གངས་པ་རིན་ཆེན་འོད་ཟེར་

ཡོང་ཁུངས་Wikipedia

གངས་པ་རིན་ཆེན་འོད་ཟེར་ ཁོང་ནི་རབ་བྱུང་གསུམ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ 1175 ལོར་ཡུལ་གྱ་བར་གསང་སྔགས་རྙིང་མ་པ་ཞིག་གི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ 1249 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། རབ་ཏུ་བྱུང་སྟེ་མཚན་ལ་རིན་ཆེན་འོད་ཟེར་ཞེས་གསོལ། དེ་ནས་ཁོང་གིས་འབྲི་གུང་ཆོས་རྗེ་དང་། སྟག་ལུང་ཐང་པ། རྨོག་ལྕོགས་པ། ལྷོ་ལ་ཡག་པ། དྭགས་པོ་འདུལ་འཛིན། ཉེ་གནས་གསལ་བྱང་། ཁ་ཆེ་པཎ་ཆེན་ལ་སོགས་པའི་བླ་མ་མང་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་འབད་པ་ཆེན་པོས་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་མཁས་པ་ཆེན་པོར་གྱུར། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་དུ་འཕགས་པར་མངའ་བརྙེས། དེ་ནས་ཇོ་མོ་གངས་ཀྱི་ཕ་བོང་དཀར་ལེབ་ལ་སོགས་པའི་གནས་རྣམས་སུ་སྒྲུབ་པ་མཛད། བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་རྒྱ་ཆེན་པོ་མཛད་ནས་སྐུ་ཚེ་འདའ་བར་མཛད་དོ།།