གངས་རིའི་འོད་

ཡོང་ཁུངས་Wikipedia
༄༅།། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་མི་ཚེ།
                                                   རྩོམ་པ་པོ། ཨེ་ཏོ་ཏོ།
             
            རྒྱལ་ཞེན་ཤེས་རབ་སྙིང་སྟོབས་ཅན།།   མཁས་དབང་དགེ་འདུན་ཆོས་འཕེལ་ནི།། ཕྱི་ལོ་གཅིག་དགུ་ཐིག་གཉིས་ལོར།། རེབ་གོང་ཞོ་འཕོང་ཞེས་པའི་སར།། ཕ་ཡབ་སྔགས་འཆང་རྡོ་རྗེ་དང་།། མ་ཡུམ་པད་མ་སྐྱིད་གཉིས་ཀྱི།། སྲས་སུ་དགེ་འདུན་ཆོས་འཕེལ་འཁྲུངས།། དགུང་གྲངས་བདུན་ཙམ་ལོན་པ་ན།། ཡབ་ཆེན་དགོངས་པ་ཞི་བར་གཤེགས།། དགུང་གྲངས་བརྒྱད་ལ་ཐོན་སྐབས་སུ།། ཡ་མ་བཀྲ་ཤིས་དགོན་པའི་ནང་།། ཨ་ཁུ་བསྟན་པ་ཞེས་བྱའི་སར།། ཡི་གེ་འབྲི་ཀློག་སོགས་ལ་བསླབས།། རང་ལོ་བཅོ་ལྔར་སླེབས་པའི་དུས།། ཞྭ་མར་པཎྚི་ཏའི་གདན་ས།། དྷི་ཚ་བཀྲ་ཤིས་ཆོས་གླིང་དུ།། ཕེབས་ཏེ་བློ་རིག་ཕྱོགས་ལ་བསླབས།། དེ་ནས་དགུང་ལོ་བཅུ་དགུའི་ཐོག། མདོ་སྨད་རིག་པའི་ལྟེ་བ་ཞེས།། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས།། འཛིན་གྲྭ་འོག་མ་རིམ་བགྲོད་ནས།། སློབ་སྦྱོང་ཕྱོགས་ལ་འབད་བརྩོན་བྱས།། མཁས་པའི་སྙན་པ་ཕྱོགས་ཀུན་གྲགས།། དེ་དུས་དགེ་ཆོས་འཛིན་གྲྭ་ལ།། ཐ་སྙད་འཛིན་གྲྭ་ཞེས་སུ་གྲགས།། འདི་ནི་བསྟོད་ཚིག་མ་ཡིན་དེ།། ཕྲག་དོག་མཚོན་གྱི་ཟུར་ཟའི་ཚིག། དེ་ནས་དགེ་འདུན་ཆོས་འཕེལ་གྱིས།། ཚན་རིག་ཕྱོགས་ལ་བསླབ་མགོ་བརྩམས།། ཤོག་བུའི་གནམ་གྲུ་ཆུང་ཆུང་ཞིག། གཙང་ཆུའི་ཕ་རོལ་འཕུར་དུ་བཅུག། དགོན་པའི་བླ་རྒན་བགྲེས་པོ་ཚོས།། བཀའ་ཆོས་ནང་ན་གསུངས་ཡོད་པའི།། གནམ་གྲུ་བཟོ་སྟངས་རིག་པ་དེ།། དགེ་ཆོས་ཁོ་ཡིས་ཤེས་ནས་འདུག། དེ་འདྲ་ལབ་པའི་དུས་ཙ་ན།། དྷི་ཚའི་ལ་རྒྱ་ཕྲག་བཞེས་དེ།། འཇམ་དབྱངས་བཞད་པའི་ཡིག་ཆ་ལ།། དོགས་པ་ཅུང་ཟད་རེ་བྱས་ཚེ།། བླ་བྲང་ཡུལ་གྱི་དགེ་བཤེས་ཚོས།། ལ་ལས་རྣམ་དཔྱོད་ཅན་རེད་ཅེས།། ལ་ལས་ཁོང་ལ་དམའ་འབེབས་བྱས།། ཅུང་ཟད་དཀའ་ངལ་འཕྲད་པའི་ཚེ།། ཁོང་གིས་ཐུགས་འདང་ཞིབ་ཏུ་བརྒྱབ།། ལྷ་ལྡན་ཕྱོགས་སུ་འགྲོ་ཐག་བཅད།། ཕྱི་ལོ་གཅིག་དགུ་ཉེར་དྲུག་ཞེས།། དགུང་ལོ་ཉེར་ལྔར་སླེབས་པའི་དུས།། ལྷ་ལྡན་འབྲས་སྤུངས་ཡུལ་དུ་གཤེགས།། ཀླུ་འབུམ་ཁང་ཚན་ཞེས་པའི་སར།། རྡོ་རྦས་ཤེས་རབ་རྒྱལ་མཚན་མདུན།། ནང་དོན་ཕྱོགས་ལ་སློབ་སྦྱོང་བྱས།། མཁས་པའི་གྲགས་པ་ཕྱོགས་ཀུན་ཁྱབ།། སྤྱི་ལོ་གཅིག་དགུ་སོ་གསུམ་མམ།། དགུང་གྲངས་སུམ་ཅུ་སོ་གཉིས་ལོར།། དཀའ་བ་བརྒྱ་ཕྲག་ཁྱད་བསད་དེ།། ལྷོ་ཕྱོགས་རྒྱ་གར་ཡུལ་དུ་བྱོན།། ཆབ་སྲིད་དཔལ་འབྱོར་དམག་དོན་དང་།། ལེགས་སྦྱར་སྐད་དང་དབྱིན་ཡིག་སོགས།། ཡོད་ཚད་ལེགས་པར་བསླབས་པའི་རྗེས།། ཡོངས་འཛིན་ཁྲི་བྱང་རིན་ཆེན་དང་།། ཀ་ཤོད་གཉིས་ཀྱིས་ཡིག་སྐུར་ནས།། ཁྱེད་རང་ཕྱིར་ཕེབས་གནང་ཞེས་གསོལ།། སྤྱི་ལོ་གཅིག་དགུ་ཞེ་དྲུག་གམ།། དགུང་ལོ་ཞེ་ལྔར་སླེབས་པའི་དུས།། བདེ་བླག་ངང་དུ་ཞབས་སོར་འཁོད།། ཕྱི་ལོ་གཅིག་དགུ་ཞེ་དྲུག་ལོར།། དེབ་ཐེར་དཀར་པོ་བརྩམས་མགོར་བཟུང་།། གཅིག་དགུ་ཞེ་དྲུག་སྨད་ཙམ་ནས།། དགེ་འདུན་ཆོས་འཕེལ་འཛིན་བཟུང་བྱས།། ལོ་གསུམ་བཙོན་ཁང་ནང་དུ་བཅུག། བཙོན་གྲོལ་བྱས་རྗེས་འདི་སྐད་གསུངས།། བསྟན་བཅོས་འདི་ཉིད་རྩོམ་པ་ལ།། ཕྱིར་ན་བར་ཆད་ངོ་ཙམ་ཡོད།། འདི་འདྲའི་བར་ཆད་ཆེན་པོ་ཞིག། ཡོད་པ་གཏན་ནས་ངས་མ་གོ། འདི་ཉིད་མཇུག་དྲིལ་ཐུབ་མ་སོང་།། འཛམ་བུ་གླིང་ན་རྙེད་དཀའ་བའི།། བཻཌཱུར་ཡིད་བཞིན་ནོར་བུ་ཞིག།། བོད་པས་རྡོ་ལ་བཏབ་པ་འདིས།། ད་ལྟ་ཡོངས་སུ་ཚིམ་པར་བྱོས།། ཕྱི་ལོ་གཅིག་དགུ་ལྔ་བཅུའམ།། དགུང་ལོ་ཞེ་དགུའི་དུས་སུ་གཤེགས།། ཡིད་བཞིན་རིག་མཛོད་ཆེན་མོ་ཞིག། བོད་པ་ཚང་གིས་མེ་ལ་བསྲེགས།།

ཡོངས་ཁུངས། ལུག་ཚང་དཔལ་ཡོན་དྲ་བ།