམ་ལ་ཟོལ་ཟོག་ཡོད་རེ་ཤི ། དམ་བཅའ་སྙིང་གི་དབུས་སུ་བྲིས། ། ལག་ལེན་བརྩོན་འགྲུས་ལྕག་གིས་འདེབས། ། ཚིག་ལ་བརྪུན་པ་ཡོད་རེ་ཤི ། ཡིད་མཐུན་པདྨ་དགྱེས་པ་ཁྱོད། ། བློ་མ་སངས་རྒྱས་དངོས་དང་མཇལ། ། ཟབ་རྒུའི་གདམས་ངག་མངའ་ལགས་སམ། ། ཐོས་བསམ་ཕྱོགས་མེད་གཞུང་ལ་བྱས། ། ཚིག་གི་སྒྲོ་འདོགས་ཆོད་ལགས་སམ། ། ཉམས་ལེན་དབེན་པའི་གནས་སུ་བསྐྱངས། ། བཅོས་མིན་རྟོགས་པ་སྐྱེས་ལགས་སམ། ། སྐྱིད་གླུ་བྲག་རིའི་དྲུང་ནས་བླངས།། ཉམས་སྣང་རྩལ་ཁ་འབར་ལགས་སམ། ། སྤྱོད་པ་བག་ཡངས་བྱུང་རྒྱལ་བྱས། ། རོ་སྙོམས་ལམ་དུ་ལོངས་ལགས་སམ། ། ལྟད་མོ་འཁོར་བའི་གྲོང་ལ་བལྟས། ། སྐྱོ་ཤས་གཏིང་ནས་སྐྱེས་ལགས་སམ། ། ཆོས་དང་མཐུན་པའི་གཏམ་སྨྲོས་ཤིག ། ལམ་དང་མཐུན་པའི་གླུ་ཞིག་ལོངས། ། མི་རྟག་སྟོན་པའི་དཔེ་ཞིག་ཤོད། ། འཁོར་བའི་གྲོང་ཁྱེར་སྨ་ཕབ་མཛོད། ། ཐར་པའི་ལམ་གྱི་ཡོན་ཏན་ཤོད། ། དབེན་པའི་རི་ལ་བསྔགས་བརྗོད་གྱིས། ། གསེར་གྱི་སྦྲང་ཆུང་འདབ་ཡངས་ང་། ། སྡོད་ས་དབེན་པའི་རི་ལ་བྱེད། ། བརྩེ་གདུང་ལྷ་ཆོས་གྲོགས་ལ་བྱེད། ། ལྟད་མོ་རང་གི་སེམས་ལ་བལྟ། ། ཡིད་མཐུན་བགྲོ་གླེང་ཁྱེད་ལ་བྱེད། ། ཚིག་ལ་སྦ་གསང་མེད་པ་ཞུ། །

ཞེས་ཟེར་བས། བྲམ་ཟེའི་ཁྱེའུ་པདྨ་དགྱེས་པས་ཀྱང་། གསེར་གྱི་སྦྲང་ཆུང་འདབ་ཡངས་འདི་གཞུང་བཟང་ཕྱི་ཐག་རིང་ཞིང་ཚུགས་ཐུབ་པ་ཡིན་པས། ཐོ་ཅོའི་བློ་མང་བྱེད་པའི་ཕལ་པ་དང་མི་འདྲ་བ་ཙམ་ཞིག་ཡོད། གང་ལྟར་ཡང་ད་ལྟའི་ཟེར་ཚུལ་ལ་དཔགས་ན་གཏིང་ནས་ཆོས་ལ་དད་པ་འདྲ་མོ་ཞིག་འདུག་པས། དེ་ལྟར་ན་ཁོང་གི་བློ་ན་འཐད་པའི་གཏམ་ཞིག་དགོས་སྙམ་ནས་འདི་སྐད་དུ།

ཀྱེ་ཀྱེ་ཡིད་གཅུགས་སྙིང་གི་གྲོགས། ། གསེར་གྱི་སྦྲང་ཆུང་འདབ་ཡངས་ཁྱོད། ། བློ་གཏད་དཀོན་མཆོག་གསུམ་ལ་བྱས། ། ཡིད་ཆེས་དམ་པའི་ཆོས་ལ་འབུངས། ། སྐྱོ་ཤས་ངེས་འབྱུང་བློ་སྣ་བསྟུང་། ། སྒྲུབ་ལ་མོས་པ་ཡོད་པ་དེ། ། ཚེ་སྔོན་ལེགས་སྨོན་སོང་བའི་རྟགས། ། འདུས་བྱས་མི་རྟག་སྒྱུ་མར་གོ ། འཁོར་བའི་གྲོང་ལ་སྐྱོ་བ་སྐྱེས། ། ཆོས་བརྒྱད་ཚེ་འདིའི་བློ་ངན་བཤོལ། ། དབེན་པའི་རི་ལ་དགའ་བ་དེ། ། ཆོས་ལ་ལས་འཕྲོ་ཡོད་པའི་རྟགས། ། རྣམ་དཔྱོད་ཐོས་བསམ་ཡུལ་ལ་ཤར། ། ལས་འབྲས་ཟབ་མོའི་སྤང་བླང་གོ ། རྒྱལ་སྲས་དམ་པའི་མཛད་སྤྱོད་ཤེས། ། ལམ་མཆོག་འཇུག་སྒོ་རྙེད་པ་དེ། ། དམ་པའི་མགོན་གྱིས་ཟིན་པའི་རྟགས། ། སྐལ་བ་བཟང་པོའི་སྦྲང་ཆུང་ལ། ། བླ་མ་བཟང་པོའི་སློབ་མ་ངས། ། ངེས་ཤེས་བཟང་པོའི་གསལ་ཞིག་འདེབས། ། ཐུགས་བསྐྱེད་བཟང་པོའི་སྣོན་པ་མཛོད། ། མར་ལ་འཁོར་བའི་གྲོང་ཞིག་ན། ། སྣོད་ལ་འཁྲུལ་སྣང་སྒྱུ་མ་ཟེར། ། བཅུད་ལ་ཨ་འཐས་འཁྲུལ་པ་ཟེར། ། སྣོད་བཅུད་འཛོམས་པའི་སྐབས་ཤིག་ན། ། སྡིག་ལ་ཧབ་ཐོབ་བྱས་བྱས་ནས། ། སྡུག་བསྔལ་ནགས་མེ་མཆེད་པ་འདྲ། ། དགེ་ལ་རྒྱབ་ཀྱིས་ཕྱོགས་ཕྱོགས་ནས། ། བདེ་སྐྱིད་ནམ་ལངས་སྐར་མ་འདྲ། ། སྤྱོད་ངན་དང་དུ་བླངས་བླངས་ནས། ། དུས་ངན་དགོང་ཀའི་གྲིབ་སོ་འདྲ། ། ཞེ་སྡང་གདུག་པའི་རང་འཐག་ལ། ། འདོད་ཆགས་ཞེན་པའི་ལྟེ་ཁུང་རེད། ། མཐོ་རིས་ཡི་ཡི་ཡོས་ཁྲ་བླུགས། ། བཏགས་ཤིང་ངན་སོང་གཏིང་དུ་བབས། ། སྟེང་ནས་གོད་ཀྱི་ཆེ་ལུགས་ལ། ། ཞབས་ནས་འཕེལ་གྱི་མང་ལུགས་ལ། ། རྒྱུ་འབྲས་བབས་ཀྱི་ཞིབ་ལུགས་ལ། ། གནའ་ཞིག་འཛམ་གླིང་མི་ཡུལ་ན། ། གྲོང་ལ་མུ་དང་རྒྱུད་དུ་འབྲེལ། ། ཕན་ཚུན་བྱ་གག་འཕུར་བས་སླེབ། ། ལོངས་སྤྱོད་བདེ་སྐྱིད་ལྷ་ལ་འགྲན། ། དཔོན་ལ་འཁོར་ལོས་སྒྱུར་རྒྱལ་བཞུགས། ། མངའ་ཐང་གསེར་གྱི་འཁོར་ལོས་བསྒྱུར། ། བྲན་ལ་གླིང་བཞི་གླིང་ཕྲན་བསྐོར། ། ཁྲིམས་ལ་དགེ་བ་བཅུ་པོ་དར། ། མི་འཕེལ་མཐོ་རིས་ལྷ་ཡུལ་འགྲོ ། ལྷ་འཕེལ་མེ་ཏོག་སྐྱེད་ཚལ་གང་། ། དེང་སང་བསྐལ་པའི་སྙིགས་མ་ལ། ། གྲོང་ལ་གྱང་རལ་མུ་རུ་འབྲེལ། ། ཞིང་ལ་ཐ་བ་རྒྱུད་དུ་མཐུད། ། ལོངས་སྤྱོད་ཤ་ཁྲག་ཟས་ལ་བྱེད། ། དཔོན་ལ་དམྱལ་བའི་བང་ཆེན་བཞུགས། ། མངའ་ཐང་དམེ་ཤི་འཁྲུག་པས་བསྒྱུར། ། བྲན་ལ་ལས་ངན་སེམས་ཅན་འཁོར། ། ཁྲིམས་ལ་གཡོ་སྒྱུ་ཟ་ཐབས་དར། ། མི་ཟད་རྟིང་པ་ཁྲམ་པས་བཟུང་། །

ཁྲམ་པ་ངན་སོང་གྲོང་སྒོ་འགྲིམ། ། འཕེལ་ལ་ཚ་གྲང་དམྱལ་བ་ཆེ། ། གཡུལ་ལ་ལྷ་མིན་སྲིན་པོ་རྒྱལ། ། བཟའ་ལ་ནད་བདག་གོད་བདག་ཆེ། ། ཁྲི་ཐོག་རྒྱལ་པོས་ཁྲམ་ཞིག་བྱེད། ། ཐབས་ཀྱིས་ཉེས་མེད་ཆད་པས་གཅོད། ། བརྫུན་གྱིས་བྲན་ལ་ཉེས་པ་བགྲང་། ། གཡོ་སྒྱུས་རང་གཞན་ཕུང་ལ་སྦྱོར། ། གདུགས་ཞབས་བླ་མས་ཁྲམ་ཞིག་བྱེད། ། དམ་པའི་ཆོས་ལ་ཕག་ཅིག་གཡར། ། མངོན་ཤེས་རྫུན་གྱི་འོལ་ཚོད་སྒྲོགས། ། དབང་ལ་ནོར་གྱིས་ཉོ་བཙོང་བྱེད། ། མཐུ་ཡིས་དཔོན་ལ་ངོ་འཛིན་བྱེད། ། ཆོས་ལ་གྲོང་པའི་རྐྱེན་བཟློག་བྱེད། ། རི་ཁྲོད་སྒོམ་ཆེན་ཁྲམ་ཞིག་བྱེད། ། རི་ཁྲོད་གནས་ན་རོ་ཉལ་བྱེད། ། ཕལ་པས་མཐོང་ན་ལུས་ཚུགས་འཛིན། ། རང་ནོར་ཡོད་པ་གུད་དུ་སྦས། ། སྦྱིན་བདག་དྲུང་དུ་ཁ་བསག་བརྗོད། ། སྐྱེ་བོ་ཕལ་གྱིས་ཁྲམ་ཞིག་བྱེད། ། སེམས་ལ་རྫ་མཁན་འཕང་ལོ་འདྲ། ། ཅི་དགོས་བལྟ་ཞིང་འཁོར་ལོ་བསྐོར། ། གཏམ་ལ་མགར་བའི་ལག་ཆ་འདྲ། ། གར་འགྲོ་བལྟ་ཞིང་བདེ་ཁ་བསྒྱུར། ། བྱ་བྱེད་སོས་ཀའི་གནམ་དང་འདྲ། ། ད་ལྟ་དཀར་ཡང་ད་ལྟ་གནག ། ཕྱི་ཐག་སྦྲང་བུའི་མཆུ་དང་འདྲ། ། ཟ་ཚེ་ཡོད་དེ་ཚར་ཚེ་མེད། ། ངོ་སྲུང་ཐང་ཀའི་རི་མོ་འདྲ། ། སྔ་སོ་ལེགས་ཀྱང་ཕྱི་སོར་མེད། ། དད་འདུན་གློ་བའི་ཚོད་མ་འདྲ། ། ཁ་ལ་ཡོད་དེ་གཏིང་ལ་མེད། ། ཆོས་པ་རྣམས་ཀྱིས་ཁྲམ་ཞིག་བྱེད། ། ཐོས་བསམ་ལྕོང་མོའི་ལུས་དང་འདྲ། ། མགོ་བོ་ཆེ་སྟེ་མཇུག་མ་ཕྲ། ། དོན་གཉེར་སྦལ་པའི་ཁ་དང་འདྲ། ། ཉན་དུས་ཡོད་དེ་སྒྲུབ་དུས་མེད། ། རྫུན་གྱིས་བླ་མའི་མགོ་བོ་བསྐོར། ། གཡོ་ཡིས་ཆོས་མིན་ཆོས་སུ་བརྫུ། ། སྒྱུ་ཡིས་ཉམས་ལེན་ཁ་བཤད་བྱེད། ། ས་སྟེང་ཁྲམ་པས་བཟུང་བའི་དུས། ། བདེན་པའི་གཞུང་ལམ་གང་ནས་འཛིན། ། རྒྱལ་ཁམས་ཟོག་པོས་གང་བའི་དུས། ། མཁས་པའི་གཞུང་ལུགས་སུ་ལ་འཆད། ། རྒྱལ་པོས་རང་ཁྲིམས་བཤིག་པའི་དུས། ། འབངས་ཀྱི་སྐྱིད་སྡུག་སུ་ལ་རེ། ། བླ་མས་རང་དོན་གཉེར་བའི་དུས། ། ཉམ་ཐག་གཞན་ཕན་སུ་ཡིས་བྱེད། ། དཔོན་གྱིས་བྲན་འཁོར་བཅོམ་པའི་དུས། ། ཉམ་ཆུང་ཁ་འཛིན་སུ་ལ་རེ། ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། ། ཁྱེའུ་ཆུང་སྐྱོ་བ་གཏིང་ནས་སྐྱེས། ། མི་རྟག་སྲིན་པོའི་སོ་བར་ན། ། ཁམས་གསུམ་སེམས་ཅན་འཁོར་ཞིང་རྒྱུ། ། ད་དུང་རྟག་འཛིན་ཞེན་པས་བཅིངས། ། ཚེ་འདིར་རང་དོན་བསྒྲུབས་བསྒྲུབས་ནས། ། འཆི་ཁར་འགྱོད་པས་བྲང་ལག་འཐབ། ། སང་གི་ཚིས་ལ་བློ་ཐག་གཅོད། ། ཕྱི་མའི་ཆོས་ལ་ཕྱི་བཤོལ་བྱེད། ། ད་ནངས་གསོན་པའི་ལུས་པོ་ལ། ། དོ་དགོང་རོ་ཞེས་འབོད་ལ་ལྟོས། ། ་དང་འཇིག་རྟེན་ཕྱི་མ་གཉིས། ། སྔོན་ལ་གང་ཡོང་ཤེས་ལགས་སམ། ། ཁྱེའུ་ཆུང་པདྨ་དགྱེས་པ་ང་། ། བླ་མ་སངས་རྒྱས་དངོས་དང་མཇལ། ། ཐུགས་བརྩེ་ཐུགས་རྗེས་རྗེས་སུ་བཟུང་། ། དད་འདུན་ཡིད་ཆེས་རྩེ་གཅིག་ཡིན། ། མོས་གུས་ལྟེམ་རྐྱང་བྱེད་མ་མྱོང་། ། ཞུ་དོན་བློ་ལ་གང་ཤར་ཡིན། ། ཚིག་སྒྲོས་གདམ་ག་བྱེད་མ་མྱོང་། ། བྱེད་སྤྱོད་རང་གཤིས་ལྷུག་པ་ཡིན། ། གཡོ་སྒྱུ་ངོས་ལྐོག་བྱེད་མ་མྱོང་། ། བློ་གཏད་མི་གཅིག་ལྷ་གཅིག་ཡིན། ། སྐྱབས་གནས་གཞན་ནས་འཚོལ་མ་མྱོང་། ། དམ་པའི་དྲུང་དུ་འདུག་ཡུན་རིང་། ། མཁས་པའི་བླ་མ་བསྟེན་གྲངས་མང་། ། ཕྱོགས་མེད་གཞུང་ལུགས་མཐོང་རྒྱ་ཆེ། ། དེ་ཕྱིར་ཆོས་དང་ཆོས་འདྲ་ཤེས། ། གསེར་གྱི་སྦྲང་ཆུང་འདབ་ཡངས་ཁྱེད། ། སྙིང་ནས་ཆོས་ཤིག་མཛད་དགོངས་ན། ། སྐྱོ་ཤས་གཏིང་ནས་སྐྱེས་པ་ན། ། འདྲ་མིན་སྤང་པའི་ཆོས་ཤིག་དགོས། ། དང་པོ་ཆོས་ལམ་གཉེར་བའི་དུས། ། སྐྱོ་ཤས་འདི་ལ་འདྲ་ཞིག་ཡོད། ། སྡུག་བསྔལ་ཅན་གྱི་གདུང་ཡུས་གཅིག ། གློ་བུར་རྐྱེན་གྱིས་ཡི་ཆད་གཉིས། ། སྙིང་སྡུག་གྲོགས་ཀྱི་རེ་འཁོར་གསུམ། ། ངལ་དུབ་དཀའ་བའི་ཚེགས་ཡུས་བཞི། ། གནས་སྐབས་འགྱུར་བའི་ཁམས་འདུས་ལྔ། ། སྐྱོ་ཤས་འདྲ་སྟེ་སྐྱོ་ཤས་མིན། ། ངེས་འབྱུང་འདི་ལ་འདྲ་ཞིག་ཡོད། ། ཆ་ལུགས་འཆོས་པའི་འཕྱོར་འདོད་གཅིག ། རི་ཁྲོད་བདེ་བའི་དལ་འདོད་གཉིས། ། ནུས་མཐུ་རེ་བའི་བཟླས་བརྗོད་གསུམ། ། རྒྱལ་ཁམས་ལྟད་མོའི་གནས་བསྐོར་བཞི། ། རེ་དོགས་སྒྲུབ་པའི་ཆོས་བརྒྱད་ལྔ། ། ངེས་འབྱུང་འདྲ་སྟེ་ངེས་འབྱུང་མིན། ། རི་ཁྲོད་འཛིན་ལ་འདྲ་ཞིག་ཡོད། ། ཕྱི་དམ་ནང་ལྷོད་དེ་དང་གཅིག ། ཁྲིག་མེད་བག་ཡངས་དེ་དང་གཉིས། ། ལག་ཤེས་རིག་གནས་སྦྱོང་དང་གསུམ། ། འཕྲལ་སྤྱོད་བྱ་བླག་མང་དང་བཞི། ། གཉིད་ཉལ་མི་ཚེ་འཕུལ་དང་ལྔ། ། རི་ཁྲོད་བསྡད་ཀྱང་སྙིང་པོ་མེད། ། ཞེན་ལོག་འདི་ལ་འདྲ་ཞིག་ཡོད། ། མི་ཆོས་མ་ཕེར་བྲོས་ཁུང་གཅིག ། སྨྱོ་རྒོད་རྒྱུག་པའི་ཐོ་ཅོ་གཉིས། ། བསམ་བློ་མ་བཏང་ཁ་ཕོ་གསུམ། ། མདོ་མེད་ནོར་ལ་རྩིས་ཆུང་བཞི། ། བློ་མེད་འཕྲལ་གྱི་ཐབས་རྡུགས་ལྔ། ། ཞེན་ལོག་འདྲ་སྟེ་ཞེན་ལོག་མིན། ། རྒྱལ་ཁམས་འགྲིམས་ལ་འདྲ་ཞིག་ཡོད། ། ལྟད་མོ་བལྟ་བའི་མཚར་འདོད་གཅིག ། དད་པ་མ་སྐྱེས་གནས་མཇལ་གཉིས། ། ཕན་ཡོན་མི་ཤེས་བསྐོར་བ་གསུམ། ། ཟ་འདོད་བསྙད་ཚོལ་ཁྲམས་པ་བཞི། ། བསམ་བློ་མ་བཏང་སྐོར་རྒྱུག་ལྔ། ། གནས་བསྐོར་འདྲ་སྟེ་གནས་བསྐོར་མིན། ། མཚམས་སྒྲུབ་བྱེད་ལ་འདྲ་ཞིག་ཡོད། ། ལྟར་སྣང་མེད་པའི་བཟླས་བརྗོད་གཅིག ། ངེས་ཤེས་མེད་པའི་བསྐྱེད་རྫོགས་གཉིས། ། ནུས་མཐུ་རེ་བའི་དྲག་སྒྲུབ་གསུམ། ། རྣམ་གྲངས་བརྩི་བའི་དུ་སོང་བཞི། ། འདིར་སྣང་རེ་བའི་ཕྲིན་སྒྲུབ་ལྔ། ། མཚམས་སྒྲུབ་འདྲ་སྟེ་སྙིང་པོ་མེད། ། བར་དུ་ཉམས་སུ་ལེན་པའི་དུས། ། སྐྱབས་འགྲོ་འདི་ལ་འདྲ་ཞིག་ཡོད། །

ཚིག་ཙམ་གསོག་པའི་ཁ་གྲངས་གཅིག ། ཁྱེད་ཤེས་བློ་གཏད་མི་ཤེས་གཉིས། ། སྐྱབས་ཡུལ་ཁྱད་པར་མི་ཤེས་གསུམ། ། དཀོན་མཆོག་ཡོན་ཏན་མི་ཤེས་བཞི། ། རེ་འཁོང་བྱེད་པའི་སྐྱོབས་འགྲོ་ལྔ། ། སྐྱབས་འགྲོ་འདྲ་སྟེ་སྙིང་པོ་མེད། ། སེམས་བསྐྱེད་འདི་ལ་འདྲ་ཞིག་ཡོད། ། རང་བཟང་འདོད་པའི་སེམས་བསྐྱེད་གཅིག ། རྣམ་སྨིན་འབྲས་བུ་འདོད་དང་གཉིས། ། ཕྱོགས་རིས་ཅན་གྱི་སྙིང་རྗེ་གསུམ། ། ཁ་ཙམ་བྱེད་པའི་སེམས་བསྐྱེད་བཞི། ། བསླབ་བྱ་མི་ཤེས་གོ་ཡུལ་ལྔ། ། སེམས་བསྐྱེད་ཟེར་ཡང་སྙིང་པོ་མེད། ། བསྐྱེད་རིམ་འདི་ལ་འདྲ་ཞིག་ཡོད། ། གསལ་སྣང་མ་ཟིན་ང་རྒྱལ་གཅིག ། ང་རྒྱལ་མེད་པའི་གསལ་སྣང་གཉིས། ། རང་རྒྱུད་འཛིན་པའི་རེ་དོགས་གསུམ། ། སེམས་བསྐྱེད་མེད་པའི་དྲག་ཤུལ་བཞི། ། དག་རྫོགས་སྨིན་གསུམ་མི་སྦྱོར་ལྔ། ། བསྐྱེད་རིམ་ཟེར་ཡང་འཁོར་བའི་རྒྱུ། ། རྫོགས་རིམ་འདི་ལ་འདྲ་ཞིག་ཡོད། ། འོད་གསལ་མི་ཤེས་རྩ་རླུང་གཅིག ། སྒྱུ་མར་མི་འབྱོངས་རྨི་ལམ་གཉིས། ། རྩ་མདུད་མི་གྲོལ་ཐབས་ལམ་གསུམ། ། གྲོལ་ལུགས་མི་ཤེས་ཕྱག་རྫོགས་བཞི། ། སྣང་ངོར་ཞེན་པའི་ཐོད་རྒལ་ལྔ། ། རྫོགས་རིམ་ཟེར་ཏེ་སྙིང་པོ་མེད། ། ཐ་མ་བསྒྲུབས་འབྲས་འབྱིན་པའི་དུས། ། གཞན་དོན་བྱེད་ལ་འདྲ་ཞིག་ཡོད། ། ཉམས་སྣང་བསྒྲུབས་པའི་མངོན་ཤེས་གཅིག ། ལྷ་འདྲེས་བརླམས་པའི་གྲུབ་རྟགས་གཉིས། ། ཆོས་བརྒྱད་སྒྲུབ་པའི་ཆོས་བཤད་གསུམ། ། ཆོས་ལ་མི་འཁོདའཁོར་སྡུད་བཞི། ། རང་ཉམས་མེད་པའི་ཁྲིད་བཤད་ལྔ། ། འགྲོ་དོན་འདྲ་སྟེ་སྙིང་པོ་མེད། ། འདྲ་མིན་ལྔ་བཅུ་རྩ་ལྔ་འདི། ། གཞན་སྐྱོན་ལྟ་བའི་མེ་ལོང་མིན། ། ངས་ཀྱང་རང་ལ་གསལ་འདེབས་ཡིན། ། ཁྱེད་ཀྱང་རྒྱུན་དུ་ཐུགས་ལ་ཆོངས། ། ལྟར་སྣང་ཆོས་བཞིན་བྱེད་པའི་དུས། ། འདྲ་མིན་གོལ་ས་བྱུང་མ་བྱུང་། ། ཞུ་དག་ཞིབ་ཏིག་ནན་ཏན་དགོས། ། ཚིག་ལ་སྙན་ཆ་མི་ཆེ་ཡང་། ། དོན་ལ་ཟབ་དགུའི་རོ་བཅུད་བདའ། ། མཚུངས་མེད་བླ་མའི་ཞལ་རྒྱུན་ཡིན། ། སྙིང་ནས་དམ་ཆོས་མཛད་དགོངས་ན། ། ཁ་ཕོ་ཁ་བཤད་བྱེད་རྒྱུ་མེད། ། ཤོམ་ར་བཅའ་ག་བསྒྲིག་རྒྱུ་མེད། ། དུས་ཚོད་ངོས་བཟུང་བྱེད་རྒྱུ་མེད། ། ཕར་ལ་ཆོས་སྙོགས་འགྲོ་མི་དགོས། ། ལྷ་ཆོས་ལུས་དང་ཡན་ལག་འདྲ། ། ནམ་དགོས་རང་གི་དྲུང་ན་ཡོད། ། སྐད་ཅིག་རེར་ཡང་སྙིང་རུས་དགོས། ། ཐང་ཅིག་རེར་ཡང་གསལ་འདེབས་དགོས། ། ཡུད་ཙམ་རེེར་ཡང་ཞུ་དག་དགོས། ། ཉིན་ཞག་རེར་ཡང་བསྔོ་བགྲང་དགོས། ། ནངས་མ་རེར་བཞིན་དམ་བཅའ་དགོས། ། ཐུན་རེ་བཞིན་དུ་བརྟག་དཔྱད་དགོས། ། ཞར་དང་ཞོར་ལ་མི་འབྲལ་དགོས། ། དུས་དང་རྒྱུན་དུ་མི་བརྗེད་དགོས། །

ཉམས་ལེན་ཞིབ་ལ་མ་ཕེབས་ན། ། ཤོམ་ར་ཆེ་བའི་ཆོས་པ་དེ། ། ཆོས་གཟུགས་འོང་བའི་དོན་འབྲས་མེད། ། ལེ་ལོས་རི་ལ་ཁྱེར་དང་གཅིག ། རྣམ་གཡེངས་དགོན་པར་སྒྲུབ་དང་གཉིས། ། སྐྱིད་འདོད་དབེན་པ་འཚོལ་དང་གསུམ། ། དེ་ལས་སྡུག་པ་སྲིད་ན་མེད། ། དགོངས་སམ་གསེར་སྦྲང་ལྷ་ཡི་སྲས། ། སྐྱིད་ན་ཉོན་མོངས་དུག་ལྔ་འབར། ། སྡུག་ན་སྔོན་བསགས་ལས་ངན་འཛད། ། སྡུག་བསྔལ་བླ་མའི་ཐུགས་རྗེ་ཡིན། ། བསྟོད་ན་མི་དགའ་སྨད་ན་དགའ། ། བསྟོད་ན་ང་རྒྱལ་ཁེངས་སེམས་ཆེ། ། སྨད་ན་རང་སྐྱོན་ཐེར་ལ་འབུད། ། མི་ཁ་ལྷ་ཡི་ཕ་འབབ་ཡིན། ། མཐོ་ན་མི་དགའ་དམའ་ན་དགའ། ། མཐོ་ན་ཕྲག་དོག་ང་རྒྱལ་སྐྱེ། ། དམའ་ན་བག་ཡངས་དགེ་སྦྱོར་འཕེལ། ། དམན་ས་གོང་མའི་གདན་ས་ཡིན། ། འབྱོར་ན་མི་དགའ་རྒུད་ན་དགའ། ། འབྱོར་ན་གསོག་སྲུང་སྡུག་བསྔལ་ཆེ། ། རྒུད་ན་དཀའ་སྤྱད་ལྷ་ཆོས་འགྲུབ། ། སྤྲང་ལུས་ཆོས་པའི་གཏད་སོ་ཡིན། ། བྱིིན་ན་མི་དགའ་འཕྲོག་ན་དགའ། ། བྱིན་ན་ལན་ཆགས་འཁུར་པོ་འཕེལ། ། འཕྲོག་ན་ཚེརབས་བུ་ལོན་སོད། ། ཆོག་ཤེས་འཕགས་པའི་སྤྱི་ནོར་ཡིན། ། གཉེན་ལ་མི་དགའ་དགྲ་ལ་དགའ། ། གཉེན་གྱིས་ཐར་ལམ་བར་དུ་གཅོད། ། དགར྄བོ་བཟོད་པའི་ཡུལ་དུ་བྱེད། ། རོ་སྙོམས་ཉམས་ལེན་གནད་འགག་ཡིན། ། ཆོས་བཞིན་མཛད་ན་དེ་འདྲ་དགོས། ། བློ་ཐག་ཆོད་ན་དེ་འདྲ་དགོས། ། རི་ཁཽད་འཛིན་ན་དེ་འདྲ་དགོས། ། རྒྱལ་ཁམས་འགྲིམ་ན་དེ་འདྲ་དགོས། ། གདམས་ཟབ་གནད་ཀྱི་མདོ་འགག་དྲུག ། ཕ་གཅིག་བླ་མའི་ཞལ་རྒྱུན་ཡིན། ། བུ་གཅིག་སེམས་ཀྱི་གཏད་སོ་ཡིན། ། སྙིང་གི་སྙིང་པོ་ཚིག་དྲུག་འདི། ། གྲོགས་གཅིག་ཁྱོད་རང་མ་ལགས་པ། ། གཞན་ལ་ཚིག་ཟུར་ཕུད་པ་མེད། ། ཨེ་མ་གསེར་སྦྲང་ལྷ་ཡི་སྲས། ། གནས་ལ་རྩེ་མཐོ་པདྨའི་རི། ། ལྷ་གཅིག་སྒྲོལ་མའི་ཞིང་ཁམས་ཡིན། ། ཐུགས་རྗེ་ཆེན་པོའི་ཕོ་བྲང་ཡིན། ། པདྨ་རྒྱལ་པོའི་སྒྲུབ་གནས་ཡིན། ། རི་ལ་ལྟོས་དང་འཕགས་པའི་སྐུ། ། སེམས་ཉིད་ངལ་བསོའི་བཀོད་པ་རྫོགས། ། བྲག་ལ་ལྟོས་དང་འཕགས་པའི་གསུང་། ། རང་བྱོན་ཡིག་དྲུག་བགྲང་ལས་འདས། ། ཤིང་ལ་ལྟོས་དང་སྔོ་ལྗང་ཚལ། ། གཡུ་ལོ་བཀོད་པའི་ཁྱད་ཆོས་རྫོགས། ། དུག་སྦྭལ་གདུག་པས་མཐའ་ནས་བསྐོར། ། སྐལ་དམན་བློ་ཆུང་བགྲོད་པར་དཀའ། ། གྲུ་འཛིན་རི་བོའི་མཚན་ཉིད་རྫོགས། ། མདུན་ནས་ཐུགས་སྤྲུལ་པདྨ་སྐྱེས། ། འགྲོ་བའི་དོན་ལ་སྤྲུལ་པ་འགྱེད། ། འདབས་ན་འཕགས་མའི་ཕོ་བྲང་མཛེས། ། ལྷ་མོའི་འགྲོ་དོན་དུས་ལ་བབས། །

ཐུགས་རྗེ་ཆེན་པོའི་ཐུགས་ཀ་ན། ། པདྨ་དགྱེས་པའི་སྒྲུབ་ཕུག་ཡོད། ། ལྷ་ལ་སྤྱན་རས་གཟིགས་དབང་བསྟེན། ། སྔགས་ལ་ཡི་གེ་དྲུག་མ་བཟླ། ། ཆོས་ལ་བྱམས་དང་སྙིང་རྗེ་བསྒོམ། ། ལམ་ལ་རྒྱལ་སྲས་བདེ་ལམ་སྙོགས། ། སྡུག་བསྔལ་འདོད་ཀྱང་བདེ་བ་འབྱུང་། ། འདི་བདེ་ཕྱི་སྐྱིད་ཨ་ལ་ལ། ། བདེ་ནས་བདེ་བའི་གནས་སུ་འགྲོ ། གཏན་བདེ་མི་འགྱུར་ཨ་ལ་ལ། ། གསོལ་བ་བླ་མ་རྗེ་ལ་འདེབས། ། ཐུགས་རྗེ་མི་གཡེལ་ཨ་ལ་ལ། ། ཡི་དམ་སྤྱན་རས་གཟིགས་ལ་ཞུ། ། དངོས་གྲུབ་མི་འགྱངས་ཨ་ལ་ལ། ། ཨ་ལ་ལ་སྟེ་ངོ་མཚར་ཆེ། ། ཆེ་བར་དགོངས་སམ་ལྷ་ཡི་སྲས། ། ངས་ཀྱང་སྙིང་གི་དམ་བཅའ་གཅིག ། ཁྱེད་ཀྱང་ཡིད་ཀྱི་ཞེ་འདོད་གཉིས། ། མཐུན་ན་གོང་མའི་རྗེས་སུ་སྙོགས། ། ཆོས་བརྒྱད་ལམ་ཁའི་རོ་བཞིན་དོར། ། འདིར་སྣང་གནོད་པའི་དུག་ལྟར་སྤང་། ། ཉམས་ལེན་བརྩོན་འགྲུས་ཞིབ་ལ་བྱེད། ། གདམས་ངག་མཚང་གི་ཐོག་ཏུ་འབེབས། ། ཁ་ཕོ་ཁ་བཤད་རླུང་ལ་བསྐུར། ། སེམས་བསྐྱེད་བྱང་སེམས་གཞུང་ལམ་བསྲང་། ། དེ་ལྟར་འཐད་ན་གརཽས་རྐང་ཚུགས། ། གྲོས་མཐུན་འགྲིགས་པའི་སྤུན་གྲོགས་གཉིས། ། ཐར་པའི་ལམ་ལ་འགྲོགས་ནས་འགྲོ ། འཁོར་བའི་མཐའ་ལ་སྨོན་པས་བསྐྱང་། ། ཚེ་རབས་ཀུན་ཏུ་འབྲེལ་བས་བསྡུ། ། བྱང་ཆུབ་སྤྱོད་པ་མཉམ་དུ་སྤྱོད། ། འཐད་དམ་དགོངས་སམ་ལྷ་ཡི་སྲས། ། དོན་དུ་འདྲའོ་ཨ་ལ་ལ། ། གནད་དུ་འདྲིལ་ལོ་ཨེ་མ་ཧོ། །

ཞེས་ཟེར་བས། འདབ་ཡངས་ཀྱི་ཡིད་ལའང་ལྷག་པར་འཐད་དེ་བློ་གྲོས་མཐར་ཕྱིན་པ་ཡིན་སྐད་དོ། ། སྟོན་མཚན་མཁའ་ལ་རྒྱས་པའི་འོད་དཀར་བཞིན། ། མཚན་དཔེའི་ལང་ཚོ་ངོམས་པ་འཇམ་པའི་ལྷ། ། རྒྱལ་བ་ཀུན་ལ་ཡེ་ཤེས་སེམས་དཔའ་སྟེ། ། འགྲོ་བ་ཀུན་ལ་སེམས་ཀྱི་ཆོས་ཉིད་ཡིན། །


མཐའ་ཡས་འགྲོ་ཁམས་སྡུག་བསྔལ་རང་བཞིན་ལ། ། བྱམས་པའི་ཕྱག་ཡངས་རྐྱོང་ལབ་མིག་མི་འཛུམ། ། རྒྱལ་བ་ཀུན་ལ་ཐུགས་རྗེ་ཆེན་པོ་སྟེ། ། འགྲོ་བའི་ཁམས་ལ་ཐར་བའི་ས་བོན་ཡིན། ། གསང་ཆེན་གསང་བ་ཟབ་མོའི་མཛོད་འཛིན་པ། ། རྒྱལ་ཀུན་གསང་བའི་བདག་པོ་རྡོ་རྗེ་ཅན། ། རྒྱལ་བ་ཀུན་ལ་ཡེ་ཤེས་འཕྲིན་ལས་ཏེ། ། འགྲོ་བའི་ཁམས་ལ་རིག་སྟོང་རྗེན་པར་ཞུགས། ། གསོལ་བ་འདེབས་སོ་རྒྱལ་སྲས་རིགས་གསུམ་མགོན། ། བྱིན་གྱིས་རློབས་ཤིག་དབྱེར་མེད་བླ་མ་རྗེ། ། བྱང་ཆུབ་བར་དུ་རིགས་བདག་མི་འབྲལ་ན། ། དུས་ཀུན་ཐུགས་རྗེས་ཟུངས་ཤིག་ཐུགས་རྗེ་ཅན། ། ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་ཞེས་བྱ་བ། བུ་བཀྲ་ཤིས་དགེ་ལེགས་ཀྱིས་ཚིག་རྩ་བཞག་ནས་རྩོམ་པར་བསྐུལ་བ་ལྟར། བག་ཡངས་ཤྲྰི་ལྷོད་པོས་སུག་བྲིས་སུ་བྱས་པའོ། །དགེའོ། །སྭསྟི། ། ལྷར་བཅས་འགྲོ་བའི་མཆོད་འོས་དྲང་སྲོང་ཆེ། ། དོན་ཀུན་གྲུབ་དེས་རྣམ་མཁྲེན་ཡེ་ཤེས་ཀྱི། ། མ་འདྲེས་ཇི་བཞིན་གདུལ་བྱའ྄ིཁམས་དབང་པོ། ། ཇི་སྙེད་མཚུངས་པར་དམ་ཆོས་བདུད་བརྩེིའི་སྒོ། ། སྐྱོན་ཀུན་ལྔ་བདོའི་འགྲོ་ལ་ཐབས་མཁས་ཀྱིས། ། ལེགས་འདོམས་གུར་གུམ་གཞོན་ནུ་བཤེས་གཉེན་ཚུལ། ། བརྩེ་བའི་གཏེར་ཆེན་ཆོས་ཀྱི་དབང་པོ་ཡིས། ། གསུང་རབ་དམ་པའི་ལྷ་ཆོས་མཐུན་པའི་གཏམ། ། པདྨའི་ཚལ་གྱི་ཟློས་གར་ཞེས་བྱ་བ། ། ཚིག་ཉུང་དོན་ཟབ་ལེགས་བཤད་རིན་པོ་ཆེ། ། འགྲོ་བའི་མི་ཤེས་སེལ་ཕྱིར་སྤར་གྱི་འཕྲུལ། ། བསྐྲུན་དགེས་ཡང་དག་ལམ་ལ་གཞོལ་བར་ཤོག། ། ། །