གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་འགྲེལ་པ་

ཡོང་ཁུངས་Wikipedia

༄༅། །ཀློང་ཆེན་སྙིང་ཐིག་གི་ལེ་ལག །གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་མདོ་སྔགས་ཟུང་འཇུག་ཏུ་བཀྲལ་བའི་ཁྲིད་ཡིག་མཁྱེན་བརྩེའི་དགོངས་རྒྱན་ཞེས་བྱ་བ་དམ་མེད་ལོག་ལྟ་ཅན་ལ་གསངཿསྦསཿརྒྱཿ ༄༅། ། ན་མོ་གུ་རུ་པྲཛྙཱ་པ་ར་མི་ཏཱ་ཡེ། རྣམ་ཀུན་མཆོག་ལྡན་ཆོས་དབྱིངས་དག་པའི་ཀློང་། །ལྷན་སྐྱེས་གཉུག་མ་དོན་གྱི་བདེ་ཆེན་པོ། །ཟུང་འཇུག་འདུས་མ་བྱས་པ་སྒྱུ་མའི་སྐུར། །ཡོངས་བཞེངས་ཀུན་མཁྱེན་བླ་མར་གུས་བཏུད་དེ། །རྒྱལ་བའི་ཡུམ་གྱུར་ཤེར་ཕྱིན་དགོངས་པའི་མཐིལ། །སྤྱོད་ཡུལ་ཟབ་མོའི་གདམས་ངག་སྔགས་ལུགས་དང་། །འབྲེལ་བའི་བདུད་གཅོད་ཉམས་ཁྲིད་འཕུར་འགྲོ་ཡི། །གསང་ཚིག་གནད་ཀྱི་མན་ངག་འདི་ན་འགོད། །གཏད་རྒྱཿ དྷ་ཐིམཿ ཞེས་པའི་བརྡས་བསྐུལ་ནས་མཁའ་འགྲོའི་དབྱིངས་མཛོད་བཀའ་བབས་ཀུན་མཁྱེན་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་ཐིག་གི་ལེ་ལག་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཞེས་བྱ་བའི་ཉམས་ཁྲིད་ཡིད་ལ་ངེས་པ་དག་ལོངས་སྤྱོད་འཁོར་ལོའི་རྩལ་ལས་ཕྱུངས་ཏེ་གསར་དུ་སྟོན་པའི་དགོས་པའང་རང་གཞུང་དུ། རང་བཞིན་རྫོགས་པ་ཆེན་པོ་ནིཿ ཉག་གཅིག་རྩད་ནས་གཅོད་པའི་ཕྱིརཿ གཅོད་བྱ་གཅོད་བྱེད་ལས་འདས་ཀྱངཿ སྤྲོས་པ་ཅན་གྱི་གང་ཟག་དངཿ བརྟུལ་ཞུགས་སྤྱོད་པ་ལམ་སློང་ཕྱིརཿ ཕུང་པོ་གཟན་སྐྱུར་མན་ངག་བསྟནཿ ཞེས་གསུངས་པ་ལྟར་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་མཐའ་བྲལ་ཐིག་ལེ་ཉག་གཅིག་གཏན་ལ་ཕེབས་ཤིང་འཁོར་འདས་གཞི་རྩ་རྩད་ནས་ཆོད་པ་རྣམས་ཀྱི་གོ་སར་གཅོད་བྱ་གཅོད་བྱེད་ཀྱི་སྤྲོས་པས་དབེན་ཡང་། སྤྲོས་བཅས་ཀྱི་གང་ཟག་ལམ་པ་རྣམས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལམ་དུ་སློང་བ་ལ། ཕུང་པོ་གཟན་སྐྱུར་གྱི་མན་ངག་འདི་མེད་ཐབས་མེད་པར་བསྟན་པས་དེ་ཕྱིར་རྒྱས་བཀྲོལ་དུ་བྱ་བ་ལ། ཐོག་མར་གདམས་པ་ཟབ་མོ་དོན་དུ་གཉེར་བ་རྣམས་དབང་ཐོབ་ཅིང་སྔོན་འགྲོ་སྤྱི་ཁྲིད་རྣམས་ཀྱིས་རང་རྒྱུད་འདུལ་བ་གཞིར་བཞག་ནས་འདི་ལྟར་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་ཀུན་ནས་བསླངས་ཏེ། རྟག་ཏུ་རི་ཁྲོད་འགྲིམ་ཞིང་གཅེས་འཛིན་བྲལ་བར་འདོད་པ་དག་གི་ཉམས་སུ་ལེན་པའི་ཚུལ་ལ་དྲུག་སྟེ་བདུད་བཞི་གཅོད་པ། ལྷ་འདྲེའི་དབྱེ་བ་གཉན་སའི་བྱེ་བྲག ཕུང་པོ་གཟན་བསྐྱུར། རོ་སྙོམས་ཐོག་བརྫིས གཉན་ཆེན་མཐའ་གཏད་རྣམས་སོ། །དེ་ལས་དང་པོ་བདུད་བཞི་ངོས་འཛིན་ཞིང་དབྱིངས་སུ་གཅོད་པ་ནི། རང་གཞུང་ལས། ཐོག་བཅས་བདུད་དང་ཐོག་མེད་བདུདཿ དགའ་བྲོད་ཁྲོད་བདུད་དང་སྙེམས་བྱེད་བདུདཿ ཕཊ་ཅེས་དབྱིངས་སུ་གཅོད་པ་ཡིནཿ ཞེས་དང་། བཀའ་ཚོམ་ལས། ཐོག་བཅས་ཡུལ་གྱི་འཁྲི་བ་བཅད། ཐོག་མེད་ཡིད་ཀྱི་འཁྲི་བ་བཅད། དགའ་བྲོད་ཞེན་པའི་འཁྲི་བ་བཅད། སྙེམས་བྱེད་བདག་གི་འཁྲི་བ་བཅད། ཞེས་གསུངས་པ་ལྟར་ནང་གསེས་བཞི་ཡི། དང་པོ་ཐོག་བཅས་བདུད་ནི། འདི་ལྟར་མིག་གི་གཟུགས་མཐོང་བའི་ཚེ་ན་གཟུགས་བཟང་པོ་ལ་ཆགས་ཤིང་ངན་པ་ལ་སྡང་སེམས་སྐྱེས་དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱའི་ཡུལ་རྣམས་བཟང་པོ་ལ་ཆགས་ཤིང་། ངན་པ་ལ་སྡང་བའི་དབང་པོའི་ཡུལ་དུ་དངོས་སུ་ཐོག་ཤིང་བཟང་ངན་གཉིས་སུ་གཟུང་བས་ན་ཐོག་བཅས་ཀྱི་བདུད་ཡིན་ནོ། །ཚོགས་དྲུག་གི་ཡུལ་དུ་གཟུགས་ལ་སོགས་པ་བཟང་ངན་ཇི་ལྟར་སྣང་ཡང་། དགག་ཏུ་མི་གཏུབ་པ་ཡིན་ཀྱང་བདེན་འཛིན་ཀྱི་ཞེན་པ་སྤང་དགོས་པའི་ཚུལ། ཏེ་ལོ་ཤེས་རབ་བཟང་པོས། བུ་སྣང་བས་མི་འཆིང་ཞེན་པས་འཆིང་། ཞེན་པ་ཆོད་ཅིག་ན་རོ་པ། ཞེས་གསུངས་པ་བཞིན་ཡུལ་ལ་ཆགས་པ་དང་། སྡང་བའི་ཞེན་པ་སྤངས་ཏེ་ཆགས་སྡང་གཉིས་གློ་བུར་གྱིས་བཏགས་པ་ཙམ་མ་གཏོགས་དོན་ལ་རང་ངོ་ནས་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་བཞིན། རང་སེམས་ལ་སྤྲོ་བསྡུ་གང་ཡང་མི་བྱེད་པར་གསལ་སྟོང་གཉིས་མེད་ཀྱི་ངང་ལ་མཉམ་པར་བཞག་པས་ཐོགས་བཅས་ཀྱི་བདུད་ལས་གྲོལ་བར་འགྱུར་རོ། །གཉིས་པ་ཐོག་མེད་ཀྱི་བདུད་ནི། དེ་ཡང་དབང་པོའི་ཡུལ་དུ་དངོས་སུ་མི་སྣང་ཡང་ཡིད་ལ་བཟང་ངན་གྱི་རྟོགས་པའི་ལྷ་ཞེས་པའི་བཟང་པོ་དང་། འདྲེ་ཞེས་པའི་ངན་པ་གཉིས་སོ་སོར་གཟུང་ནས་ཡིད་ཉོན་མོངས་སུ་གྱུར་པའི་དྲན་རྟོག་སྣ་ཚོགས་ཐོགས་མེད་དུ་འཆར་ཞིང་ལས་སུ་མ་རུངས་པ་དེ་ནི་ཐོགས་མེད་ཀྱི་བདུད་ཡིན་ནོ། །དེ་ལ་བཟང་ངན་གཉིས་སུ་འཛིན་པའི་རྟོག་པ་ཇི་ལྟར་ཤར་ཡང་རེ་དོགས་སྤངས་བླང་མེད་པར་ཞེན་མེད་རང་གྲོལ་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཆེན་པོའི་ཀློང་དུ་བཞག་པས་ཐོགས་མེད་ཀྱི་བདུད་ཟིལ་གྱིས་ནོན་པར་འགྱུར་ཏེ། བཀའ་ཚོམ་ལས། སེམས་ཀྱི་རྩ་བ་ཆོད་གྱུར་ན། འདྲེ་རྣམས་རང་སར་ཡུལ་བ་ཡིན། ཞེས་སོ། །གསུམ་པ་དགའ་བྲོད་ཀྱི་བདུད་ནི། གཞན་གྱི་བསྙེན་བཀུར་དང་ཞབས་ཏོག་འབྱུང་བ། སྙན་གྲགས་རྒྱས་པ། འཁོར་དང་ལོངས་སྤྱོད་འདུ་བ། མངོན་ཤེས་དང་གྲུབ་རྟགས་ཐོན་པ་སོགས་བྱུང་བའི་ཚེ་དེ་ལ་དགའ་ཞིང་བྲོད་པ་དང་། ང་རྒྱལ་གྱི་ཁེངས་སེམས་སྐྱེས་པ་ནི་སྒྲུབ་པའི་བར་ཆད་དུ་འགྱུར་བས་ན་དགའ་བྲོད་ཀྱི་བདུད་ཡིན་ཏེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། རྙེད་ལ་བསྐམས་ཤིང་བདེ་བ་འབའ་ཞིག་སྲེད། སྙན་པ་ལྷུར་ལེན་བསྟོད་ན་ཁེངས་གྱུར་ཅིང་། གང་ལས་གཅིག་ཤོས་བཞི་ཡིས་སྨང་བབ་པའི། བྱིས་པ་འདི་དག་འཇིག་རྟེན་ཆོས་ཀྱིས་བསླུས། ཞེས་པའི་ཆོས་དང་འཇིག་རྟེན་གྱི་ལེགས་ཚོགས་ཇི་ལྟར་འབྱོར་ཡང་ང་རྒྱལ་དང་ཁེངས་སེམས་མི་བྱ་བར་བདེན་མེད་སྒྱུ་མ་ལྟ་བུའི་ངང་དུ་སྣང་སེམས་དབྱེར་མེད་སྟོང་ཉིད་བྲལ་ཆེན་པོར་ལམ་དུ་ཁྱེར་བས་དགའ་བྲོད་གྱི་བདུད་ཆོད་པར་འགྱུར་རོ། །བཞི་བ་སྙེམས་བྱེད་ཀྱི་བདུད་ནི། མ་རིག་པ་སྟེ་བདུད་སྔ་མ་གསུམ་ཀའི་རྩ་བ་གཅིག་ཏུ་འདུས་པ་ཡིན་པར་བཀའ་ཚོམ་ལས། ཐོགས་བཅས་བདུད་དང་ཐོགས་མེད་བདུད། དགའ་བྲོད་བདུད་དང་སྙེམས་བྱེད་བདུད། དེ་ཡང་སྙེམས་བྱེད་བདུད་དུ་འདུས། ཞེས་པས་ཤེས་ཤིང་། སྙེམས་བྱེད་ཞེས་བྱ་བ་ནི་བདག་མེད་པ་ལ་བདག་ཏུ་འཛིན་པའི་བློ་འཁོར་བུར་འཁྱམས་པའི་རྩ་བ། ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས། བདེན་འཛིན་གྱི་གཞི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡིན་ནོ། །དེ་ལ་ངའོ་སྙམ་པའི་ཤེས་པ་དེ་གཞི་མེད་རྩ་བྲལ་འཁོར་འདས་མ་སྙམ་པ་ཉིད་ཀྱི་དབྱིངས་སུ་བཞག་པས་བདེན་འཛིན་གྱི་རྩ་བ་ཡུལ་ནས་ཐོན་ཏེ་སྙེམས་བྱེད་ཀྱི་བདུད་ཆོད་པར་འགྱུར་བའང་ལེ་ལག་ལས། བདུད་རྣམས་མ་ལུས་སེམས་སུ་བཅད། སེམས་ནི་སྐྱེ་མེད་དབྱིངས་སུ་གྲོལ། ཞེས་གསུངས་པ་ལྟར་རོ། །དེ་ལ་ཡང་འབྱུང་བཞིའི་བསྡུས་པའི་ཕུང་པོ་གཞོན་དར་དང་ལྷན་པ་དེ་ཉིད་གཅེས་པར་འཛིན་པ་ལྷའི་བུའི་བདུད། ནམ་ཞིག་གི་ཚེ་རྒས་ཤིང་རྒུད་པའི་འཚེ་བ་ཕུང་པོའི་བདུད། འདུ་བ་ཆ་མི་སྙོམས་པའི་སྟོབས་ཀྱིས་ན་ཚའི་ཟུག་རྔུས་མནར་བ་ཉོན་མོངས་པའི་བདུད། དེ་ནས་འཆི་བས་གདུང་ཏེ་ལུས་ཀྱི་བཀྲག་མདངས་ཉམས་དབུང་ངར་འདུ་ཤེས་འཁྲུལ་ཏེ་སྣུམ་ཟད་ཀྱི་མར་མེ་ཤི་བ་བཞིན་ལུས་སྲོག་སོ་སོ་རུ་བྲལ་བ་དེ་ནི་འཆི་བདག་གི་བདུད་ཡིན་པས་དེའི་ཕྱིར་ད་ལྟ་རང་དབང་ཡོད་པའི་དུས་འདིར་བདུད་དེ་རྣམས་གཅོད་པའི་ཐབས་ལ་བརྩོན་དགོས་ཏེ། རང་ཉིད་དབེན་པའི་གནས་སུ་ན་དགའ་ཤི་སྐྱིད་རོ་སྙོམས་ཐོག་བརྫིས་ཆེན་པོའི་ངང་དུ་ལུས་གནད་བསྲངས་ཏེ། ཕཊ་ཤུགས་དྲག་པོས་རིག་པ་ནམ་མཁའ་ལ་འཕོ་བ་ནི་ལྷའི་བུའི་བདུད་བཅོམ་པའི་ཐབས་དང་། དེའི་ཚེ་དབྱིངས་རིག་དབྱེར་མེད་ཀྱི་སེམས་སྐྱེ་འཆི་དང་བྲལ་བ་ནི་འཆི་བདག་གི་བདུད་བཅོམ་པའི་ཐབས་དང་། ལས་བྱེད་ཀྱི་མཁའ་འགྲོ་ལས་གཟུགས་ཕུང་དེ་ཉིད་སོ་སོར་བྲལ་ཙ་ན་ཉོན་མོངས་པའི་བདུད་བཅོམ་པའི་ཐབས་དང་། ཤ་ཁྲག་འདོད་ཡོན་དུ་དམིགས་ནས་མཆོད་སྦྱིན་བྱེད་པ་ནི་ཕུང་པོའི་བདུད་བཅོམ་པའི་ཐབས་ཁྱད་པར་ཅན་ཡིན་ནོ། །དེ་ལྟར་ཉམས་སུ་བླངས་པ་ན། གསར་བུ་རྣམས་ལུས་ལ་གཅེས་འཛིན་དང་། འཇིགས་སྣང་། ཁུ་འཁྲིགས་ཀྱི་བློ་ཕྱིར་ཕྱིར་སྐྱེས་ན། ཇི་སྐད་དུ། གཞུང་འདི་ལས། ལུས་ནི་ལྷ་འདྲེར་བྱིན་ནས་མེདཿ སེམས་ནི་གཞི་མེད་རྩ་བ་བྲལཿ འདྲེ་བས་སངས་རྒྱས་ཉིད་ཀྱིས་ཀྱངཿ གཟིགས་པ་མེད་སྙམ་གདིང་བསྐྱེད་ལཿ གང་ཤར་རང་ངོར་རྩ་གདར་བཅདཿ ཞེས་བསྟན་པ་ལྟར་ངེས་ཤེས་གདེང་བསྐྱེད་པས་ཇི་ཞིག་ན་རྟོག་དཔྱོད་ལས་འདས་པའི་མཉམ་ཉིད་བློ་བྲལ་རྫོགས་པ་ཆེན་པོའི་ཀློང་དུ་འབྲས་བུ་སྐུ་བཞི་མངོན་དུ་གྱུར་པ་ནི་མཐར་ཐུག་གི་སྐྱེལ་སོ་ཡིན་ནོ། །སྤྱི་དོན་གཉིས་པ་ལྷ་འདྲེའི་དབྱེ་བ་ལ་ཡང་དྲུག་ལས། དང་པོ་འཇིག་རྟེན་ཀུན་བརྟག་གི་ལྷ་འདྲེ་ནི། འཇིག་རྟེན་པ་རྣམས་ཀྱི་རང་རང་གི་ཡིད་ལ་འགྲོ་བའི་གཟུགས་བཟང་བ་སོགས་དང་འཕྲལ་དུ་ཕན་བཏགས་པ་ཙམ་ལ་ལྷ་ཟེར་བ་དང་། ཡིད་དུ་མི་འོང་ཞིང་ཡ་ང་བའི་རིགས་དང་གནོད་པ་བྱས་པ་ཙམ་ལ་འདྲེ་ཟེར་བ་ཡིན་ཏེ། དེ་ལ་ངེས་པ་མེད་ཅིང་དང་པོ་ཕན་ཅིང་ཕྱིས་གནོད་པ་བྱེད་པ་དང་། དང་པོ་གནོད་ཅིང་ཕྱིས་ཕན་གདགས་བཟང་ཡོད་པས། གཅོད་ཡུལ་པ་རྣམས་ཀྱིས་བཟང་ངན་དང་ཕན་གནོད་བྱས་པ་ཙམ་ལ་ལྷ་འདྲེའི་མིང་ཙམ་ཡང་མི་འདོགས་ཅིང་སྟེ་རིང་དང་བྲལ་བའི་ངངདུ་འཇོག་པ་གནད་ཡིན་ནོ། །གཉིས་པ་ངོ་བོ་གནས་ཚུལ་གྱི་ལྷ་འདྲེ་ནི་ལྷ་ཞེས་འཇིག་རྟེན་གྱི་ལྷ་དང་འཇིག་རྟེན་ལས་འདས་པའི་ལྷ་དང་། འདྲེ་ཞེས་པ་གཟུགས་མེད་ཀྱི་འབྱུང་པོ་དྲེགས་པ་ཅན་སེམས་ཅན་ལ་གནོད་པར་བྱེད་པ་རྣམས་ཡིན་ནོ། །དེ་རྣམས་གནས་ཚུལ་ཙམ་དུ་ཡོད་ཀྱང་བདེན་འཛིན་མི་བྱ་བ་གནད་ཡིན་ནོ། །ཡང་རང་ཉིད་ལ་གཅེས་ཤིང་གདུང་བའི་གཉེན་འདུན་རྣམས་ཀྱིས་ཀྱང་ཁྱོད་རི་ཁྲོད་དུ་མ་འགྲོ ཁྱོད་ཀྱིས་ཟས་གོས་མི་རྙེད། སེམས་བརྩེ་བའི གྲོགས་མེད་པས་ཁྱིམ་དུ་སྡོད། ངེད་རྣམས་ཀྱིས་མཐུན་རྐྱེན་དང་རོགས་དན་བྱེད་ཟེར་ནས་ཐབས་དུ་མའི་སྒོ་ནས་བྱང་ཆུབ་སྒྲུབ་པའི་བདུད་དམ་འདྲེ་བྱེད་པ་ཡིན་པས་འདྲེར་ཤེས་པར་བྱའོ། །ཡང་བདག་ལ་དོ་བསྡོ་ཞིང་གནོད་པ་བྱེད་པ་རྣམས་ལའང་སྙིང་རྗེ་བསྒོམ་ཞིང་བདག་བྱང་ཆུབ་ཀྱི་ལམ་ལ་བསྒྱུར་བའི་ལྷ་ཡིན་སྙམ་པ་ནི་གཅོད་ཡུལ་པ་རྣམས་ཀྱི་འདོད་ཚུལ་ཡིན་ལ། དོན་དུ་དེ་རྣམས་བདེན་མེད་སྒྱུ་མ་ལྟ་བུའི་རང་བཞིན་དུ་གྲུབ་པ་མེད་པས་དོན་དམ་པ་ཤེས་པར་བྱའོ། །གསུམ་པ་མཐོང་སྣང་སྒྲོ་བཏགས་ཀྱི་ལྷ་འདྲེ་ནི། དེ་ཡང་ས་བླའི་འབྱུང་པོ་སྨན་བཙུན་སོགས་ཀྱིས་མི་ཕོ་མོ་འགའ་ཞིག་གི་ཤེས་རྒྱུད་གཡོ་ཞིང་ལེགས་ཉེས་སྨྲ་རུ་འཇུག་པ་དང་། གཞན་ཡང་དུས་མ་ཡིན་པར་མེ་ཏོག་སྐྱེ་བ་འཇའ་འོད་དང་གཟུགས་བརྙན་བཟང་པོ་མཐོང་བ་རྣམས་ལྷའི་དངོས་གྲུབ་ཡིན་ཟེར་ནས་སྒྲོ་བཏགས་པ་དང་། ཡང་དུས་མ་ཡིན་པར་སྦལ་སྦྲུལ་གཅན་གཟན་སོགས་མ་རུང་པའི་གཟུགས་མཐོང་བ་དང་། ལྟས་སྣ་ཚོགས་བྱུང་བས་ཡིད་མི་བདེ་ཞིང་འདྲེ་དང་ཐན་དུ་འཛིན་པ་ནི་འཇིག་རྟེན་པ་རྣམས་ཀྱིས་སྒྲོ་བཏགས་པ་ཡིན་ནོ། །གཅོད་ཡུལ་བས་དེ་ཀུན་ལ་ཆེད་འཛིན་མེད་པར་མཉམ་པ་ཉིད་དུ་བཞག་པས་རང་སར་གྲོལ་བར་འགྱུར་རོ། །བཞི་པ་རང་བཞིན་ལྷན་སྐྱེས་ཀྱི་ལྷ་འདྲེ་ནི། རང་རིག་པའི་དག་སྣང་གི་ཆ་ལས་ཡེ་ཤེས་ཆེན་པོ་ལྷ་འབྱུང་བ་ནི་ལྷ་ཡིན་ལ། མ་རིག་པའི་བདག་འཛིན་ལས། ཉོན་མོངས་པ་དུག་ལྔ་འབྱུང་བ་ནི་འདྲེ་ཡིན་ཏེ། ཡེ་ཐོག་མ་ནས་རིག་དང་མ་རིག་པ་གཉིས་མཉམ་པོར་སྦྱོར་ནས་ཡོད་པའི་ལྷན་ཅིག་སྐྱེས་སྦྱོར་གྱི་ལྷ་འདྲེ་ཡིན་ལ། སེམས་ཅན་རྣམས་ལྷ་དང་འདྲེ་གཉིས་སོ་སོར་མི་འབྱེད་པའི་སྟོབས་ཀྱིས་འཁོར་བར་འཁྱམས་པ་ཡིན་ནོ། །དེ་ཡང་གཅོད་རྒྱུ་བདེན་འཛིན་གྱི་གཉེན་པོ་དེ་ནི་གཅོད་མཁན་རང་རིག་པའི་ཡེ་ཤེས་ཀྱིས་བདག་མེད་དུ་གཏན་ལ་ཕབ་པར་བྱའོ། །ལྔ་པ་བསླུ་མེད་ལས་དབང་གི་ལྷ་འདྲེ་ནི། ལས་དཀར་ནག་གཉིས་ཡིན་ལ་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་ནས་ཞིབ་རྩིས་སུ་བྱེད་ཅིང་སྲུང་སྡོམ་བྱེད་པ་གལ་ཆེ་ཏེ། དེ་ཡང་འཁོར་འདས་གཉིས། ཕན་གནོད་གཉིས། བདེ་སྡུག་གཉིས། ལྷ་འདྲེ་གཉིས། དཀར་ནག་གཉིས་ལ་སོགས་པའི་གཉིས་ཆོས་བཟང་ངན་ཐམས་ཅད་རང་རང་གི་སྔོན་གྱི་དགེ་སྡིག་གང་བསགས་པ་ལས་འབྱུང་བ་ཡིན་པས། ད་ལྟ་མི་དགེ་བའི་ལས་ཕྲ་ཞིང་ཕྲ་བ་ནས་སྤང་བར་བྱ་བ་རང་། དགེ་བའི་ལས་ཕྲ་ཞིང་ཕྲ་བ་ནས་ཅི་འགྲུབ་ལ་བརྩོན་འགྲུས་བསྐྱེད་དགོས་པའོ། །དགེ་སྡིག་གང་བྱས་ཀྱང་འབྲས་བུ་རང་ཐོག་ཏུ་སྨིན་པ་ངེས་པར་མི་བསླུ་བས་ན་བསླུ་མེད་ལས་དབང་གི་ལྷ་འདྲེ་ཡིན་ནོ། །དེ་ལྟར་ལས་སྣ་ཚོགས་གསོག་པའི་བདེན་འཛིན་གྱི་ཞེན་པ་སྤངས་ནས་ལུས་སྲོག་ལ་ལྟོས་པ་མེད་པར་གཅིག་པུར་མི་མེད་ཀྱི་ལུང་སྟོང་གཉན་ས་འགྲིམ་ཞིང་ཕུང་པོ་གཟན་དུ་བསྐྱུར་ནས། བྱེད་ལས་ཐམས་ཅད་དུ་ཕཊཿཀྱིས་གསལ་གདབ་ཅིང་སྤྲོས་བྲལ་སྟོང་ཉིད་ཀྱི་ངང་ལ་བཞག་པར་བྱའོ། །དྲུག་པ་མཐར་ཐུག་དོན་གྱི་ལྷ་འདྲེ་ནི། ཡང་དག་གི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མཐར་ཐུག་གི་ལྷ་ཡིན་ཏེ། དེས་ནི་འཁོར་བའི་སྡུག་བསྔལ་ལས་བསྐྱབ་པར་བྱེད་པ་ཡིན་ལ། གཞན་འཇིག་རྟེན་པའི་ལྷ་རྣམས་ཀྱིས་ནི་མ་ཡིན་ནོ། །འདྲེ་ཞེས་པ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྤྱི་དང་བྱེ་བྲག་ངན་སོང་གསུམ་གྱི་གནས་སུ་སྡུག་བསྔལ་བཟོད་ཐབས་མེད་པས་མནར་ཅིང་ཉམས་ཐག་པས་ན་མཐར་ཐུག་གི་འདྲེ་ཡིན་པ། ཚེ་རབས་ཐོག་མེད་ནས་འཁོར་བའི་འདྲེ་འདིའི་གདོན་ནས་བྱང་ཆུབ་ཐོབ་ཏུ་མ་སྟེར་བས་ད་རེས་འདྲེ་འདི་ལས་ཐར་བའི་ཐབས་མཐར་ཐུག་གི་སྐྱབས་གནས་བསྟེན་ནས་རྟག་ཆད་གཉིས་འཛིན་གྱི་མཐའ་དང་བྲལ་བུའི་ལྟ་བ་ཀ་དག་ལྷུན་གྲུབ་ཀྱི་དབྱིངས་སུ་བཞག་པར་བྱ་བ་ནི་གནད་ཀྱི་གདམས་པ་ཡིན་ནོ། །སྤྱི་དོན་གསུམ་པ་གཉན་སའི་བྱེ་བྲག་ནི། ལེ་ལག་ལས། གཉན་སར་སོང་ལ་རིག་པ་ཀློང་། རྐྱེན་དང་སྤྲོད་ལ་ཉམས་སུ་ལོངས། གཞན་ནས་འབྲས་བུ་ཕྱི་དུས་འདེབས། འདིར་ནི་མངོན་སུམ་འབྱུང་བ་ཡིན། ཞེས་དང་། རང་གཞུང་ལས་ཀྱང་། དེ་ནས་ས་གནོད་གཉན་དམིགས་སུཿ ཕོ་ཚོད་ལྷ་འདྲེར་བརྙས་སེམས་དངཿ ཆོས་བརྒྱད་བསམ་པ་མ་ཡིན་པརཿ ཚད་མེད་བཞི་ཡི་དཔའ་གདེང་བསྐྱེདཿ སྣང་བ་གང་ཤར་ཐོག་བརྫིས་བྱཿ ཞེས་གསུངས་པ་ལྟར་རྐྱེན་ངན་ལམ་དུ་སློང་ཞིང་ཉམས་རྟོགས་ཁྱད་པར་ཅན་བཙན་ཐབས་སུ་རྒྱུད་ལ་སྐྱེས་པར་བྱེད་པ་བོག་འདོན་གྱི་ཁྲིད་ཏེ། དེ་ཡང་ཐོག་མར་རང་བྱུང་ལ་བརྟག་ནས། ཟླ་གྲོགས་མེད་པར་གཅིག་པུ་དང་། ཟས་གོས་ཡོ་བྱད་ཀྱིས་བྲེལ་བ། ཆོ་འཕྲུལ་སྣ་ཚོགས་དང་ན་ཚ་སྡུག་བསྔལ་སོགས་ལ་བསྐྱོད་ནུས་པའི་སྙིང་སྟོབས་མེད་ན། ད་དུང་བླ་མའི་དྲུང་དུ་གདམས་ངག་གིས་རང་རྒྱུད་སྨིན་པར་བྱ། དེ་རྣམས་ལ་བཟོད་ནུས་པའི་དཔའ་གདེང་ཡོད་ན་གསང་སྤྱོད་རི་འགྲིམ་ཉམས་སུ་ལེན་པར་བྱ་སྟེ། དེ་ལའང་། གང་དུ་འགྲོ་བ་གནས་ཀྱི་མཚན་ཉིད། ནམ་འགྲོ་དུས་ཀྱི་བྱེ་བྲག་རྣལ་འབྱོར་པ་ཉིད་འགྲོ་ལུགས། ཕྱིན་ནས་ཉམས་སུ་ལེན་ཐབས་བཞིས་སྟོན་པ་ལ། དེའི་རང་པོ་ལའང་གསུམ་ལས། དང་པོ་ཕྱིའི་ལྷ་སྲིན་སྡེ་བརྒྱད་ཀྱིས་བདག་ཏུ་བཟུང་བའི་གྲོང་ཁྱེར་རི་བྲག་ཆུ་ཤིང་གི་གཉན་པ་ནི། ས་དཔྱད་འཕྲུལ་གྱི་མེ་ལོང་དུ་རྫས་དང་། གཟུགས་དང་། མ་ངེས་པ་གསུམ་སྟེ་ཞེས་པས་རྫས་ནི་ས་ཕྱོགས་དེར་རིན་ཆེན་འབར་བ་ལྟ་བུར་འདུག་ན་དེའི་དཀྱིལ་དུ་ཉལ་བ་སོགས་དང་། གཟུགས་ནི་སེང་གེ་འདྲ་ན་སྡེར་མོར་ཉལ་བ་སོགས་དང་། མ་ངེས་པ་ནི་ནགས་སྲབ་པ་རྩུབ་པ་འཇམ་པ་སོགས་འཆོལ་བའི་མ་ངེས་པ་སྟེ་ལེགས་པར་བརྟག་ནས་མ་ནོར་བ་ཤེས་པར་བྱ། དེ་ཡང་རྒྱལ་བས་བྱིན་གྱིས་བརླབས་པའི་གཏེར་གནས་སོགས་ནི་གཅོད་བྱའི་ཡུལ་མ་ཡིན་ལ། དེ་མིན་གཞན་གྱིས་གཉན་ཟེར་བ་དང་། ཁྱད་པར་རང་གིས་བལྟས་ཀྱང་རང་བཞིན་གྱིས་འཇིགས་ཤིང་ཀྱི་གཡའ་བ་བྲེད་ཅིང་ཉམ་ང་བ་ཐེ་ཚོམ་དང་རྣམ་རྟོག་འཁྲུལ་ནུས་པ་ཞིག་དགོས་སོ། །དེ་མེད་ན་བཅད་བྱ་མེད་པས་དེའི་ཕྱིར་དུར་ཁྲོད་དང་ལྷ་ཁང་གོག་པོ་རི་ཏུལ་རྙིང་པ་སོགས་སླེབས་པ་ལྕམ་གྱིས་སྐྱི་བུང་བྱེད་པ་ཞིག་ཏུ་འགྲོ་བར་བྱ་སྟེ། ཟབ་དོན་ཐུགས་སྙིང་ལས། དུར་ཁྲོད་ལུང་སྟོང་ལྷ་ཁང་ཤིང་གཅིག་ཀྱང་སྟོང་སོགས། རང་སེམས་གང་འཇིགས་ཉམ་ང་བག་ཚའི་གནས་སུ་ཉལ། ཞེས་གསུངས་སོ། །གཉིས་པ་ནང་འཁོར་འདས་གཉིས་ཀའི་གཞི་རྟེན་སྒྱུ་མ་ལུས་ཀྱི་གཉན་པ་ནི། རང་ལུས་སྤྱི་གཙུག་ནས་རྐང་མཐིལ་ཡན་ཆད་ཁམས་སུམ་ཅུ་སོ་གཉིས་ལས་གྲུབ་པའི་གཅེས་པར་བརྐྱང་བའི་སྒྱུ་ལུས་ཀྱི་ཕུང་པོ་འདི་ལ། མ་གཅིག་གི་ཞལ་ནས། རང་ལུས་རི་གཉན་བྲག་ཕུག་ན། བདག་གཞན་འཛིན་པའི་འདྲེ་རྒོད་གནས། གཉན་པ་དེ་རུ་ཆོད་མཛོད་ཅིག ཞེས་དང་། གངས་ཅན་གྱི་མདའ་བསྣུན་ཆེན་པོས་ཀྱང་། འཁོར་བ་རྣམ་རྟོག་གི་དུར་ཁྲོད་ན། འཇིག་རྟེན་ཆོས་བརྒྱད་ཀྱི་རོ་ལངས་མཁན། གནས་འཇིགས་སུ་རུང་བ་ཞིག་དེ་ན་མཆིས། བུ་གཉན་ས་ཞིག་གཅོད་ན་དེ་རུ་མཛོད། ཞེས་གསུངས་པས། ཁྱད་པར་སྙིང་དབུས་རྩ་འདབ་བརྒྱད་དུ་གྱེས་པའི་གུར་ཁང་རྟོགས་ན་ཆོས་སྐུའི་བཞུགས་གནས། མ་རྟོགས་ན་རྒྱལ་པོའི་ཕོ་བྲང་སྲོག་རླུང་ཁམས་འདུས་ཀྱི་འཁྲུལ་རྟེན་འདི་ཀ་ཡིན་ནོ། །གསུམ་པ་གསང་བ་ཀུན་རྟོག་འཁྲུལ་བའི་གྲོང་ཁྱེར་འཛིན་པ། སེམས་ཀྱི་གཉན་པ་ནི། དེ་ཡང་བདག་འཛིན་གྱི་བྲག་དམར་འདི་གཏིང་འཁོར་བའི་རྒྱ་མཚོ་ཆེན་པོ་ལ་ཟུག་པ། རྩ་བར་ལྷན་ཅིག་སྐྱེས་པའི་མ་རིག་པ་གཏི་མུག་ཀླུ་གདོན་གྱིས་ཚངས་བཅས་པ། སྐེད་པར་འདོད་ཆགས་བཙན་བཙན་རྒོད་ཀྱི་ཕོ་བྲང་བཏབ་པ། ལོག་ལ་ཞེ་སྡང་རྒྱལ་འགོང་གི་གྲོང་ཁྱེར་བཅས་པ། རྩེ་མོར་ཀུན་བཏགས་མ་རིག་གི་དུག་ཤིང་སྐྱེས་པ་ལ། ང་རྒྱལ་གྱི་ཡལ་ག་གྱེས་ཤིང་དགའ་སྤྲོ་དང་ཞེན་འཛིན་གྱི་ལོ་འདབ་རྒྱས་པའི་རྩེ་ལ་སྙེམས་བྱེད་ཀྱི་བདུད་བྱ་ནག་པོ་འཕུར་ལྡིང་བྱེད་པ། བྱིང་རྨུགས་ཀྱི་སྤྲིན་ཆེན་མཁའ་ལ་འཁྲིགས་པ། སྙན་གྲགས་ཀྱི་འབྲུག་མོ་ཀླད་ན་ལྡིང་ཞིང་ཕྲག་དོག་གི་ཐོག་སེར་འབེབས་པ། བདག་འཛིན་འཁྲུལ་བའི་གྲོང་ཁྱེར། ཁམས་གསུམ་འཁོར་བའི་རྒྱུ་ལམ་ཆེན་པོ་འདི་ཀ་ཡིན་ཏེ། ཇི་སྐད་དུ། ང་དང་བདག་ཏུ་འཛིན་པའི་འདྲེ། ཁམས་གསུམ་འཁོར་བའི་འདྲེ་བོ་ཆེ། ཞེས་གསུངས་པ་ལྟར་རོ། །གཉིས་པ་ནམ་འགྲོ་བ་དུས་ཀྱི་བྱེ་བྲག་ནི། སྤྱིར་འཇིགས་ཤིང་སྐྲག་པ་དང་། ཉམ་ང་ཞིང་བག་ཚ་བ། ནད་དང་སྡུག་བསྔལ་བྱུང་བའི་དུས་ཉམས་སུ་ལེན་ལ། ཁྱད་པར་མཚན་མོ་མུན་པའི་དུས་ཟླ་གྲོགས་དང་རང་སྲུང་ལག་ཆ་སོགས་ཀྱི་སྙེམས་མེད་པར་འགྲོ་སྟེ། ཉིན་མོ་གང་དུ་ཕྱིན་ཀྱང་མི་འཇིགས་ཤིང་ཟླ་གྲོགས་ཡོད་ན་ནམ་ཕྱིན་ཀྱང་རུང་སྟེ། གང་དུ་ཕྱིན་ཀྱང་འཇིགས་པ་མི་འབྱུང་བས་གཅོད་ཡུལ་མེད་པའི་ཕྱིར་རོ། །མཚན་མོ་ཉམ་ང་བའི་དུས་སུ་ལྷ་འདྲེ་འདུས་ཤིག་རྣམ་རྟོག་འཁྲུལ་ནུས་པས་འགྲོ་བར་བྱ་སྟེ། ཟབ་དོན་ལས། མཚན་མོ་ཉམ་ང་ལྷ་འདྲེ་འདུ་ཞིང་རྣམ་རྟོག་འཁྲུལ། ཐེ་ཚོམ་གཅོད་རང་གེགས་སེལ་བོག་འདོན་དུས་དེར་བྱ། ཞེས་སོ། །གནས་དེར་ཇི་ལྟར་འགྲོ་བའི་ཚུལ་ཀྱང་། རང་གཞུང་ལས། དེ་ལ་མཁོ་བའི་ཡོ་བྱད་ནིཿ དྲེགས་པ་ཟིལ་གྱིས་གནོན་པའི་ཕྱིརཿ སྡེར་བཞི་མ་ཉམས་གཅན་གཟན་ལྤགསཿ ལྟ་བ་ཡས་འབུབས་ཅོག་དུ་དངཿ སྤྱོད་པ་མས་འཛེགས་ཁཊཱྃ་གཿ ལྷ་འདྲེ་དབང་སྡུད་མཆོག་ཆེན་རྐངཿ སྣང་བ་ཟིལ་གནོན་ཌཱ་མ་རུཿ མ་ཚོགས་དབང་བསྒྱུར་དྲིལ་གཡེར་དངཿ སྟག་གཟིག་རས་མ་སྐྲའི་ཅོད་པཎཿ མདོར་ན་བརྟུལ་ཞུགས་སྤྱོད་པ་ལཿ འོས་པའི་ཆས་རྣམས་སྟ་གོན་བྱཿ ཞེས་གསུངས་པ་ལྟར། གཅོད་པའི་རྣལ་འབྱོར་གྱི་ཆས་ལ་འོས་པའི་ཡོ་བྱད་ཕར་ཕྱིན་དྲུག་དང་སྦྱར་བ། སྦྱིན་པའི་དྲྭ་བ། ཚུལ་ཁྲིམས་གྱི་ཀོ་སྟན། བཟོད་པའི་ཅོག་པུ། བརྩོན་འགྲུས་རྐང་གླིང་། བསམ་གཏན་སྒོོམ་ཐག་གམ་སུས་འཁྱུད། ཤེས་རབ་གཅོད་ཊྭཱྃ་འདོགས་བཅས། རྣམ་བཤད་བུ་ཆུང་ཕྱིན་དྲུག་ལང་ཚོའི་ནང་བཞིན་བརྡ་དོན་རྟགས་ཀྱི་རྣམ་གྲངས་ངེས་ཤིང་ཚགས་སུ་ཚུད་པར་བྱས་ནས། གོང་དུ་རང་གཞུང་ལས་ལུང་དྲངས་པ་འདིར་ཡང་ཁྱེར་ནས་འཕྲུལ་ཤེས་པར་བྱ་སྟེ། དོན་དུ་ཞེ་སྡང་དང་། འགྲན་སེམས། བརྙས་ཉམས་རང་ཕོ་ཚོད། ཕོ་རུས་དང་ཁེ་གྲགས། གྲགས་པ་དང་ལོ་འདོད། རྙེད་པ་དང་བཀུར་བསྟི་སོགས་ཀྱི་ཆེད་མ་ཡིན་པར་ངེས་འབྱུང་གི་དད་པ་ཆེན་པོས་ཀུན་ནས་བསླང་སྟེ། ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པ་བདག་མེད་པ་ཡིན་པ་ལ་དེ་ལྟར་མ་རྟོགས་པའི་འཁྲུལ་འཛིན་འཁོར་འདས་གཉིས་ཀའི་གཞི་རྩ་ཆིག་གཅིག་ཏུ་བཏགས་པ་འདིའི་མཐའ་གཅོད་པའི་ཕྱིར་དུ་འགྲོ་བར་བྱ་སྙམ་དུ་བསམ་ཞིང་། སྔོན་དུ་བྱམས་པ་དང་སྙིང་རྗེ་ཚད་མེད་པའི་ངང་ནས་གང་དུ་འགྲོ་བའི་ཡུལ་ཏེ་ལ་དམིགས་པ་གཏད་དེ་ཕཊཿགཅིག་བརྗོད་པ་ཙམ་གྱིས་ཡུལ་དང་རང་སེམས་དབྱེར་མེད་དུ་བསྲེས་ལ། ཐམས་ཅད་རིག་པའི་ཀློང་དུ་ཟིལ་གྱིས་གནོན་པར་བྱ་བའམ། ཡང་ན་ཇི་སྐད་དུ། དེ་ཚེ་ཟིལ་གནོན་དམིགས་པ་ཡིསཿ མ་གཙུན་དགྲ་ལ་བྱ་ཤོར་མཚུངསཿ དེ་ཕྱིར་རིག་པ་བརྟུལ་ཞུགས་ངངཿ ཕཊཿ ཅེས་རང་གི་སྙིང་ག་ནསཿ གནམ་ལྕགས་རྡོ་རྗེ་རྩེ་དགུ་པཿ སྲ་བརྟན་ལྕི་ཞིང་འཐས་པ་ལཿ འོད་ཟེར་མེ་དཔུང་འབར་བ་ཞིག༔ གང་དམིགས་གཉན་པར་ཐོག་ལྟར་ཐོབ༔ དེར་གནས་ལྷ་འདྲེ་དཔུངས་དང་བཅསཿ འབྲོས་ཤིང་འཁྱར་བའི་དབང་མེད་པརཿ དཔའ་ཟིལ་ཆགས་ཏེ་གནས་པར་བསམཿ ཞེས་པ་ལྟར་གྱི་ཟིལ་གནོན་དམིགས་པ་གང་འོས་རང་ཉམས་དང་བསྟུན་པ་བྱེད་དོ། །གསུམ་པ་རྣལ་འབྱོར་པའི་འགྲོ་ལུགས་ནི། དཔའ་བོའི་སྟོབས་འགྲོས་མཁའ་འགྲོའི་གར་འགྲོས་སྦྲུལ་ནག་འཁྱིལ་འགྲོས། ལྟ་བའི་གཏིང་འགྲོས་ཏེ་རྣམ་པ་བཞི་ཡོད་པ་ལས། འདིར་ནི། རྣལ་འབྱོར་འགྲོ་ལུགས་རྣམ་བཞི་ལསཿ ལྟ་བའི་གདིང་འགྲོས་ཤུགས་ཀྱིས་འགྲོཿ ཞེས་གསུངས་པའི་ཕྱི་མ་ལྟར་འགྲོ་བ་སྟེ། དེ་ཡི་ཚུལ་ཡང་ཇི་ལྟར་ཞེ་ན། དེ་ཡང་སྣང་སྲིད་ལྷ་འདྲེ་དངཿ གནས་གདོན་ལམ་འདྲེ་འཁྱམས་པོ་ཀུནཿ བཀུགས་ལ་ར་ལུག་བདས་པ་བཞིནཿ གཉན་པར་རང་དབག་མེད་པར་གཅུརཿ ཞེས་པ་སྟེ། ལམ་གྱི་ལྟག་འོག་ཐམས་ཅད་དུ་ལྷ་འདྲེ་རྣམས་ལྟ་སྟངས་ཀྱིས་གཟིར་ཞིག་གཉན་པར་བཀུགས་ནས་འགྲོ་བ་ནི་སྔ་ནོན་དང་། གཉན་ཁྲོད་དུ་སླེབས་ནས་དེ་ཉིད་དུ་ཟིལ་གྱིས་གནོན་པའི་དམིགས་པ་ནི་ཞན་ཡང་ཡོད་མོད། གཞུང་འདིར་བསྟན་གཙོ་ཆེ་བའི་དབང་དུ་བགྱིས་པར། གནས་དེར་སླེབས་མ་ཐག་ཉིད་དུཿ དྲག་ཤུལ་འབར་བའི་སྟངས་སྟབས་ཀྱིསཿ ལྷ་འདྲེ་ཀུན་གྱི་རྐང་པ་ནསཿ བཟུང་སྟེ་ཀླད་ལ་ལན་གསུམ་བསྐོརཿ དབང་ཆེན་གཞི་ལ་བརྡབ་པར་བསམཿ ཅོག་པུ་བསྟན་བཅས་ཤུགས་ཀྱིས་བསྐྱུརཿ ལྷ་འདྲེ་ཇི་ལྟར་དབྱིངས་ཆེ་ཡངཿ མི་ལྷོངས་མི་སྲིད་ཟིལ་ཁོལ་འགྲོཿ རྣལ་འབྱོར་བརྟུལ་ཞུགས་ཕུགས་ཆུང་གྱུར་ནཿ རིམ་པས་བློ་དང་སྦྱར་ཏེ་བྱཿ ཞེས་གསུངས་པའི་གཞུང་ཚིག་གོ་སླ་བ་དེ་བཞིན་གྱི་དམིགས་པས་བཅུན་པ་ནི་བར་གནོན་དང་། གནས་གཞན་དུ་སྤོ་དུས་ཀྱང་སྔར་ལྟར་གྱི་ཟིལ་གནོན་དམིགས་པ་འཕེན་པ་ལ་ཕྱི་གནོན་ཞེས་བྱའོ། །གལ་ཏེ་མ་ནོན་ན་རྐྱེན་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། སྔ་མ་སྔ་རུ་མ་ནོན་ན། དགྲ་ངན་དག་མ་བྱ་ཤོར་འདྲ། བར་མ་བར་དུ་མ་ནོན་ན། དཔའ་བོའི་ལག་གི་མཚོན་ཤོར་འདྲ། ཕྱི་མ་ཕྱི་རུ་མ་ནོན་ན། ཁྱི་ངན་ཕྱི་ཡི་རྗེས་སྙོགས་འདྲ། ཞེས་གསུངས་པས་སྔ་ཕྱི་བར་གསུམ་གྱི་དམིགས་གནད་དེ་རྣམས་མ་ནོར་བ་གལ་ཆེའོ། །གཞན་ཡང་གདམས་ངག་རྣམས་ལ་རང་བཟོ་དང་ཕོ་ཚོད་ཀྱིས་མ་ཡིན་པ་དམ་པ་བསྟེན་ནས་སྨིན་པར་བྱས་ལ། གནས་གང་དུ་སྙིང་རུས་ཀྱིས་སྡོད་ཚད་བསྐྱེད། ཆེ་བ་གསུམ་གྱི་ངར་བསྐྱེད། ལྷར་སྣང་དང་འདྲེར་སྣང་རང་རྒྱུད་དུ་མི་འཛིན་པར་གང་ཤར་རང་ཐོག་ཏུ་གཞི་རྩ་བཅད་པས་རང་སྣང་དབང་དུ་འདུ་ཞིང་། གཞན་སྣང་ཟིལ་གྱིས་གནོན་པ་ནི་ལོ༷ག་སྡུག༷་འབྱམས༷་གསུམ༷་གྱི་ཆིངས་མ་ནོར་བ་ཡིན་ནོ། །བཞི་པ་ཕྱིན་ནས་ཐོག་མར་ཉམས་སུ་ལེན་པ་ལ། ཟིལ་གནོན་རྟ་བྲོ་ཕུར་གདབ་ཀྱི་དམིགས་པ་འདོན་བསྒོམ་སྦྲག་མ། བུག་རལ་འཁྱམས་གསུམ་གྱི་ངེས་འཛིན། ལྷོངས་ཚད་བརྟག་པའི་རིམ་པ་དང་གསུམ་ལས། དང་པོ་ལ། གནས་དང་ལྷ་འདྲེ་ཟིལ་གནོན། བདག་ཟིལ་གྱིས་གནོན་པ་དང་གཉིས་སུ་ཕྱེ་བའི་ཐོག་མ་ནི། རང་གཞུང་དུ། དེ་ནས་རང་ཉིད་སྐད་ཅིག་གིསཿ གསང་བ་ཡེ་ཤེས་མཁའ་འགྲོ་མཿ ཆེ་ཆུང་སྲིད་པའི་གཏོས་དང་མཉམཿ རྣམ་འགྱུར་རྫོགས་པའི་སྐུར་བསྐྱེད་ལཿ མི་རྐང་གླིང་བུ་དྲག་ཏུ་འབུད། ལྟ་བའི་ངར་བསྐྱེད་བྲོ་བརྡུང་བྱཿ ཞེས་གསུངས་པའི་དགོངས་པ་འདོན་སྒོམ་སྦྲག་མ་བྱེད་ན། ཕཊཿ རང་ཉིད་སྐད་ཅིག་གིས་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྗེ་བཙུན་ཁྲོས་མ་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཉི་ཟླ་མེ་ཡི་འཕྲོ་འདུ་ཅན། དབུ་སུམ་ཅུ་རྩ་གསུམ་ལྷའི་གནས་སུ་སླེབས་ཅིང་། དབུ་སྐྲ་རལ་པའི་གསེབ་ནས་ཕག་ཞལ་ནག་པོ་གྱེན་དུ་ངུར་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་རྟིང་པ་ན་རཀ་རྡོ་རྗེའི་གདན་ལ་ཐུག་ཅིང་སྐུ་གར་ཐབས་ལིང་ངེར་བཞུགས་པའི་གྲུ་མོ་ན་ཁཊཾ་ག་རང་ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། རུས་པའི་རྒྱན་དྲུག་སོགས་ཀྱིས་སྤྲས་པ། ཕྱག་གཡས་པས་མི་ལྤགས་ཀྱི་གཡང་གཞི་ཁྲག་དམར་ཙ་རེ་བ་ནམ་མཁའི་དབྱིངས་སུ་གཡུགས་པས་ཁམས་གསུམ་གྱི་ལྷ་འདྲེ་རྣམས་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་གྱུརཿ ཕཊཿ ལན་གསུམ་བརྗོད། དེ་ནས་རྐང་གླིང་གི་ཁ་ལག་མཐིལ་དུ་ལན་གསུམ་བརྡབ་པའི་དང་པོས་མ་འཇིགས་ཤིག གཉིས་པས་བཏང་སྐྲག་ཅིག།གསུམ་པས་མ་སྔངས་ཤིག་བསམ་ལ་ལྔ་འབུད་ཅིང་ཌཱཀྐིའི་བཤུགས་གླུ་ཡིད་འཁུལ་ནུས་པ་བྱས་ནས་གཉན་འབོད་སྤྲོ་ན། འོ་མཐོ་སྲིད་པའི་རྩེ་མོ་མན་ཆད་ནས་དམའ་ན་རཀ་དམྱལ་ཁམས་ཡན་ཆོད་ཀྱི་བཀའ་སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད་སྣ་འདྲེན་སྡོང་ཟླ་རྒྱབ་བརྟེན་དང་བཅས་པ། གནས་གདོན་ལུས་གདོན་ནད་འདྲེ་ལན་ཆགས་དམ་སྲི་ཕོ་མོ་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ཏི་ན་བུན་གྱེས་གཡོགས་པའམ་སྨུག་པ་རླུང་གིས་བསྡུས་པའམ་བྱ་གཅན་ཐད་ལ་རུབ་པ་ལྟར་སྐད་ཅིག་རང་དབང་མེད་པར་གཉན་ཁྲོད་ཆེན་པོ་འདིར་འདུས་ཤིག ཞེས་བརྗོད་ནས་རིག་ཐོག་ཏུ་ལྟ་བའི་ངར་བསྐྱེད་དེ་གཅོད་ཊྃ་ཌར་རྒྱག་བཅས་བྲོ་བརྡུང་བྱ་བ། ཕཊཿ འཇིགས་མེད་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ངཿ སོང་ནས་ཆོས་དབྱིངས་ཡེ་ཤེས་ཧཱུྃ་གླུ་ཀྱུ་རུ་རུཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ ཀྱི་བར་འདོན་ཚིག་གིས་གསལ་བཏབ་སྟེ། རྩ་བརྒྱུད་རིག་འཛིན་བླ་མ ཡི་དམ་དཔའ་བོ་རྒྱ་མཚོ། མཁའ་འགྲོ་གནས་ཉུལ་མ་ཚོགས་དང་བཅས་པ་གྲོགས་སུ་སྦྲན་ནས། རང་ཉིད་ཁྲོས་མས་བྲོ་དཔོན་མཛད་དེ། གླིང་བཞི་རི་རབ་དང་བཅས་པའི་ཁྲོ་རར་བདག་གཞན་གཉིས་སུ་འཛིན་པའི་རྣམ་རྟོག །འཁོར་བའི་འདྲེ་རྒོད་ཀྱི་རྩལ་ལས་ཤར་བ་ཞེ་སྡང་རང་གཟུགས་རྒྱལ་པོ། །ང་རྒྱལ་གཤིན་རྗེ་འདོད་ཆགས་སྲིན་པོ། ཕྲག་དོག་དམ་སྲི། གཏི་མུག་ཤི་འདྲེ་རྣམས་ཀྱི་མགོ་བོར་ཆོས་ཉིད་ཀྱི་རིག་རྩལ་ལས། མེ་ལོང་ལྟ་བུའི་ཡེ་ཤེས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ་སོར་རྟོག་པའི་ཡེ་ཤེས། བྱ་བ་གྲུབ་པའི་ཡེ་ཤེས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལྔའི་མཚན་དོན་དང་བཅས་བྲོ་བརྟུངས་པས་འཁོར་འདས་མཉམ་བརྡལ། ཤེས་པ་གཏན་མེད་གུ་ཡངས་ཆེན་པོར་བཏང་བའོ། །དེ་ནས་ཅོག་པུ་འབུབ་པ་ནི། ཇི་སྐད་དུ། གཞི་དེའི་ལྷ་འདྲེ་གདུག་པ་ཅནཿ གན་རྐྱལ་བསྒྱེལ་བའི་ཡན་ལག་ལྔརཿ གནམ་ལྕགས་ཕུར་བུས་བཏབ་པར་བསམཿ ཞེས་གསུངས་པ་ལྟར་ཕུར་གདབ་ཀྱི་ཚེ། ཕཊཿ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོས་མསཿ སོགས་ནས། གཡོ་འགུལ་མེད་པར་གནས་པར་གྱུརཿ ཕཊཿ ཀྱི་བར་འདོན་པའི་དུས་ཕྱོགས་བཞི་དབུས་ལྔའི་སྤྲོ་རྣམས་ཀྱིས་ཚད་མེད་བཞི་དང་། བྱང་ཆུབ་སེམས་ཀྱི་ཕུར་པ་ཁྱེར་ནས་བདག་འཛིན་ལས་བྱུང་བའི་ལྷ་འདྲེའི་མགོ་བོ་དང་། ཡན་ལག་བཞིའི་ལྟ་བུ་ཚིགས་ལ་བཏབ་པས་ཐེབས་ཏེ་སྣང་སྲིད་གཡོ་འགུལ་མེད་པར་བདེ་ཆམ་མེར་གནས་པར་བསམ། མཐར་བདག་གཞན་ལྷ་འདྲེ་གསུམ་ཀ་འཁོར་གསུམ་མི་དམིགས་པའི་ཀློང་དུ་མཉམ་པར་བཞག་སྟེ་བཞག་ཅེས་པའང་ཚིག་ཙམ་དུ་ཟད་དོ། །གཉིས་པ་ནི་རང་གི་སེམས་ཉིད་གཏོད་ནས་རང་བཞིན་རྣམ་པར་དག་པ་ཡིན་ལ། དེ་ལྟར་མ་རྟོགས་པའི་སེམས་འཁྲུལ་ཕྱིར་འབྲང་བ་འདི་ཡང་ཟིལ་གནོན་གྱིས་གཡས་རེ་ཆུང་ལྟམ་དུ་བསམ་ལ། དེའི་ང་སུ་ཕཊཿཅེས་སེམས་ཉིད་སྐྱེ་མེད་བློ་བྲལ་དབྱིངས་སུ་ཚེ་མེར་བཞག །དེ་ལ་རྣམ་རྟོག་ཐོལ་གྱིས་འཕྲོ་བ་ཡང་ཐད་ཀར་རྩད་བདར་བཅད་དེ་ཟིལ་གནོན་སྔ་ཕྱིའི་ཏིང་ངེ་འཛིན་རེས་མོས་སུ་བསྒོམ་མོ། །དམིགས་པ་མི་རྣམས་ལ་འབད་པས་ཐ་མལ་གྱི་ཞིག་རྟོག་མི་འཇུག་པར་ལྷ་འདྲེ་ལྷོངས་ཤིང་དབང་དུ་འདུ། སྣང་བ་བདེན་མེད་དུ་བུག་ལིང་ངེར་འགྲོ །ལྷ་འདྲེ་བྲོས་པ་དང་མགོ་བསྐོར་གྱི་ཚར་ཚད་སད་སུད་པ་དེ་འདྲ་མི་འབྱུང་བ་ཡིན་ནོ། །གཉིས་པ་བུག་རལ་འཁྱམས་གསུམ་གྱི་སྐྱོན་ངེས་འཛིན་པ་ལ་གསུམ་ལས། དང་པོ་ནི། ཕྱི་རོལ་དུ་འགྲོ་འདུག་བྱས་ཏེ་ལྟད་མོ་ལ་གཡེང་ཞིང་མལ་སའི་དྲོད་ཡུལ་བ། དུས་མིན་དུ་ཕཊཿསྒྲ་སྒྲོག་པ། ཉི་ནུབ་ཕན་ཆད་ལ་མར་མེ་དང་མེ་འབུད་པ། བཟའ་བཏུང་བྱེད་པ། ཆོས་སྤྱོད་འདོན་པ་སོགས་ནི་བུག་པའི་སྐྱོན་ཡིན་ནོ། །གཉིས་པ། གནས་དེར་ཇི་ཙམ་བསྡད་རུང་ལྷོངས་ཚད་ཚར་ཚད་ཀྱི་རྟགས་རྣམས་མ་བྱུང་བ་དང་། ནང་དུ་རང་སེམས་ལ་བོགས་མ་ཐོག་པར་ཆོས་བརྒྱད་ཀྱི་བློ་སྐྱེས་པ་དང་། གཅོད་འགྲོ་མ་ཆོད་པར་གཉན་ས་གཞན་ལ་འགྲོ་དགོས་པ་བྱུང་བ་རྣམས་རལ་བའི་སྐྱོན་ནོ། །གསུམ་པ་ནི། དམིགས་པའི་གཅུན་ཐབས་མ་ཤེས་པ་དང་། གཅུན་པ་ལྷོད་ཅིང་རྣམ་རྟོག་རྒྱ་འབྱམས་སུ་སོང་ནས་གཞན་གྱི་མི་དང་སྤྱོད་ལམ་འདྲེས་པ། རྣམ་གཡེང་བག་མེད་ཀྱི་ལས་སུ་གྱུར་པ་རྣམས་ནི་འཁྱམས་པའི་སྐྱོན་ཡིན་ལ། གཞན་ཡང་བྱིང་རྨུགས་འཐིབ་གསུམ། སྔངས་སྐྲག་འཇིག་རྐྱེན་ན་ཚ་སྡུག་བསྔལ། ཐེ་ཚོམ་ཁུ་འཕྲིག་ལྟོག་སྐོམ་ཚ་གྲང་སོགས་ཀྱིས་དབང་དུ་མི་གཏོང་བར་རྙིང་མ་རུས་པ་བསྐྱེད་ཅིང་སྔར་གྱི་མི་ལུས་ཐོབ་པ་ཕལ་ཆེར་འཁོར་བའི་ལམ་ནས་ཆུད་ཟོས་སུ་སོང་། ད་རེས་ལུས་འདི་ཆོས་ཕྱིར་དུ་འདོར་ན་ང་རེ་དགའ་སྙམ་པའི་བློ་བ་དེང་དང་ལྡན་པའི་ངང་ནས་བདག་མེད་ཀྱི་ལྟ་བའི་ཀློང་དུ་གཟེར་ཐེབ་པར་བྱའོ། །གསུམ་པ་ལྷོངས་ཚད་བརྟག་པ་ནི། དེ་ལྟར་ཟིལ་གནོན་གསུམ་གྱི་ཏིང་ངེ་འཛིན་ལ་བསྟེན་ནས་ལྷོངས་གསུམ་འབྱུང་བ་ལས། དང་པོ། ཕྱིའི་ལྷ་འདྲེ་ལྷོངས་པའི་རྟགས་ནི། ས་གཡོ་བ། རི་འུར་བ། ཐོག་དང་སེར་བ་འབེབས་པ། གཟུགས་མི་སྡུག་པའི་མཐོང་སྣང་དང་། སྨྲ་བའི་སྙན་པ་དུ་མ་སྒྲོགས་པ་སོགས་འཇིགས་པའི་ཚུལ་དངོས་ཉམས་རྨི་ལམ་གང་རུང་ལས་འབྱུང་ངོ་། །དེ་ཡང་རབ་ཞག་གསུམ། འབྲིང་ཞག་ལྔའམ་ཁ་ན། ཐ་མ་ཡང་ཞག་བཅུ་ལས་མི་འགྱང་བ་འོང་། །འོན་ཀྱང་གདོན་བྱིང་ཆུང་རྣལ་འབྱོར་པ་ནུས་པ་ཆེ་ན་ལྷོངས་མི་ནུས་པ་དང་། གདོན་བྱིང་ཆེ་རྣལ་འབྱོར་པ་ནུས་པ་ཆུང་ན་མི་ལྷོངས་པ་སོགས་ལུང་མང་བས་གང་ཡིན་ཤེས་པར་བྱའོ། །དེ་ལྟར་རྟགས་ནི་རྣལ་འབྱོར་པ་ནུས་པ་ཆུང་བ་དག་གིས་ལྷོངས་འཚུབས་སེམས་ཀྱིས་འཆུན་དཀའ་བའམ། ལྷ་འདྲེ་བྱིང་ཆེ་ལྷོང་མ་ནུས་ན། རང་གཞུང་ལས། གལ་ཏེ་རྣལ་འབྱོར་དབྱིངས་ཆུང་ནས༔ ལྷོངས་འཚུབས་འཆུན་པར་དཀའ་བའམཿ ལྷ་འདྲེ་བྱིང་ཆེན་མ་ལྷོངས་ནཿ ཀེང་རུས་དཀར་པོའི་དམིགས་པ་བྱཿ ཞེས་གསུངས་པའི་ཀེང་རུས་དཀར་པོའི་དམིགས་པ་ནི། ཕཊཿ ཅེས་རང་ཉིད་སྐད་ཅིག་གིསཿ ཀེང་རུས་དཀར་པོ་མེ་འབར་བཿ ཤིན་ཏུ་ཆེ་བ་ལས་བྱུང་བའི༔ མེ་ཡིས་སྟོང་གི་འཇིག་རྟེན་དངཿ ཁྱད་པར་ལྷ་འདྲེའི་གནས་རྟེན་བསྲེགསཿ མཐར་ནི་ཀེང་རུས་མེས་དང་བཅས༔ འོད་ཡལ་སྟོང་པའི་ངང་ལ་བཞགཿ འགོ་ནད་བསྲུང་བ་ལ་ཡང་ཟབཿ ཞེས་པའི་དམིགས་པས་གཅུན་ན་ལྷོངས་ཚོད་དུས་སུ་འབྱུང་ཞིང་འཆུན་ཆེ་བ་དང་། ཁྱད་པར་འགོ་བའི་ནད་རིམས་ལ་ཡང་ཤིན་ཏུ་ཟབ་པའི་མན་ངག་གོ །གཉིས་པ། ནང་ན་ཚ་ལྷོ་པ་སའི་རྟགས་ནི། རྙིང་རླུང་དང་གཟེར་ནད་སོགས་ན་ཚ་དྲག་པོ་གློ་བུར་དུ་འབྱུང་བ་རང་། ནད་རོ་འཁྲུག་པ་སོགས་འབྱུང་ངོ་། །གསུམ་པ། གསང་བ་རྣམ་རྟོག་ལྷོངས་པའི་རྟགས་ནི། རང་གི་རྒྱུད་ལ་སྡུག་སྣང་དང་། སྐྱོ་འཇིགས་མི་ཚུགས་པ་ལྟ་བུ་དང་། འགྲོ་སྙིང་འདོད་པ། ཚིག་པ་ཟ་བ། ཆོས་བརྒྱད་དང་འདོད་ཡོན་གྱི་ཡུལ་ཕྱིར་འཕྲོ་བའི་རྟོག་པ་མི་ནོན་པ་འདྲ་མོ་སོགས་སེམས་ཐོག་ཏུ་རེ་དོགས་ཕྱི་འཆར་སྒོ་སྣ་ཚོགས་པ་འཆར་བའོ། །དེ་ལྟར་ཕྱི་ནང་གསང་གསུམ་གྱི་ལྷོངས་རྟགས་དེ་འདྲ་བའི་རིགས་གང་བྱུང་ཡང་དགའ་སྡུག་དང་། ཉམ་ང་ཅག་ཚ་རྡུལ་ཙམ་ཡང་མི་བྱ་བར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ནམ་མཁའི་རི་མོ་ལྟ་བུར་ཐག་བཅད་ལ། ཕཊཿཅེས་དབྱིངས་རིག་བསྲེས་ཏེ་སེམས་གཞི་མེད་རྩ་བྲལ་གྱི་ངང་ལ་ཁྲིགས་སེ་བོར། ཅི་འོང་ཀྱང་ཤོག །ཅིས་དགའ་བར་གྱིས། གར་འགྲོ་བར་སོང་། སྙམ་དུ་བློ་ཡི་སྙེམས་ཐག་བཅད་ལ་བཞག་པ་ནི། དེ་ཚེ་ཆོ་འཕྲུལ་ཅི་བྱུང་ཡངཿ ཉམས་དང་བྲལ་བའི་ལྟ་བས་གཅུནཿ ཞེས་གསུངས་པའི་དོན་ཏེ། ལྷོངས་རྟགས་བྱུང་བའི་ལྷ་འདྲེ་རྣམས་ཕོ་མོ་གང་ཡིན་དང་། རིགས་དང་། དཀར་ནག ཕྱོགས་གང་ལ་གཏོགས། སྡོང་ཟླ་གང་ཡིན། ལས་གང་དང་དངོས་གྲུབ་ཅི་སྟེར་ནུས་སོགས་མ་ནོར་བར་བརྟགས་ལ་ཁོ་ཐག་ཆོད་པར་བྱས་ཏེ་མཆོད་སྦྱིན་བྱེད་པའི་དམིགས་པ་ཡང་དེ་ལྟར་དུ་བསྒྱུར་བ་སྐབས་སུ་བབས་ཏེ། འདི་ཉིད་དུ། དེ་ནས་ལྷ་འདྲེ་ངོས་ཟིན་ནསཿ ལུས་སྦྱིན་དངོས་ལ་འཇུག་པ་ནིཿ ཞེས་གསུངས་པས་མཚོན་ནུས་སོ། །སྤྱི་དོན་བཞེངས་ཕུང་པོ་གཟན་དུ་བསྐྱུར་བ་ལ་སྦྱོར་དངོས་གཉིས་ཀྱི། དང་པོ་སྦྱོར་བའི་ཆོ་ག་ལའང་ལྔ་སྟེ། དང་པོ་མདུན་མཁར་སྐྱབས་ཡུལ་ལམ་ཚོགས་ཞིང་གསལ་བཏབ་པ་ནི། ཕཊཿ རང་སྣང་འོད་གསལ་བདེ་བ་ཆེན་པོའི་དབྱིངསཿ སོགས་ནས་ཀློང་དུ་གསལཿ ཞེས་པའི་བར་གྱིས་གསལ་བཏབ་སྟེ། དྲིན་ཆེན་རྩ་བའི་བླ་མ་ཉིད་རིགས་ཀུན་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་བཞེངས་པ་ལ་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་། ཡི་དམ་རྒྱུད་སྡེ་བཞི་དྲུག་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྲིན་ལྟར་འཐིབས་པས་བསྐོར་བ་རྣམས་རིག་རྩལ་མ་འགག་འཇའ་འོད་ཐིག་ལེའི་ཀློང་དུ་སྐུ་ཚོམ་བུ་ཤིག་གེར་བཞུགས་པ་ཚིག་ཟིན་ལྟར་རོ། །དེ་ལྟར་གསལ་ཐེབས་ནས། གཉིས་པ་སྐྱབས་སུ་འགྲོ་བ་ནི། བདག་ལ་གནོད་བྱེད་ཀྱིས་གཙོར་བྱས་པའི་སྣང་སྲིད་ཀྱི་ལྷ་འདྲེ་འབྱུང་པོ་མི་དང་མི་མ་ཡིན་པ་ཐམས་ཅད་ཚེ་རབས་ཐོག་མ་མེད་པ་ནས་རང་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་འདི་རྣམས་མ་རིག་པའི་དབང་གིས་འཁོར་བར་དབང་མེད་དུ་འཁྱམས་ཤིང་སྡུག་བསྔལ་གྱིས་མནར་བ་འདི་དག་སྙིང་རེ་རྗེ། སྡུག་བསྔལ་དེ་ལས་བསྐྱབ་ནུས་པ་ནི་དཀོན་མཆོག་རྩ་བ་གསུམ་མ་གཏོགས་མེད་པས་དེ་ལ་ཡིད་ཁྱེད་ཤེས་ཀྱི་བློས་སྐྱབས་སུ་འགྲོ་བར་དམིགས་ལ། ཕཊཿ རང་བྱུང་གི་རིག་པ་བཅོས་མེད་འདིཿ སོགས་དོན་དམ་པའི་སྐྱབས་འགྲོ་ལན་གསུམ་བྱ། གསུམ་པ་སེམས་བསྐྱེད་པ་ནི། དེ་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་པའི་ཆེད་དུ་དམ་ཆོས་བདུད་ཀྱི་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཉམས་སུ་ལེན་པའི་སྒོ་ནས་བྱང་ཆུབ་སེམས་གཉིས་རྒྱུད་ལ་བསྐྱེད་དོ་སྙམ་པས། ཕཊཿ སྣང་བ་ལ་དངོས་པོར་འཛིན་པའི་སེམསཿ སོགས་བདུད་གཅོད་དང་འབྲེལ་བའི་སེམས་བསྐྱེད་ལན་གསུམ་བྱ། སྐྱབས་སེམས་སྐོར་གྱི་དམིགས་རིམ་འདི་དག་བློ་ལ་འཆར་བདེ་བའི་ཕྱིར་ཐེག་པ་སྤྱི་ལུགས་སུ་བཀྲལ་བའོ། །བཞི་པ་རང་རྣམ་ལུས་ཀྱི་མཎྜལ་འབུལ་བ་ནི། པགས་པ་གསེར་གྱི་ས་གཞི། ཁྲག་དྲི་བཟང་གི་ཆག་ཆག ཤ་མེ་ཏོག་སིལ་མའི་ཚོམ་བུ། ཟོ་ཁོག་རིའི་རྒྱལ་པོ་རི་རབ། ཡན་ལག་བཞི་གླིང་བཞི། སྙིང་ལག་རྣམས་གླིང་ཕྲན་བརྒྱད། མགོ་བོ་ལྷ་གནས་རྣམ་པར་རྒྱལ་བའི་ཁང་བཟང་། མིག་གཉིས་ཉི་ཟླ། སྙིང་ཡིད་བཞིན་གྱི་ནོར་བུ། དོན་སྣོད་དབང་ལྔ་ནང་ཁྲོལ་རྣམས་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པར་བསམ་ལ། ཕཊཿ གཅེས་འཛིན་གྱི་ཕུང་པོ་སྒྱུ་མའི་ལུསཿ སོགས་བརྗོད་ནས་ཕུལ་ལོ། །ལྔ་པ་བྱིན་རླབས་མྱུར་དུ་འཇུག་ཅིང་གཅོད་ཡུལ་ལམ་དུ་ལོངས་པར་བྱེད་པ་བླ་མའི་རྣལ་འབྱོར་གསལ་འདེབས་པ་ནི། ཕཊཿ དབྱིངས་ཟག་མེད་ཆོས་སྐུའི་ནམ་མཁའ་ལཿ སོགས་ནས། ཕ་རྗེ་བཙུན་བླ་མས་བྱིན་གྱིས་རློབསཿ ཕཊཿ བརྗོད་པའི་ཚེ་དབྱིངས་རིག་ཟུང་འཇུག་རང་མདངས་འཇའ་ཟེར་ཐིག་ལེ་འཁྲིགས་པའི་དབུས་ན་རིགས་ལུས་མ་ཧཱ་གུ་རུ་ཧེ་རུ་ཀའི་རྣམ་པ་ཆུ་གྲི་དང་། ཐོད་པ་འཛིན་པའི་འཁོར་དུ་མཁའ་འགྲོ་རྒྱ་མཚོས་བསྐོར་བ་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་བདག་ཉིད་ཆེན་པོར་བཞུགས་པ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་སྟེ་བྱིན་རླབས་ཞུ་བའི་ཚིག་རྐང་དྲུག་རྣམས་ཉམས་ཁྲིད་འདིའི་དོན་ཕྱིན་ཅི་མ་ལོག་པ་མདོར་བསྟན་པ་ཡིན་ཞིང་ཐོག་མཐའ་བར་གསུམ་དུ་རྒྱས་པར་བཤད་ཡོད་པས་ཆེད་དུ་སྤྲོས་མི་དགོས་སོ། །གཉིས་པ་ཕུང་པོ་གཟན་སྐྱུར་དངོས་ལ་འཇུག་པར། རྣམ་ཤེས་སྤར་བ་དང་། འགྱེད་ཆེན་བཞི། ཚར་ཚད་བརྟག་པ་རྣམས་ཡོད་པ་ལས། དང་པོ་ནི། སྤྱིར་མ་གཅིག་གི་ཞལ་ནས། བེམ་རིག་ཕྲལ་ལ་དབྱིངས་རིག་བསྲེ། ཉམས་ལེན་ཕུང་པོ་གཟན་དུ་བསྐྱུར། ཞེས་གསུངས་པས། རེ་དོགས་གཉིས་སྣང་གི་ལྷ་འདྲེ་དམིགས་མེད་ཀྱི་ངང་དུ་བསྲེ་བ། སྣང་བ་དང་སེམས་ཆོས་ཉིད་ཀྱི་ཀློང་དུ་བསྲེ་བ། བདེ་བ་དང་སྡུག་བསྔལ་གཏད་མེད་ཀྱི་དབྱིངས་སུ་བསྲེ་བ། རང་ལུས་དང་གཞན་ལུས་སྒྱུ་མའི་རང་བཞིན་དུ་བསྲེ་བ་སྟེ། བཞི་བསྲེས་ནམ་མཁའ་གོ་འབྱེད་ནི། འཕོ་བ་བརྒྱ་ཡིས་དོ་ཟླ་མིན། ཞེས་པའི་དོན་ཡང་བདེ་བའི་སྟན་ལ་ལུས་གནད་ཆོས་བདུན་བཅའ། མིག་བར་སྣང་ལ་ཧར་རེ་གཏད་དེ་དམིགས་པ་རྐང་མཐིལ་གཡས་གཡོན་དུ་ངོ་བོ་རིག་པ་བྱང་ཆུབ་ཀྱི་སེམས། རྣམ་པ་ཐིག་ལེ་དཀར་དམར་བྱ་མ་གསར་གྱི་སྒོ་ང་ལྟ་བུ་གསལ་ཞིང་འཚེར་བ་ཞིག་བསམ་ལ། དེ་གཉིས་རྐང་པའི་ནང་བརྒྱུད་དེ་སུམ་མདོར་གཅིག་ཏུ་དྲིལ་བ་ཕཊཿསོགས་བརྗོད་པ་དང་མཉམ་དུ་རིམ་བཞིན་ལྟེ་བ། སྙིང་ག མགྲིན་པ། སྤྱི་བོ་ཚངས་བུག་ནས་རྒྱང་གིས་ཕཊཿབརྗོད་པས་ཐིག་ལེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་ནས་དབྱིངས་རིག་བསྲེས་ལ། དེའང་ནམ་མཁས་གར་ཁྱབ་རིག་པས་ཁྱབ་པས་ཡང་ཕྱལ་ལེ་བ་ངེས་བཟུང་མེད་པའི་སྤྲོས་བྲལ་སྟོང་ཉིད་ཀྱི་ངང་ལ་ཅི་གནས་སུ་བཞག དེར་མི་གནས་པའི་ཚེ་ཕུང་པོ་གཟན་དུ་བསྐྱུར་བ་ཡིན་ཀྱང་། གཞུང་འདིའི་འདོན་བྱ། ཕཊཿ དེ་ནས་བག་ཆགས་སྙིགས་མའི་ལུསཿ སོགས་ནས། ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿབརྗོད་པའི་བར་དམིགས་པའི་སྒོས་ཆོས་ནི། རང་གི་ལུས་དེ་ཉིད་ཆེ་ཚོ་དར་ལ་བབ་པ་མཛེས་ཤིང་ཡིད་འོང་ལྟོས་ཆེ་བ་ཞིག་ཏུ་བསྐྱེད་པའི་སྙིང་དབུས་ནས་དྭངས་མའི་རིག་པ་རྡོ་རྗེ་རྣལ་འབྱོར་མ་ཁྲོས་མ་དམར་མོའི་རྣམ་པར་ཕཊཿཅེས་བརྗོད་པ་དང་མཉམ་དུ་བེམ་རིག་ཕྲལ་བའི་ཁྱད་ཙམ་བདོག་ཀྱང་དོན་དུ་མི་འདྲ་བ་མེད་དོ། །གཉིས་པ་འགྱེད་ཆེན་བཞི་ཡི། དང་པོ། དཀར་འགྱེད་དམིགས་པ་ནི། དེ་ཡིས་རང་ལུས་ཐོད་པ་ཕྲལཿ སྟོང་ཁམས་ཁྱབ་པའི་མི་མགོ་ཡིཿ སྒྱེད་པུ་གསུམ་གྱི་ཁར་བཞག་ནངཿ འབྱུང་ལུས་ཚོགས་སུ་བཤམས་པ་འདིཿ འབྲུ་གསུམ་འོད་ཀྱིས་བདུད་རྩིར་སྦར༔ ཞེས་པས་རང་སེམས་རྡོ་རྗེ་ཁྲོས་མ་སྐུ་མདོག་དམར་མོ་གྲི་གུག་དང་ཐོད་ཁྲག་བསྣམས་པ། ཞབས་གཡོན་བརྐྱང་བའི་གར་སྟབས་ཅན་གཅེར་བུ་སྐྲ་ཁྲོལ་ཞིང་མཛེས་པ་ཞིག་རྒྱང་གིས་ཐོན། གཡས་པའི་གྲི་གུག་གིས་བེམ་པོའི་སྨིན་མཚམས་ནས་ཧྲག་གིས་བྲག་སྟེ་མདུན་དུ་མི་མགོའི་སྒྱེད་པུ་རི་ཙམ་གསུམ་གྱི་སྟེང་དུ་བཞག་ལ། ཕུང་པོ་གྲི་གུག་གིས་བཤས་ནས་སིལ་བུར་གཏུབས་ཏེ་ཐོད་པའི་ནང་དུ་བླུགས་པས་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་ཆེན་པོ་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བ་རྡོ་རྗེ་རྣལ་འབྱོར་མས་འབྲུ་གསུམ་དང་ཧ་ཧོ་ཧྲཱིཿབཅས་གྲངས་མེད་བརྗོད་པའི་རྐྱེན་གྱིས་མ་དག་པའི་དངོས་པོ་སྦྱངས་ཏེ་འོད་དུ་ལྟེམ་གྱིས་ཞུ་བས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་ནུས་པ་སྟོང་དང་ལྡན་པར་བསམ་ཞིང་། ཕཊཿ མཆོད་ཡུལ་རྩ་གསུམ་དམ་ཅན་ནསཿ སོགས་ནས། སྐད་ཅིག་ཉིད་ལ་གཤེགས་སུ་གསོལཿ ཕཊཿ བར་བརྗོད་པས་འཁོར་འདས་གཉིས་ཀྱིས་བསྡུས་པའི་མགྲོན་རྣམས་མཁའ་ལ་སྤྲིན་གཏིབས་པའམ་བྱ་རྒོད་ཤ་ལ་རུབ་པ་ལྟར་བྱུང་ནས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་གང་བར་དམིགས་ལ། རང་གི་ཐུགས་ཀ་ནས་རང་འདྲ་བའི་རྣལ་འབྱོར་མ་དཔག་ཏུ་མེད་པ་འཕྲོས་ཏེ་ཐོད་པས་བདུད་རྩི་ལ་བཅུས་ནས་དཀོན་མཆོག་སྲི་ཞུ། མགོན་པོ་ཡོན་ཏན་སོ་སོའི་མགྲོན་རྣམས་ལ་ཕུལ་བས་དགྱེས་ཚིམ་བརྩེ་བ་དང་ལྡན་ནས་འགལ་རྐྱེན་ལམ་དུ་སློང་ཞིང་གཅོད་ཡུལ་ཕྱག་རྒྱ་ཆེན་པོའི་བསྟན་པ་དར་ཞིང་རྒྱས་པ་དང་། སྙིང་རྗེས་དང་ལན་ཆགས་ཀྱི་མགྲོན་རྣམས་ཀྱང་སོ་སོའི་སྡུག་བསྔལ་དང་བྲལ་ནས་བདེ་བའི་གཏན་སྲིད་དམ་པ་ཐོབ་པར་བསམ་ལ། ཕཊཿ གདོད་མའི་མགོན་པོ་མན་ཆད་ནསཿ སོགས་ནས། བུ་ལོན་ལན་ཆགས་བྱང་བར་ཤོགཿ ཕཊཿ བར་བརྗོད་པའི་མཐར་མི་དམིགས་པའི་ངང་ལ་བཞག་གོ། །གཉིས་པ་ཁྲ་འགྱེད་ནི་གཞུང་ལས། ཁྲ་བོར་འགྱེད་ན་དེ་ཉིད་ལསཿ སྐྱེད་ཚལ་ཟས་གོས་སྨན་ལ་སོགསཿ ཡིད་ལ་ཅི་འདོད་ངོ་བོར་སྦརཿ ཞེས་པས་བེམ་རིག་ཕྲལ་ལ་གོང་བཞིན་ཐོད་པ་སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ཁྲག་རྣམས་བདུད་རྩིའི་རང་བཞིན་དུ་ཁོལ་བའི་རླངས་པ་ལས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ་དེ་རྣམས་ཀྱི་ཕྱག་གཡས་ན་ཀ་པཱ་ལ་བདུད་རྩིའི་བཀང་བ་དང་། གཡོན་པས་རང་རྟགས་ཀྱི་ཕྱག་རྒྱ་བསྣམས་ནས་གར་ཁྱུག་ཁྱུག་བྱེད་ཅིང་འོད་ཟེར་རླངས་པ་རྣམས་ལ་གདུགས་དང་རྒྱལ་མཚན་སོགས་ཕྱི་ནང་གི་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཐམས་ཅད་གང་བས་གདོད་མའི་མགོན་པོ་ནས་བཟུང་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང་སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་གྱི་ཚོགས་དང་བཅས་པ་རྣམས་ལ་ཕུལ་བས་མཉེས་ཤིང་བརྩེ་བས་རང་གཞན་རྣམས་རྗེས་སུ་འཛིན་པ་དང་མ་ནོར་ལམ་མཆོག་དམ་པ་ཐོབ་པར་བསམ། ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་སོགས་དཀོན་མཆོག་སྲི་ཞུའི་མགྲོན་དུ་གྱུར་པ་རྣམས་ལ་ཕུལ་བས་དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་ཞིང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། ལྷ་ཀླུ་གཟའ་སྐར་སོགས་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་རྣམས་ལ་མཆོད་རྫས། བརྟེན་རྫས། བསྐང་རྫས། སྒྲུབ་རྫས་སོགས་འདོད་ཡོན་གྱི་རང་བཞིན་དུ་ཕུལ་བས་ཐུགས་དམ་བསྐང་ཞིང་བྱང་ཆུབ་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་བ་དང་བསྟན་པ་དར་ཞིང་རྒྱས་པའི་མཐུ་དཔུང་སྡོང་གྲོགས་བྱེད་པར་བསམ་མོ། །དེ་ནས་གཞི་བདག་གི་མགྲོན་རྣམས་ལ་དཀར་གསུམ་མངར་གསུམ་འབྲུ་སྣ་སྨན་སྣ་དར་ཚོན་བལ་ཚོན། རིན་པོ་ཆེའི་བང་མཛོད་གནག་ལུག་བྱ་རིགས་རི་དྭགས་གཅན་གཟན། གོ་མཚོན་ཤིང་རྩི་མེ་ཏོག་ཁང་ཁྱིམ་ཡོ་བྱད་སོགས་གང་ལ་གང་འདོད་ཀྱི་ལོངས་སྤྱོད་དུ་བསྒྱུར་ལ་ཕུལ། དེ་ཡང་གཞི་བདག་རྣམས་ནི་སྤྱིར་མ་ངེས་ཀྱང་འདིར་དམིགས་པའི་ཡུལ་དུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ། རྒྱན་ཆ་སྣ་ཚོགས་ཀྱིས་སྤྲས་ཤིང་མདུང་དང་རལ་གྲི་སོགས་ཕྱག་མཚན་མ་ངེས་པ་བསྣམས་ནས་རྟ་ལ་ཞོན་པ། མོ་རིགས་རྣམས་ཀྱང་དབྱིབས་ཕོ་རྣམས་དང་མཚུངས་ལ་སྐྲ་ཁྲོལ་ཞིང་མེ་ཏོག་གི་ཕྲེང་བས་བརྒྱན་པ། ཕྱག་མཚན་ཀྱང་མེ་ལོང་དང་མདའ་དར་བསྣམས་ནས་ཤ་བ་ཡུ་མོ་སོགས་ཞེན་ཅིང་ཐམས་ཅད་གུས་པའི་ཚུལ་གྱིས་འོང་ནས་འདོད་ཡོན་ལ་ལོངས་སྤྱོད་ཅིང་ཅི་བཅོལ་གྱི་ཕྲིན་ལས་སྒྲུབ་པར་བསམ། དེ་བཞིན་དུ་ཀླུ་རྣམས་ལ་མཚོ་དང་རྫིང་བུ། ལྟེང་ཀ སྐྱེད་མོས་ཚལ། ཁང་བཟང་། ནོར་བུ། ཆུ་བྱ། ཆུ་གནས་བང་མཛོད། ཀླུ་སྨན་སྣ་ཚོགས། ཤིང་རྩི། མེ་ཏོག་སོགས་གང་འདོད་པའི་ལོངས་སྤྱོད་ལ་དམིགས་ཏེ་ཕུལ། ཀླུ་རྣམས་ཀྱང་ལོ་བརྒྱད་ཀྱི་ན་ཚོད་དང་ལྡན་པ། མདོག་དཀར་ལ་སྦྲུལ་མཇུག་ཅན་དར་དང་རིན་པོ་ཆེས་བརྒྱན་པ། ལག་ན་རིན་པོ་ཆེ་དང་། དུང་གི་ཕྲེང་བ་སོགས་བསྣམས་ནས་ས་ལ་མ་རེག་པར་ན་བུན་སྔོན་པོ་ལ་ཞེན་ནས་ཞི་དུལ་དད་གུས་ལྡན་པས་གང་འདོད་ལ་ལོངས་སྤྱོད་པར་བསམ། དེ་ནས་ཕུང་པོ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དཀར་ལ་དམར་བའི་མདངས་ཆགས་པ་རོ་མཆོག་བརྒྱ་དང་ལྡན་པ་གཅིག་ཏུ་གྱུར་པར་བསམ་ལ། རང་གི་ཐུགས་ཀ་ནས་མཁའ་འགྲོ་མ་དཔག་ཏུ་མེད་པ་འཕྲོས་ཏེ་ཐམས་ཅད་པས་བདུད་རྩི་ལ་བཅུས་ནས་མཁའ་མཉམ་རིགས་དྲུག་གི་སྙིང་རྗེའི་མགྲོན་དུ་གྱུར་པའི་སེམས་ཅན་རེ་རེའི་མདུན་ན་ལྷ་མོ་རེ་རེ་སྤྲུལ་ནས་རང་རང་གི་ཡིད་ལ་གང་འདོད་ཀྱི་ལོངས་སྤྱོད་མི་ཟད་པའི་གཏེར་ཆེན་པོ་ཐོབ་པར་བསམ། ཡང་རང་ལུས་ཁ་རྗེ་དབང་ཐང་དང་བཅས་པ་ཐམས་ཅད་ཡུལ་མཁར་བིའུ་ལུག་དར་ཟབ་རིན་པོ་ཆེའི་གོ་མཚོན་ཤ་ཁྲག་སོགས་གང་འདོད་ཀྱི་ལོངས་སྤྱོད་མ་ཚང་བ་གཅིག་ཀྱང་མེད་པར་དམིགས་ལ། ལན་ཆགས་ཀྱི་མགྲོན་རྣམས་ནི་ཕོ་མོ་གཟུགས་བཟང་ཞིང་རྒྱན་གོས་མི་འདྲ་བ་དུ་མ་དང་ལྡན་པ། སོ་སོའི་ལན་ཆགས་གང་ཡོད་ལ་སྲེད་ལེན་གྱིས་རང་ལ་མོས་ཤིང་འདུན་ནས་འདོད་ཡོན་གང་འདོད་རྣམས་རྩོལ་མེད་དུ་ཐོབ་པར་བསམ། དེ་ལྟར་སྙིང་རྗེའི་མགྲོན་དང་ལན་ཆགས་པའི་མགྲོན་ཐམས་ཅད་ཀྱིས་འདོད་ཡོན་དེ་རྣམས་མཐོང་ཐོས་སྤྱོད་པ་ཙམ་གྱིས་ལན་ཆགས་དང་བུ་ལོན་ཐམས་ཅད་བྱང་ནས་སོ་སོའི་སྡུག་བསྔལ་དང་བྲལ་ཞིང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་ནས་མྱུར་དུ་སངས་རྒྱས་ཐོབ་པར་བསམ་ལ་མཆོད་སྦྱིན་གྱི་འདོན་པ་སྔ་མ་ལྟར་ལས་ཚིག་བསྒྱུར་མི་དགོས། མཐར་གང་ཡང་ཡིད་ལ་མི་བྱེད་པ་སྤྲོས་བྲལ་དུ་ལྷོད་ལ་བཞག་གོ། །གསུམ་པ་དམར་འགྱེད་ནི། གཞུང་ལས། དམར་འགྱེད་རང་ཉིད་ཁྲོས་ནག་མསཿ སྙིགས་མའི་ལུས་ཀྱི་པགས་པ་བཤུསཿ སྟོང་གསུམ་ཁྱབ་པར་བཀྲམ་པའི་སྟེངཿ གཟུགས་ཕུང་ཤ་ཁྲག་ཕུང་པོར་སྤུངསཿ ཤན་པའི་འདུན་པ་ལྟ་བུར་བསམཿ ཞེས་པས་ཡང་སྔར་ལྟར་བེམ་རིག་ཕྲལ་ནས་རང་སེམས་རྡོ་རྗེ་ཁྲོས་མ་ནག་མོའི་ཕྱག་གི་གྲི་གུག་གིས་སྙིགས་མའི་ལུས་བེམ་པོ་ཆེ་ཞིང་ཚོ་ལ་བཀྲག་མདངས་དང་ལྡན་པར་གྱུར་པ་རིའི་ལྤགས་པ་ཕྱལ་གྱིས་བཤུས་ཏེ་སྟོང་གསུམ་ཁྱབ་པ་དམར་ཆལ་གྱིས་གཏིང་བའི་སྟེང་དུ། གཟུགས་ཕུང་འདི་ཉིད་དུམ་བུར་གཏུབ་ཅིང་དབང་པོ་རྣམ་ལྔ་དོན་སྙིང་རྣམ་ལྔ་ནང་རོལ་རྣམ་ལྔ་ཤ་དང་རུས་པ་ཁྲག་དང་ཆུ་སེར་སོ་དང་སེན་མོ། སྐྲ་དང་ཁ་སྤུ་ཀླད་པ་དང་ཀླད་རྒྱ་ཞག་དང་ཁོང་ཁྲག རྐང་དང་ཚིལ་བུ་རྩ་དང་ཆུ་རྒྱུས་ཚེ་སྲོག་བཀྲག་མདངས་སོགས་ཁམས་སུམ་ཅུ་སོ་གཉིས་ལས་གྲུབ་པའི་ཕུང་པོར་སྤུངས་པ་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་ཆེན་པོ་ཤན་པའི་འདུན་པ་ལྟ་བུ་ལ་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་གང་བ་བྲམ་ཟེ་སྐྱེ་མདུན་གྱི་ཤ་ཁྲག་ལྟར་བྱིན་གྱིས་བརླབས་ཤིང་ཟད་མི་ཤེས་པའི་གཏེར་ཆེན་པོ་རང་རང་གི་ཡིད་སྤྱོད་དང་མཐུན་པར་བསྒྱུར་ལ་མཆོད་སྦྱིན་གྱི་མགྲོན་འབོད་བརྗོད་པས་སྣང་སྲིད་ཀྱི་ལྷ་ཀླུ་མ་མོ་གཟའ་བརྒྱད་རྒྱལ་པོ་བཙན་དྲི་ཟ་ཐེའུ་རང་དམ་སྲི་ཤི་འདྲེ་འགོང་པོ་སོགས་དེ་དག་གི་འཁོར་དང་སྡེ་ཚན་དུ་གཏོགས་པའི་འབྱུང་པོ། མདོར་ན་སྲིད་པའི་རྩེ་ནས་མནར་མེད་ཡན་ཆད་ཀྱི་ལྷ་འདྲེ་ཆེ་ཕྲ་ཐམས་ཅད་ས་ཆེན་པོའི་རྡུལ་ལྟར་འུབས་ཀྱིས་གཟིངས་ནས་འབོད་པའི་སྐད་དང་རྐང་གླིང་གི་སྒྲ་རྣམས་ཐོས་པ་ཙམ་གྱིས་དགའ་སྤྲོ་གདུང་སེམས་དང་ལྡན་པས་དཔེར་ན་མེ་ཏོག་གི་ཚལ་དུ་བུང་བ་འདུ་བ་བཞིན་ལྷ་འདྲེ་རྣམས་རང་དབང་མེད་པར་འདུས་ནས་རང་རང་གི་ཡིད་ལ་གང་འདོད་ལྟར་ཤ་ཁྲག་རྣམས་ལོངས་སྤྱོད་པར་བསམ་ལ། ཕཊཿ འཇིག་རྟེན་འདས་དང་མ་འདས་ཀྱིཿ སོགས་མང་དུ་བརྗོད་ཅིང་ལྷ་འདྲེ་རྣམས་ཀྱི་གདུག་རྩུབ་བསམ་སྦྱོར་ངན་པ་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ཞི་ཞིང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་དུང་ངེ་སྐྱེས་ནས་ཆོས་ཉིད་ཀྱི་བདེན་པ་མཐོང་བར་བསམ་ལ་གང་ཡང་མི་བསྒོམ་པར་བཞག་གོ། །བཞི་པ་ནག་འགྱེད་ནི། གཞུང་ལས། ནག་འགྱེད་བདག་གཞན་སེམས་ཅན་གྱིཿ ཐོག་མེད་ནས་བསགས་ནད་གདོན་དངཿ སྡིག་སྒྲིབ་ཐམས་ཅད་ནག་བུན་གྱིསཿ བསྡུས་ཏེ་གཟུགས་ཕུང་ལ་བསྟིམ་པཿ ལྷ་འདྲེས་ཟོས་པས་ཁོ་ཡི་ལུསཿ སོལ་བ་ལྟ་བུར་གྱུར་པར་བསམཿ ཞེས་པ་སྟེ་ཕཊཿགཅིག་གིས་དབྱིངས་རིག་བསྲེས་ལ་ཕུང་པོ་དྲོད་མ་ཉམས་ཤིང་བཀྲག་མདངས་གཟི་བརྗིད་དང་ལྡན་པ་དེ་ལ་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བསགས་པའི་ནད་གདོན་ཆགས་ཆེ་ཉམ་ང་སྡིག་སྒྲིབ་བག་ཆགས་ངན་པ་དང་བཅས་པ་ཐམས་ཅད་ནག་བུན་ནེ་འུབས་ཀྱིས་བསྡུས་ཏེ་གཟུགས་ཕུང་ལ་བསྟིམ་པ་སྲིད་རྩི་དང་མཉམ་པར་དམིགས་ལ་ས་འོག་ན་གནས་པའི་ཡི་དྭགས་ཀྱི་སྡེ་དཔོན་ལས་ཀྱི་གཤིན་རྗེས་གཙོས་ལྷ་འདྲེ་གཞི་བདག་འདྲེ་སྲིན་བྱུར་གསུམ་ནག་པོའི་ཕྱོགས་ལ་དགའ་བ་རྣམས་སྐད་ཅིག་གིས་འདུས་ནས་མི་རོ་ལ་བྱ་རྒོད་རུབ་པ་ལྟར་རྔམས་པའི་ཚུལ་གྱིས་ཧབ་སྒྲ་དི་རི་རི་ཟོས་ཤིང་འཐུང་བར་དམིགས་པ་ཙམ་གྱིས་ཁོང་རྣམས་ཀྱི་ལུས་ཀྱང་སོལ་བ་ལྟར་གྱུར་ཏེ་ལྟོ་བ་ཁེངས་ཡིད་ཚིམ་པར་བསམ་པས་གནས་སྐབས་སུ་དགའ་མགུ་ཡི་རང་ཞིང་། མཐར་ཐུག་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་དམིགས་ལ་བསྟབ་ཚིག་བརྗོད་པའོ། །དེ་ནས་ཕཊཿབརྗོད་པས་བྷཉྫ་སྟོང་གསུམ་དང་མཉམ་པའི་ནང་དུ་སྒྱུ་ལུས་སིལ་བུར་གཏུབས་ལ། རང་ཉིད་མཁའ་འགྲོ་མའི་ཐུགས་ཀ་ནས་ཡི་གེ་འབྲུ་གསུམ་ཆར་ལྟར་བབས་པས་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པར་བྱིན་གྱིས་རླབས་ལ། ལྷག་མའི་མགྲོན་གྱུར་ཁས་ཞན་པ་དབང་ཆུང་བ་ཞ་ལོང་འོན་ལྐུགས་མ་ཐོབ་པ། མ་ཐེམ་པ། བང་བུལ་བ། འོང་མི་ཉན་པ། མི་ཁོམས་པ་འབྱུང་པོ་ལྷག་མ་ལ་རེ་བ་རྣམས་ཀྱིས་ཡིད་ལ་གང་འདོད་ལྷག་མར་སྤྱོད་པས་ཚིམས་པར་དམིགས་ལ། འཁོར་ཚེ་ཐོག་མ་མེད་པ་ནསཿ སོགས། བུ་ལོན་ལན་ཆགས་བྱང་བར་ཤོགཿ ཕཊཿ བར་བརྗོད་ཅིང་བསྔོས་པས་དེ་རྣམས་ཀྱི་སྡུག་བསྔལ་དང་སྡིག་སྒྲིབ་ཐམས་ཅད་ཞི་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བསམ་ལ། མཐར་ནི་ཇི་སྐད་དུ། ཅེས་བརྗོད་ལྟོས་པ་མེད་པར་སྦྱིནཿ སྟོང་ཉིད་ངང་ལ་མཉམ་པར་བཞགཿ ཞེས་པས་སྦྱིན་ཡུལ་སྦྱིན་ཚུལ་སྦྱིན་པའི་དངོས་པོ་རང་སེམས་རྡོ་རྗེ་རྣལ་འབྱོར་མ་དང་བཅས་པ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་ནས་བདག་འཛིན་གྱི་ཕུང་པོ་འཇིགས་ཡུལ་གྱི་ལྷ་འདྲེ་སོགས་རེ་དོགས་ཀྱི་བློ་ཐམས་ཅད་རིག་པའི་གཤིས་སུ་མ་གྲུབ་པར་དོན་དམ་པ་སྐྱེ་མེད་ཀྱི་ཀློང་དུ་བཞག་པར་བྱའོ། །དེ་ལྟར་འགྱེད་ཆེན་བཞི་པོ་བྱེད་པའི་ཚེ་སོ་སོའི་གནས་དུས་དང་སྦྱར་ན། གཞུང་ལས། དེ་ཡང་དུས་ཚོད་ལ་མཚོན་ནཿ ཐོ་རངས་ཚོགས་གཉིས་རྫོགས་པའི་ཕྱིརཿ དཀར་འགྱེད་བདུད་རྩིའི་ངོ་བོར་སྦར༔ ཉིན་གུང་ལན་ཆགས་སྦྱོང་བའི་ཕྱིརཿ ཁྲ་འགྱེད་གང་ལ་མཚམས་པར་བསྔོཿ ནུབ་མོ་བརྟུལ་ཞུགས་ལམ་སློང་ཕྱིརཿ བདག་འཛིན་ཚར་གཅོད་དམར་འགྱེད་གཏོངཿ སྲོད་ལ་སྡིག་སྦྱོང་ནག་འགྱེད་བྱ༔ ཀུན་ཀྱང་འདུན་པ་བསྒྱུར་བ་སྟེཿ གཙོ་བོ་དམིགས་པས་ཉམས་སུ་བླངསཿ ཞེས་གསུངས་པས་རང་རིག་ཁྲོས་མ་ལས་བཞིའི་སྐུ་མདོག་རང་མཐུན་པར་ཐོ་རང་ཞི་བའི་དུས་སུ་ནད་གདོན་སྡིག་སྒྲིབ་ཞི་ཞིང་ཚོགས་གཉིས་རྫོགས་ཕྱིར་རྣལ་འབྱོར་མ་སྐུ་མདོག་དཀར་མོ་འཁོར་དང་འོད་ཟེར་འདོད་ཡོན་མགྲོན་རིགས་ཐམས་ཅད་དཀར་པོའི་རང་བཞིན་དུ་དམིགས་ལ་དཀར་འགྱེད་བྱ་བ་ནི་ཞི་བའི་ཕྲིན་ལས་འགྲུབ་པའི་ཐབས་དང་། དེ་བཞིན་དུ་རྒྱས་པ་དང་དབང་དྲག་གི་དུས་གནད་ཉིན་གུང་དགོང་མོ་སྲོད་འཁོར་རྣམས་ལ་གོང་བཞིན་རང་རང་གི་རིགས་མཐུན་ལྟར་ཁྲ་འགྱེད་སོགས་ལ་འབད་པ་ནི་ལས་བཞི་འགྲུབ་པའི་ཟབ་གནད་ཡིན་ནོ། །གསུམ་པ་ཚར་ཚད་བརྟགས་པ་ལ། དུས་རྟགས་མཐར་ཐུག་གི་ཚར་ཚད་གསུམ་ལ། དང་པོ་ནི། ཞག་གསུམ་མམ་བདུན་ནམ་བཅུ་ཚུན་ལ་བར་མ་ཆད་བྱས་ན་ཡོང་བར་བཤད་ཅིང་རྣལ་འབྱོར་པ་རབ་ལ་ལྷོངས་ཆོད་ཚར་གསུམ་ཞག་གཅིག་ལ་འོང་བ་ཡང་ཡོད་དོ། །གཉིས་པ་རྟགས་ཀྱི་ཚད་ནི། དངོས་རྣམས་རྨི་ལམ་གང་རུང་དུ་ཁྲོམ་མང་པོས་རང་ལ་བསྙེན་བཀུར་བྱེད་པ་སོགས་ལྷ་འདྲེ་འདུ་བའི་ཚར་ཚད། རང་ཉིད་དཔོན་དུ་གྱུར་ནས་ཁྲིམས་བསྒྱུར་བ་སོགས་ཟིལ་གྱིས་ནོན་པའི་ཚར་ཚད། རང་གི་ལས་གང་བཅོལ་སྒྲུབ་པ་སོགས་བྲན་དུ་ཁོལ་བའི་ཚར་ཚད། ཐོག་མར་ཆོ་འཕྲུལ་མང་པོ་བྱུང་ནས་རྗེས་མཐར་ཉལ་གྱིས་ཞི་སྡེ་བློ་བདེ་འབོལ་ལེ། ཉམས་དགའ་ཡལ་ལེ། བག་དྲོ་འུ་རེ་རིག་པ་དྭངས་སངས་སེ། ཉོན་མོངས་པའི་རྟོགས་པ་ཉལ་གྱིས་འགགས། བདག་དང་ལྷ་འདྲེ་ཆོ་འཕྲུལ་གསུམ་དུ་མ་རོ་གཅིག་ཏུ་རྟོགས། སྒོ་གསུམ་དགེ་སྦྱོར་ལ་སྐུལ་བར་སྤྲོ་བ་རྣམས་ནི་ལམ་དུ་ལོངས་པའི་ཚར་ཚད་དེ། ཚར་ཚད་བྱུང་མ་བྱུང་ལ་དགའ་མི་དགའི་འདོད་ཞེན་དང་། རེ་དྭོགས་གང་ཡང་མི་བྱ་བར་ཐམས་ཅད་མཉམ་པ་ཉིད་དུ་བསྐྱེལ་བ་གནད་དོ། །དེ་ལ་ཚར་ཚད་ཕྲན་བུ་རེ་བྱུང་ཡང་ད་དུང་མགོ་བསྐོར་ཡིན་མིན་སོགས་ལ་ཞིབ་མོའི་བློས་བརྟགས་དགོས་ཏེ། གཞུང་ལས། དེ་ཚེ་ཚར་ཚད་འདྲ་བའི་ལྷོངསཿ ལྷོངས་ཚད་འདྲ་བའི་ཚར་ཚད་དངཿ གཉིས་ཀ་འདྲ་བའི་འདྲེས་མ་དངཿ འདྲེས་མ་འདྲ་བའི་བག་ཆགས་དངཿ ཚར་ལྷོངས་གཉིས་ཀ་མཐར་ཕྱིན་གྱིཿ རྟགས་རྣམས་ཉམས་དང་སྦྱར་ཏེ་སྤྱདཿ ཞེས་གསུངས་པས་ཤེས་སོ། །ཞག་གྲངས་དུ་མར་བར་མ་ཆད་པར་འབད་ཀྱང་ཚར་ཚད་དུས་སུ་མ་བྱུང་བ་དང་། འདྲེ་གདོན་གདུག་པ་ཅན་ཨར་ལ་གཏད་དགོས་པ་སོགས་མི་བྱེད་ཀ་མེད་ཀྱི་འགག་ཐུག་ན་དམིགས་པ་འདི་བཞིན་དུ་སྟོན་ཏེ། རིག་པ་ཁྲོས་མའི་སྐུར་གསལ་བསཿ སྙིགས་མའི་ལུས་ཀྱི་པགས་པ་བཤུསཿ སྟོང་གསུམ་ཁེངས་པའི་གཡང་གཞིའི་སྟེངཿ ཤ་རུས་གཅལ་དུ་བཀྲམ་པ་ལཿ འདྲེ་གདོན་ཟས་ལ་གདུང་བའི་མོདཿ ཁྲོས་མས་གཡང་གཞི་འུབ་ཀྱིས་དྲིལཿ སྦྲུལ་དང་རྒྱུ་མའི་ཞགས་པས་བསྡམསཿ ཀླད་ལ་བསྐོར་ཞིང་བརྡབས་པ་ཡིསཿ ཤ་མྱོག་རུས་མྱོག་དག་ཏུ་སོངཿ སྤྲུལ་པའི་གཅུན་གཟན་དུ་མ་ཡིསཿ ལྷག་མ་མེད་པར་ཟོས་པར་བསམཿ དབྱིངས་རིག་བསྲེས་ཏེ་མཉམ་པར་བཞགཿ དེས་ནི་ཚར་ཚད་ངེས་འབྱུང་ཞིངཿ འདྲེ་གདོན་གདུག་པ་ཚར་ཆོད་འགྱུརཿ ཞེས་གསུངས་པ་བཞིན་ཉམས་སུ་བླངས་པས་མགོ་བསྐོར་རྗེས་སྙོགས་སོགས་ཀྱང་མི་འབྱུང་བ་ཡིན་ནོ། །གསུམ་པ་མཐར་ཐུག་མཆོག་གི་ཚར་ཚད་ནི། །རང་ཉིད་ཁྲུས་བྱས་པ་སོགས་སྡིག་སྒྲིབ་དག་པའི་རྟགས་དང་། །བྱེ་བྲག་ནམ་མཁའ་དག་པ་རྨིས་པ་སོགས་རྟགས་མང་པོ་འབྱུང་ཞིང་། ཁྱད་པར་རང་རྒྱུད་ལ་སྔོན་མེད་ཀྱི་ཉམས་སྟོང་ཁྱད་པར་ཅན་སྐྱེ་བ་དང་། སྨིག་རྒྱུ་ལ་སོགས་པའི་མཐོང་ཉམས་མཐའ་ཡས་པ་དང་གཞན་ཡང་ལུས་ཉམས་ངག་ཉམས་མངོན་ཤེས་ངང་རྫུ་འཕྲུལ་སོགས་ཡོན་ཏན་དཔག་མེད་འཆར་བ། ཕྲིན་ལས་བཞི་ཐོགས་མེད་དུ་འགྲུབ་ནུས་པ་སོགས་འབྱུང་བར་འགྱུར་ཞིང་། དེ་ལྟར་མཆོག་དང་ཐུན་མོང་གི་ཚར་ཚད་ཅི་བྱུང་ཡང་རློམས་སེམས་དང་། དགའ་བྲོད་མི་བྱེད་པར་ཡུམ་དོན་སྤྲོས་བྲལ་གྱི་ངང་ལ་བཞག་གོ། །སྤྱི་དོན་ལྔ་པ་རོ་སྙོམས་དང་ཐོག་བརྫིས་གཉིས་ཀྱང་གཞུང་འདིའི་ཚིག་ཟུར་ལས་སྟོན་ཏེ། ཇི་སྐད་དུ། སྐྱིད་སྡུག་རོ་སྙོམས་འཁོར་འདས་ཆོས་སྐུར་འབྱོངསཿ ཞེས་པས་རོ་སྙོམས་ངང་། སྣང་བ་གང་ཤར་ཐོག་བརྫིས་སྟོན་པ་གཉིས་ཀྱི་དང་པོ་ནི། མ་གཅིག་གི་ཞལ་ནས། ཚོགས་དྲུག་སྣང་བ་རོ་སྙོམས་ལཿ བཟང་ངན་བླང་དོར་མེད་པས་འཕགས། །ཞེས་གསུངས་པའི་ཕྱིར། འདི་ལྟར་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་གློ་བུར་གྱིས་བཏགས་པ་ཙམ་མ་གཏོགས་དོན་ལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་ཁོ་ཐག་ཆོད་པས་ཡར་སངས་རྒྱས་ཀྱི་ཡོན་ཏན་ལ་རེ་བ་དང་། མར་ངན་སོང་གི་སྡུག་བསྔལ་ལ་དྭོགས་པ་མེད་པ་བདག་མེད་ལྟ་བའི་ཀློང་དུ་རོ་མཉམ་པ་དང་། ཉོན་མོངས་པ་དུག་ལྔ་དུག་གསུམ་གྱི་རྟོགས་ཚོགས་ཇི་ལྟར་ཤར་ཡང་སྤང་བླང་དགག་སྒྲུབ་ཐེ་ཚོམ་ཁུ་འཕྲིགས་སོགས་བཟང་ངན་ཞེན་འཛིན་གྱི་བླ་མ་དང་བྲལ་བ་རིག་གདངས་འཛིན་མེད་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོར་བསྒོམ་པ་འོད་གསལ་འགྲོ་འོང་དང་བྲལ་བའི་ཀློང་དུ་རོ་སྙོམས་པ་དང་། ན་ཚ་སྡུག་བསྔལ་ལྟོག་སྐོམ་སྐྱོ་འཇིགས་གཞན་གྱིས་ཟུར་འདེབས་འཕྲོག་བཅོམ་སོགས་མི་འདོད་པ་རྣམས་དང་། མངོན་ཤེས་དང་གྲུབ་རྟགས་ཐོན་པ་གཞན་གྱིས་བཀུར་བསྟི་དང་ཞབས་ཏོག་བྱེད་པ་འཁོར་དང་ལོངས་སྤྱོད་འདུ་བ་སོགས་འདོད་པའི་ཕྱོགས་དེ་ལྟར་བཟང་ངན་གྱི་སྤྱོད་པ་ཐམས་ཅད་ལ་དགའ་སྡུག་དང་རྟག་འཛིན་མི་བྱེད་པར་བདེན་མེད་རྨི་ལམ་སྒྱུ་མ་ལྟ་བུའི་ཀློང་དུ་རོ་སྙོམས་པ་དང་། བདག་མེད་ཀྱི་ལུས་དུར་ཁྲོད་ཀྱི་རོ་ལྟ་བུ་དང་། ངག་པི་ཝཾ་གི་རྒྱུན་ཐག་བཅད་པ་ལྟ་བུ་སེམས་དང་སེམས་བྱུང་གི་རྟོག་ཚོགས་ཐམས་ཅད་རང་འཐག་གི་ཆུ་ཆད་པ་ལྟར་དབྱིངས་སུ་བསྐྱུར་ལ་རང་བྱུང་གི་རིག་པ་གསལ་སྟོང་སྒྲིབ་གཡོགས་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཟང་ཐལ་མཉམ་ཉིད་བློ་འདས་འབྲས་བུ་རང་བཞིན་རྫོགས་པ་ཆེན་པོའི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རོ་སྙོམས་པ་སྟེ། བཀའ་ཚོམ་ལས། དེ་ལྟར་ཉམས་དང་ལྡན་ཙ་ན། །སངས་རྒྱས་ལོགས་སུ་སྒྲུབ་ཏུ་མེད། །སངས་རྒྱས་ལག་པའི་མཐིལ་ན་གནས། །ཞེས་དང་། འདི་ཉིད་ལས། དོན་ལ་བདག་མེད་ཀུན་བཟང་མོཿ ཡུམ་ཆེན་ཤེས་རབ་ཕར་ཕྱིན་མའིཿ དགོངས་པ་ཀློང་དུ་གྱུར་ཙ་ནཿ གཅོད་ཡུལ་ལམ་དུ་ལོངས་པའོཿ ཞེས་གསུངས་པ་ནི་མཐར་ཐུག་གི་སྐྱེལ་སོ་འབྲས་བུའི་ཐུས་ཀ་བླ་ན་མེད་པའོ། །གཉིས་པ་ཐོག་བརྫིས་ཀྱི་སྤྱོད་པ་ནི། དེ་ལྟར་རོ་སྙོམས་ཀྱི་ལྟ་བ་ཇི་བཞིན་མ་རྟོགས་པའི་ལམ་དུས་ཀྱི་གནས་སྐབས་ཐམས་ཅད་དུ་མི་ཕོད་པ་ལ་བརྟུལ་ཞུགས་གཏད་མེད་ཀྱི་ཐོག་བརྫིས་བྱེད་པ་སྟེ། དེ་ཡང་ཕྱི་ནད་རིམས་གདོན་བགེགས་ཆགས་སྡང་ཆོས་བརྒྱད་དགྲ་གཉེན་སོགས་ཡུལ་གྱི་སྤྱོད་ཚུལ་བཟང་ངན་ཐ་དད་དུ་འཛིན་པ་ཐམས་ཅད་ལ་ཐེ་ཚོམ་མེད་པར་ཐོག་བརྫིས་བྱེད་ཅིང་རྐྱེན་ངན་ལམ་དུ་སློང་བར་བྱའོ། །ནང་ཕུང་ཁམས་སྐྱེ་མཆེད་གནས་མལ་ཡོ་བྱད་བཟའ་བཏུང་རྒྱན་གོས་ཆོས་སྤྱོད་སོགས་ཞི་བདེ་སྐྱིད་འདོད་འབྲལ་མི་ཕོད་པའི་ཞེན་པ་ཐམས་ཅད་དང་། ན་ཚ་སྡུག་བསྔལ་སོགས་ཀྱི་རྐྱེན་ངན་མི་འདོད་པའི་ཉེར་ལེན་གྱི་རྟོག་པ་ཐམས་ཅད་ཐད་ཀར་དུ་བཅད་ནས་ཐོག་བརྫིས་བྱེད་ཅིང་ལམ་དུ་སློང་བར་བྱེད་པ་དང་། གསང་བ་ཉོན་མོངས་པའི་རྟོག་པ་ཐམས་ཅད་དང་། ལྟ་སྒོམ་སྤྱོད་འབྲས་སོགས་ལ་ཡང་དེར་འཛིན་གྱི་སྙེམས་དང་མ་བྲལ་བ་རྣམས་བརྟུལ་ཞུགས་ཀྱི་སྤྱོད་པ་སྨྱོན་པ་འུར་ལངས་པ་ལྟ་བུ་གཏད་མེད་ཀྱི་ཐོག་བརྫིས་བྱེད་ཅིང་། དུར་ཁྲོད་དང་བས་མཐའ་སོགས་ཕྱོགས་མེད་ཀྱི་རི་ཁྲོད་འགྲིམས་ཞིང་ན་དགའ་ཤི་སྐྱིད་སྙིང་རུས་སྡུག་སྲན་ཅི་བྱུང་རོ་སྙོམས་ཀྱི་ངང་དུ་མི་ཚེ་སྐྱེལ་ལ་བརྟུལ་ཞུགས་ཀྱི་གདེང་ཚད་དང་ལྡན་པར་ཉམས་སུ་ལེན་པ་སྟེ། མ་གཅིག་གི་ཞལ་ནས། ལྷ་མེད་འདྲེ་མེད་ལྟ་བའི་གདེང་། །ཡེང་མེད་བསྒོམ་མེད་བསྒོམ་པའི་གདེང་། །བརྟུལ་ཞུགས་ཐོག་འགེལ་སྤྱོད་པའི་གདེང་། །རེ་མེད་དྭོགས་མེད་འབྲས་བུའི་གདེང་། །ཞེས་སོ། །དེ་ལ་ཡང་མེ་ཆུ་གཅན་གཟན་དུག་མཚོན་གཡང་ས་སོགས་སྲོག་འཚེ་ཡོད་པ་རྣམས་ལས་ས་མ་ཐོབ་ཀྱི་བར་དུ་ཐོག་བརྫིས་བྱེད་པ་མ་གསུངས་སོ། །དྲུག་པ་མཐའ་གཏད་དང་བོགས་དབྱུང་བ་གཉིས་ཀྱི་དང་པོ་ནི། འདི་ཉིད་དུ། ཚར་ཚད་དུས་སུ་མ་བྱུང་དངཿ གནོད་འདྲེ་གདུག་པ་ལར་གཏོད་ནཿ ཞེས་པས་བསྟན་ཏེ། གཉན་ཁྲོད་དུ་སྔར་གྱི་ཉམས་ལེན་རྣམས་ལ་འབད་པ་བྱས་ཀྱང་ཚར་ཚད་དུས་སུ་མི་འབྱུང་ཞིང་། ཆོ་འཕྲུལ་དང་ལྷོངས་ཚད་ཤིན་ཏུ་ཆེ་བ་བྱུང་ན་མཐའ་གཏད་བྱ་བ་ལ་གསུམ་ལས། དང་པོ་ཕྱི་ལྷ་འདྲེ་མཐའ་ལ་གཏད་པ་ནི། སྔར་ནས་གནོད་པའི་ལྷ་འདྲེ་མཐའ་ལ་གཏད་པ་སྟེ་གཅོད་བྱས་ཀྱང་མ་ཆོད་པའི་ཅེས་ཀྱང་མ་སློང་སོགས་ལ་བྱ་སྟེ་གཉན་ཐོག་ཏུ་གཉན་བབ་པ་བྱ་བ་ཤིན་ཏུ་གཉན་པའི་ཆོ་འཕྲུལ་དང་གདུག་རྩུབ་ཆེ་བ་གང་བཅད་པར་དཀའ་བ་དེར་ཕྱིན་ནས་སྡོད་པས་ལྷ་འདྲེ་རྣམས་ཀྱིས་མི་བཟོད་པར་ཟིངས་ཀྱིས་ལངས་འོང་། དེ་དུས་གོང་དུ་བསྟན་པའི་རིག་པ་ཁྲོས་མའི་སྐུར་གསལ་བས་སོགས་དམིགས་པ་ཉམས་ལེན་གྱི་གདེང་ཚད་བསྐྱེད། རྟོགས་པའི་རྟགས་ཚད་བསྐྱེད། སྙིང་རུས་ཀྱི་སློད་ཚད་བསྐྱེད་ནས་བསྡད་པས་གླགས་མ་རྙེད་པར་བྲེད་ནས་བྲོས་འགྲོའོ། །གཉིས་པ། ནང་ཕུང་པོ་མཐའ་ལ་གཏད་པ་ནི། ཆོ་འཕྲུལ་ཆེ་བ་བཅད་པར་དཀའ་བ་དེར་ཕྱིན་ནས་རང་ཉིད་ཀྱི་སྙེ་ལ་ཐག་པ་བཏགས་པའི་སྣེ་མོ་གང་གནས་ཀྱི་རྟེན་ལ་བཏགས་བཞག་གོ། །གསུམ་པ། གསང་བ་བདག་འཛིན་མཐའ་ལ་གཏད་པ་ནི། འདི་ལྟར་བསམ་སྟེ། ལུས་བཞིས་བསྡུས་ཀྱི་ཕུང་པོ་འདི་ཅི་གཙང་བྱས་ཀྱང་འཆི་བ་ལས་མ་འདས་ས་སྟེང་དུ་རྟག་ཏུ་མི་སྡོད། ཚེ་ཐར་དུ་ལུས་པ་གཅིག་ཀྱང་མེད་པས་ནམ་ཞིག་འདོར་བ་ལས། ད་ལྟ་ལྷ་འདྲེ་རྣམས་ཀྱིས་འདོད་ཅིང་རང་ལ་སྦྱིན་དབང་ཡོད་པའི་དུས་འདིར་ཅིས་མི་གཏོང་། སྤྱིར་འགྲོ་དྲུག་ཡོངས་དང་། སྒོས་དྲིན་ཆེན་ཕ་མ། ཡང་དགོས་རྩ་བའི་བླ་མ་བཅས་ཀྱི་གླད་དུ་གཏོང་། ཁྱད་པར་ལྷ་འདྲེ་རྣམས་ཀྱི་དོན་དུ་གཏོང་བས་མཐོ་སྲིད་པའི་རྩེ་མོ་ཕྱིན་དང་། དམའ་ན་རཀ་དམྱལ་ཁམས་ཡན་ཆད་ལ་གནས་པའི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་སྐད་ཅིག་གིས་འདིར་འདུས་ཤིག།།བདག་ཆེ་གེ་མོའི་ལུས་བཞིས་བསྡུས་ཀྱི་ཕུང་པོ་འདི་ལྷ་འདྲེ་ཁྱེད་ཚོ་ལ་གང་འདོད་དུ་སྟེར་བས། གསོལ་ཅིག།། ཁྱེར་ཅིག །མཉེས་པར་དགོངས་ཤིག།།སྟེར་མ་ནུས་ན་ང་ངན། ཟ་མ་ནུས་ན་ཁྱོད་ངན་ནོ། །རབ་ལྷ་འདྲེ་རྣམས་ཀྱིས་དམྱལ་བར་སྐྱུར་ཅིག འབྲིང་དོ་ནུབ་ཟོ་ལ་ནངས་པར་ང་ལ་ལྷག་རྒྱུ་མེད་པར་ཐོངས་ཤིག ཐ་ནའང་ནད་སྣ་དགུ་ཐོང་། ཤི་ཡང་མ་ཤི། གསོན་ཡང་མི་གསོན་པ་ཞིག་གྱིས་ཤིག ཕཊཿ ཅེས་བརྗོད་ཅིང་བསམ་ལ་རིག་པ་སྟོང་གསལ་འཛིན་མེད་ཀྱི་ངང་ལ་འཇོག་གོ། །དེ་ལྟ་བུའི་ཞེན་མེད་རྒྱུད་ལ་སྐྱེས་ན་ནད་གདོན་བར་ཆད་གང་གིས་ཀྱང་མི་ཚུགས་པར་ལྷ་རིགས་ཚན་གཅིག་མ་བཟོད་ནས་འདུད་དུ་འོང་། ཡང་ན་ཆོ་འཕྲུལ་སྟོན་དུ་འོང་སྟེ་ཅི་བྱུང་ནའང་ཉམ་ང་བག་ཚ་མེད་པའི་ངང་དུ་འབོལ་ལེ་ཤིག་གེ་ཡུམ་དོན་ལ་མཉམ་པར་ཞོག་དང་གནོད་པ་བྱེད་མཁན་མི་ཡོང་གི། ལར་ཆོ་འཕྲུལ་དང་བར་ཆད་ཅི་བྱུང་ཡང་། མ་གཅིག་གིས། བསྲུང་དུ་གསོལ་བརྒྱ་ལས་ཟོ་ཞིག་སྟེར་བ་གཅིག་གིས་དགའ། ལྷ་སྲུང་བརྒྱ་ར་མདར་སྦྲན་པ་ལས་ལྷ་འདྲེ་སྟོང་ལ་ཟ་རུ་བཅུག་པ་དགའ། བསྲུང་བ་བརྒྱ་འདོགས་པ་ལས་ན་དགའ་ཤི་སྐྱིད་གཅིག་གིས་དགའ་བ་ཡིན་གསུངས་སོ། །གཉིས་པ་བོགས་དབྱུང་བ་ནི། དེ་ལྟར་གཅོད་ཡུལ་ཉམས་སུ་བླངས་ཀྱང་ཡོན་ཏན་མ་སྐྱེས་ན་ཡར་བླ་མ་ལ་གསོལ་བ་བཏབ་སྟེ་བོགས་དབྱུང་། མར་སེམས་ཅན་ལ་སྙིང་རྗེ་བསྒོམ་སྟེ་བོགས་དབྱུང་། བར་དུ་འགལ་རྐྱེན་ཅི་བྱུང་ཡང་ཐོག་བརྫིས་བྱས་ལ་བོགས་དབྱུང་བར་བྱ་སྟེ། ཁ་འཐོར་ལས། གང་ལ་བཅད་པར་དཀའ་བ་ལ། ཉམ་ང་མེད་པར་ཐོག་བརྫིས་ཀྱིས། ཉམས་མྱོང་རྟོགས་པའི་བོགས་འདོན་ནས། རྩལ་དང་ཡོན་ཏན་རྫོགས་པར་འགྱུར། ཞེས་གསུངས་སོ། །དེ་ལྟར་དུར་ཁྲོད་དང་གཉན་ཁྲོད་དུ་ཚོགས་གཉིས་ཟུང་འཇུག་གི་ལམ་ལ་འབད་པ་བྱས་པས་དང་པོ་ལྷོངས་ཚད། བར་དུ་ཉམས་ལེན། ཐ་མ་ཚར་ཚད་རྣམས་ཡིད་ཆེས་ཐག་ཆོད་པ་བྱུང་བ་དང་། རྗེས་ཀྱི་བྱེད་ལས་ཀུན་ལ་བསྔོ་སྨོན་བྱ་བ་ནི། ཨཱཿ དགེ་དང་མི་དགེའི་རྟོགས་ཚོགས་རང་གྲོལ་ལཿ སོགས་ནས། ཕྲིན་ལས་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོགཿ ཕཊཿ ཅེས་བརྗོད་ལྟ་བའི་ངང་མདངས་བསྐྱངཿ ཞེས་པས་དགེ་རྩ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་དང་། སྨོན་ལམ་གྱིས་རྒྱས་འདེབས་པར་བྱ་བ་ཡང་། འདི་ཉིད་དུ། སྙིང་རྗེ་ཆེན་པོའི་རྩིས་ཟིན་པའིཿ བདེ་སྡུག་གཏོང་ལེན་དམིགས་པ་དངཿ ཆོས་ཀྱི་སྦྱིན་པ་རྣམ་དག་བྱཿ འབྲེལ་ཐོགས་བཟང་ངན་ཐར་ལམ་འགོདཿ ཞེས་གསུངས་པའི་གཏོང་ལེན་གྱི་དམིགས་པ་ནི། མཐར་གནོད་བྱེད་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་རླུང་ནག་པོའི་རྣམ་པར་བདག་ལ་ཐིམ་པར་བསམ། བདག་གིས་དུས་གསུམ་དུ་བསགས་པའི་དགེ་ཚོགས་ཐམས་ཅད་རླུང་དཀར་པོའི་རྣམ་པས་ལྷ་འདྲེས་གཙོས་སེམས་ཅན་ཐམས་ཅད་ལ་ཐིམ་པར་བསམ་ལ། སེམས་ཅན་སྡུག་བསྔལ་བདག་ལ་སྨིན། །བདག་བདེ་མ་ལུས་དེར་སྨིན་ཤོག །ཅེས་པ་ལན་གྲངས་དུ་མར་བརྗོད་མཐར་ཆོས་ཀྱི་སྦྱིན་པ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། སོགས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །སོགས་བརྗོད་མཐར། འབྱུང་པོ་གང་དག་སོགས་ཀྱིས་ཤིས་བརྗོད་བྱས་པས་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་སྔོན་དངོས་རྗེས་ཀྱི་བྱ་བ་ཡོངས་སུ་རྫོགས་པར་བསྟན་ཟིན་ཏོ། །མཁའ་འགྲོའི་གཙོ་མོ་ལབ་ཀྱི་སྒྲོན་མ་ཡི། །ཟབ་གསང་གདམས་པའི་སྲོག་བཅུད་ཨ་མྲྀ་ཏ། །རིམ་བརྒྱུད་དཔལ་ལྡན་བླ་མའི་ཞལ་ལུང་ལས། །འཐུང་བའི་རྟེན་འབྲེལ་མ་ཉམས་སྐལ་བཟང་ཐོབ་། །ཁྱད་པར་ཀློང་ཆེན་སྙིང་གི་ཐིག་ལེའི་བཅུད། །གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་བྱིན་རླབས་ཀྱི། །ཞལ་གྲུབ་ཆེན་ཤེས་ཡེ་མཇལ་ཞིང་། དེའི་སློབ་མ་ཀུན་བཟང་ངག་དབང་ཞབས་ཀྱིས། མཆན། ཁ་རླངས་ཐོ་ལེ་ཁོ་བོའི་བགོ་སྐལ་དུ། །ཐོབ་ཕྱིར་གཉན་ས་རི་འགྲིམ་མང་དུ་བྱས། །གང་དུ་ཉམས་བླངས་དམིགས་པའི་སྒོས་ཆོས་རྣམས། །གཙང་སྟོན་རིག་འཛིན་ཆོས་འཕེལ་གདམས་པའི་ཕུལ། །མ་བརྗེད་ཡིད་ལ་ལམ་མེར་འཆར་འདི་ཀོ། །བསྙེལ་བར་ཕོངས་ནས་དཀར་ཤོག་ངོས་སུ་བཏབ། །གསང་སྒྲོག་གྱུར་ན་བླ་མ་མཁའ་འགྲོའི་ཚོགས། །བཟོད་པར་བཞེས་ལ་དག་ཚངས་ཆེན་པོ་ཡི། །དགེ་བ་གང་མཆིས་ལམ་འདི་ཉམས་ལེན་པའི། །རྒྱུད་སྨིན་ལྷ་འདྲེའི་འགྲོ་དོན་ནུས་པར་ཤོག །ཚིག་ཚོགས་མང་ལ་བརྗོད་ལུགས་མི་མཛེས་ཀྱང་། །དོན་གྱི་གནད་གསང་རྗེན་པར་སྟོན་ངེས་པའི། །ཁྲིད་ཡིག་འདི་འདྲ་ཕྱིན་ཆད་ཨི་འབྱུང་གཟིགས། །ཡིད་ཆེས་སྐྱེས་ན་ཀུན་ལ་སྤེལ་བར་བྱོས། །མཁྱེན་བརྩེའི་དགོངས་གཏེར་གཅོད་ཡུལ་ཟབ་མོ་ཡི། །རྒྱན་གྱུར་ཉམས་ཁྲིད་རིག་པའི་ཀློང་ནས་བརྡོལ། །དུས་ལ་བབས་ཚེ་མ་སྦས་གསལ་བར་བཀོད། །ཀུན་མཁྱེན་བསྟན་ལ་བྱ་བ་བྱས་མིན་ནམ། །དེ་ལྟར་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཆེན་མོ་མདོ་སྔགས་ཟུང་འཇུག་ལམ་དུ་བཀྲལ་བའི་ཁྲིད་ཡིག་རྒྱས་པར་སྔ་ན་མེད་པ་འདི་ཉིད་ཆེད་དུ་བརྩི་བའི་དགོས་ཆེད་ཀྱང་། བྲག་ཡབ་སྐྱབས་མགོན་རིན་པོ་ཆེ་༧དཱ་ཧན་ནེ་མིན་ཧན་དྲུག་པའི་ཞལ་སྔ་ནས་དོགས་གཅོད་ཀྱི་བཀའ་འདྲི་ཁོ་བོ་ཅག་ལའང་གནང་ཞིང་། རྩ་ཆེའི་ཉམས་བཞེས་མཛད་པར་བརྟེན། གཞན་ཡང་སྒྲུབ་སྤྲུལ་མཆོག་ཟུང་ཐུགས་དགྱེས་བསྐྱེད་པ་དང་། དགེ་སློང་བློ་བཟང་བསྟན་དར་ལའང་སྨན་རེའི་བསམ་པས་ཀུན་ནས་བསླངས་ཏེ། ལག་བརྐྱངས་ཕྱོགས་མེད་དུ་རྒྱུ་བའི་བརྟུལ་ཞུགས་ལྷུར་ལེན་རྒྱལ་ཁམས་པ་བི་ཛ་ཡ་ཉིན་གྱི་རིས་ལ་བབས་པའི་ཚེ་བྲག་སྟོད་གྲུབ་དབང་ཤྲཱིའི་མཚན་ཅན་ཡེ་ཤེས་བརྙེས་ཤུལ་ས་ཡི་ཆར། ང་ཐོག་འབུར་མོ་རང་བྱུང་རྡོ་རྗེ་ཕག་མོའི་གསང་བའི་ཨེ་དབྱིངས་ཆོས་ཀྱི་འབྱུང་གནས་སུ་སོས་དལ་དུ་སྡོད་པའི་ཚེ་ལེགས་པར་སྦྱར་བ་འདི་ལ་ཉིང་བྲིས་སོགས་མ་ལྕོགས་པའི་སྟབས་ཀྱིས་བསྟན་བཅོས་གོམས་གཙང་མ་བྱུང་བའི་ཉེས་འགལ་མཆིས་ན་བཤགས་ཤིང་། དགེ་བས་རང་གཞན་ཉམས་སུ་ལེན་པ་ཀུན་སེམས་ཀྱི་འཁྲི་བ་བཙན་ཐབས་སུ་ཆོད་ཅིང་གཅོད་ཡུལ་ཕྱག་རྒྱ་ཆེན་པོའི་བསྟན་པ་མཐའ་རུ་རྒྱས་པ་དང་། དངོས་མེད་ལྷ་འདྲེའི་འགྲོ་དོན་རྒྱ་ཆེན་པོ་འོང་བས་འགྲོ་བ་མ་ལུས་པ་ཆོས་སྐུ་ཡུམ་ཆེན་མོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །དྷརྨེ་དམ་པ་རི་སུཎྜ་བྷ་ཝནྟུ། འདི་ལས་འཕྲོས་ཏེ་སྨྱོ་འདུལ་འཆིངས་དམིགས། ཐོག་དམིགས་ཆར་འབེབས། བྱད་གཏད་གཏད་ཟློག གྲི་ཤི་གྲི་འདུལ་དམིགས་པ་སོགས་སྤྲོ་ན་བསམ་སྟེ་དོ་གལ་མི་ཆེ་བས་བཏང་སྙོམས་ཆེན་པོའི་གནས་སུ་བཞག་པ་ཡང་ལེགས་སོ། །སརྦ་མངྒ་ལཾ། ། ༈ འདི་ཉིད་ཀྱི་ལུང་རྒྱུན་ནི། བཻ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་རྣམ་འཕྲུལ་སྒོམ་མེད་རོ་གཅིག་གི་རྟོགས་པ་མངོན་དུ་བརྙེས་པའི་ལྔ་རིགས་སྨྲ་བའི་དབང་པོ་ལྷོ་ཨ་བྲོ་སྒྲ་རམས་པ་གྲུབ་དབང་བསྟན་འཛིན་ཉི་མའམ། འགྱུར་མེད་རྣམ་རྒྱལ་ཉིད་ནས་རྒྱལ་ཚབ་པདྨ་རྣམ་རྒྱལ་ལ།དེས་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས།དེའི་དངོས་སློབ་ལྷ་བྲི་པ་ཀརྨ་བཛྲ། དེས་བདག་ལ་བཀའ་ན་དུ་ཐོབ་པའོ། །