གཉག་ཕུ་བ་བསོད་ནམས་བཟང་པོ་

ཡོང་ཁུངས་Wikipedia

གཉག་ཕུ་བ་བསོད་ནམས་བཟང་པོ་ ཁོང་ནི་རབ་བྱུང་དྲུག་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1341 ལོར་གཙང་གསུམ་མདོར་སྐུ་འཁྲུངས། རབ་བྱུང་བདུན་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ 1433 ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་གཉག་ཆེན་བསོད་ནམས་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་ཞུས། དགུང་ལོ་བཅུ་གཅིག་པར་མཁན་པོ་དོན་གྲུབ་དཔལ་ལྡན་ལས་དགེ་ཚུལ་བསྒྲུབས། དགུང་ལོ་བཅུ་དགུ་པར་མཁན་པོ་ཡོན་ཏན་རྒྱ་མཚོ་དང་། དཔལ་ལྡན་བརྩོན་འགྲུས་གཉིས་ལས་བསྙེན་པར་རྫོགས། དེ་ནས་ས་སྐྱར་ཕེབས་ཏེ་ཉ་དབོན་ཀུན་དགའ་དཔལ་བ་ལས་ཚད་མ་དང་། ཀུན་མཁྱེན་གངས་པ་ལས་བདེ་མཆོག དཔལ་ལྡན་བླ་མ་ལས་དུས་འཁོར། མཁན་ཆེན་བྱང་སེམས་ལས་སྦྱོར་དྲུག མ་ཏི་པཎ་ཆེན་ལས་སྤྲོས་མེད། རྒྱལ་སྲས་ལས་སེམས་བསྐྱེད། ཐེག་ཆེན་ཆོས་རྗེ་ལས་ལམ་འབྲས། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ལས་དཔེ་འགྲེམས་སུམ་བརྒྱ་བཅས་གསན་ནས་གསང་ཕུ་དང་རྩེས་ཐང་གི་གྲྭ་སྐོར་མཛད་ཅིང་མཁན་ཆེན་བརྩོན་འགྲུས་དཔལ་ཡང་རིགས་པས་བཅོམ། འཇམ་དབྱངས་ནམ་མཁའ་རིན་ཆེན་གྱི་བཀའ་ལྟར་བཟང་ལྡན་དགེ་འཕེལ་གྱི་གྲྭ་ཚང་བཙུགས་ཤིང་ལོ་བཅུ་དྲུག་གི་རིང་དུ་འཆད་ཉན་བསྐྱངས་ཏེ་བློ་གསལ་སློབ་བུ་སུམ་བརྒྱ་ཙམ་འདུས། དེ་ནས་ཇོ་གདན་དགེ་འདུན་སྒང་པའི་མཁན་པོ་མཛད་ཅིང་ལོ་བཅུ་དྲུག་གི་རིང་དུ་འཆད་ཉན་གྱི་རྒྱུན་བསྲིངས། དགུང་ལོ་དགུ་བཅུ་རྩ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཆོས་བཟང་ཉི་མ་དང་། དཀའ་བཅུ་པདྨ་བཟང་པོ། ཀརྨ་དེ་བཞིན་གཤེགས་པ། ཀརྨ་མཐོང་བ་དོན་ལྡན། རོང་ཆེན་སྨྲ་བའི་སེང་གེ་བཅས་ཡིན། ཁོང་གི་གསུང་རྩོམ་ནི《འདུལ་བའི་དཀའ་འགྲེལ་བདུད་རྩི་ཉིང་ཁུ》དང་། 《ཆོས་དབྱིངས་བསྟོད་པའི་རྣམ་བཤད་སྙིང་པོ་དོན་གསལ》། 《རྣམ་འགྲེལ་གྱི་ཊཱིཀྐ》། 《དགག་ལན་ལུང་རིགས་གཏེར་མཛོད》། 《ལུང་སྡེ་བཞི་སོ་ཐར་གྱི་མདོའི་མཆན་འགྲེལ》། 《རྒྱུད་བླ་མའི་ཊཱིཀྐ》བཅས་བཞུགས་སོ། །