Jump to content

ཁྱུང་གི་གཟུགས་རིས་ཀྱི་དཔྱད་པ་

ཡོང་ཁུངས་Wikipedia

ཁྱུང་ནི་གདོད་མའི་དུས་སུ་མཐོ་སྒང་གི་ས་ཆ་འདིར་འཚོ་སྡོད་བྱས་མྱོང་བའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན་པ་གཞིར་བྱས་ནས། དེའི་བྱེད་ནུས་དང་སྟོབས་ཤུགས་ནི་འགྲན་པའི་ཟླ་དང་བྲལ་བ་ཞིག་ཡིན་པས། གདོད་མའི་མི་རྣམས་ཀྱིས་དེ་ལ་ཡིད་སྨོན་དང་། རེ་བཅོལ། ཐ་ན་དད་མོས་ཀྱི་འདུ་ཤེས་ཤུགས་དྲག་སྐྱེས་ཡོད་པ་ནི་ལོ་ངོ་སྟོང་ཕྲག་གོང་ནས་ཐོགས་ལྕགས་སོགས་ཀྱི་གཟུགས་སུ་ཁྱུང་གི་གཟུགས་རིས་བཟོ་སྲོལ་རྒྱ་ཁྱབ་ཏུ་དར་ཡོད་པ་དང་། མངའ་རིས་དང་ནག་ཆུའི་ས་ཁུལ་སོགས་ནས་ཤེས་རྟོགས་བྱུང་བའི་བྲག་བརྐོས་རི་མོའི་ཁྲོད་ཀྱི་ཁྱུང་གི་རིགས་དེ་དག་ལས་ཤེས་ཐུབ། ཁ་ཤས་ཀྱིས་ཁྱུང་གི་རིགས་འདི་གངས་སེང་ཡོད་མེད་ཀྱི་རྩོད་གཞི་ལྟ་བུ་ཞིག་ཏུ་ངོས་འཛིནཔའམ། ཕྱི་རོལ་རིག་བྱེད་པའི་གཏམ་རྒྱུད་ལས་བྱུང་བའི་མི་ཡི་གཟུགས་ལ་བྱ་ཡི་དབུ་ཅོག་བཙུགས་པའི་མཚོན་བྱེད་རང་བཞིན་གྱི་རྣམ་པ་ཙམ་ལས་གླིང་འདིར་དངོས་སུ་ཡོད་མི་སྲིད་པའི་དོགས་གཞི་འཛིན་མཁན་ཡང་ཡོད་ན་ཡང་། དངོས་ཡོད་ཀྱི་སྲོག་ཆགས་ཤིག་གི་ཁྱད་མཚར་གྱི་བྱེད་ནུས་ལ་བརྟེན་ནས་ད་ཡོད་ཀྱི་ཁྱུང་གཟུགས་འདིའི་རྣམ་པར་འཕེལ་འགྱུར་བྱུང་བ་དང་། དེ་འབྲེལ་གྱི་ཤེས་རིག་གི་སྣང་ཚུལ་གྲངས་མང་པ་ཞིག་འཕེལ་འགྱུར་བྱུང་ཡོད་པ་ནི་མངོན་སུམ་ཚད་མའི་དོན་ཞིག་ཏུ་སེམས།

ཁྱུང་ལ་དད་འདུན་གྱི་འདུ་ཤེས་འཕེལ་རྒྱས་བྱུང་བ་ལས་བོད་ཀྱི་གདོད་མའི་དུས་སུ་ནང་བཅུད་སེམས་ཅན་ཐམས་ཅད་སྒོང་ང་ལས་གྲོལ་ཚུལ་གྱི་གཏམ་རྒྱུད་དག་འཕེལ་བ་ཡིན་ཞིང་། སྒོང་ང་ལས་ལྷ་ཀླུ་མི་གསུམ་གྲོལ་བར་འདོད་པའི་ལྟ་སྟངས་དེ་ཉིད་སྔ་རབས་པའམ་བོན་གྱི་འཇིག་རྟེན་འཕེལ་འགྱུར་གྱི་ལྟ་བ་དམིགས་བསལ་བ་ཞིག་ཡིན་པ་ལས། དུས་ཕྱིས་ཀྱི་ཐུབ་པའི་དགོངས་འདུན་གྱི་ཉམས་ལེན་པར་གྱུར་བའི་བོད་ཀྱི་ལོ་རྒྱུས་སྨྲ་བ་སྤྱིའི་བརྩམས་ཆོས་དག་ལས་ནི་སྒོང་སྐྱེས་ཀྱི་ལྟ་བ་བརྗོད་པ་མཐོང་བྱར་ཕལ་ཆེར་མི་འདུག དེའི་ཕྱིར་ཁྱུང་གི་དད་མོས་སམ་ཁྱུང་གི་རིག་གནས་འདིའི་ཐོག་མའི་མཆེད་ཁུངས་ཀྱང་བོན་གྱི་ཤེས་རིག་གམ་ཞང་ཞུང་རིག་གནས་ཡིན་པ་གསལ་ལ། དེ་ལས་ཁྱུང་གི་གཟུགས་རིས་ཞིབ་འབྲི་བྱས་པའི་ལོ་རྒྱུས་སྔ་ཤོས་ནི་ཞང་ཞུང་གི་བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་ཞེས་པའི་སྐབས་དེ་ནས་ཡིན། བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་ཀྱི་ཐོག་མ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་ཞེས་པས་དེང་གི་གངས་ཏི་སེའི་མདུན་ཞོལ་དུ་ཆགས་ཡོད་པའི་འབྲི་གུང་བཀའ་བརྒྱུད་ཀྱི་དགོན་གནས་རྒྱང་གྲགས་དགོན་ཞེས་པ་དེ་ནས་གསས་ཁང་ནོར་བུ་སྤུངས་བརྩེགས་ཞེས་པར་བཞུགས་ཏེ་སྲིད་ཀྱི་ཁ་ལོ་བསྒྱུར་བའི་སྐབས་སུ། སྲིད་འབྱོར་དབང་ཐང་གི་མཚོན་བྱེད་ལ་དབུ་རྨོག་གི་གཙུག་ཏུ་གསེར་ལས་བྱས་པའི་བྱ་རུ་ཞིག་བཙུགས་ཡོད་པར་བཤད་པ་དེ་ནས་རྒྱལ་པོ་དེ་དག་གི་མཚན་ལ་བྱ་རུ་ཅན་ཞེས་ཐོགས་སྐད། བྱ་རུ་ཞེས་པ་ནི་བྱ་ཁྱུང་གི་ར་ཞེས་པའི་དོན་དུ་གོ་བ་སྟེ། དེའི་དབྱིབས་གང་འདྲ་ཞིག་ཡིན་མིན་ཐད་ད་དུང་གསལ་ཆ་ཡོད་པའི་ཡིག་ཆ་གང་ཡང་མ་མཐོང་ན་ཡང་། ད་ཡོད་ཀྱི་ལྡེབས་རིས་དང་ཤིང་བརྐོས། ཐོག་ལྕགས་སོགས་ལས་ཁྱུང་གི་རྭ་ཅོ་གྱེན་ལ་གཟེངས་ཤིང་། རྩེ་མོ་རྣོ་བ། སྤྱི་གཙུག་ན་ནོར་བུ་འོད་འབར་གྱིས་བརྒྱན་ཡོད་པ། བལྟས་པ་ཙམ་པོས་གཟིར་ཤུགས་དང་ལྡན་པ་ཞིག་ཏུ་འབྲི་བཞེངས་བྱས་འདུག ཞང་ཞུང་གི་ཐོག་མའི་རྒྱལ་པོ་དེ་དག་གིས་བྱ་རུའམ་ཁྱུང་གི་རྭ་ཅོའི་གཟུགས་རིས་མཚོན་པའི་རྣམ་པ་ཡོད་པའི་དབུ་རྨོག་གྱོན་པ་ནི་ཆབ་སྲིད་གནམ་ལས་མཐོ། དབུ་འཕང་དགོངས་དང་མཉམ་པའི་སྟོབས་ཤུགས་མཚོན་ཆེད་ཡིན་པ་མ་ཟད། རྒྱལ་པོ་དེ་དག་གི་དད་པའི་ཡུལ་དུ་བཞག་པའི་ཤེས་རིག་གི་བསྟན་བྱ་སྟེ། ཡབ་མེས་གོང་མ་རྣམས་ལ་བརྩི་བཀུར་བྱས་པ་ཡང་མཚོན་པ་ཡིན་ངེས་འདུག བྱ་རུ་དེ་རིན་ཐང་ཆེ་བ་དང་། བླ་ན་མེད་པ་ཞིག་ཡིན་པ་མཚོན་ཆེད་དེའི་རྒྱུ་ཆ་གསེར་དང་། བྱི་རུའམ་བྱུ་རུ། ག་ལྗང་ཞེས་པ་བོད་སྐད་དུ་གཡུ་དང། ལྕགས་ལ་སོགས་པ་བྱས་ཏེ། རྒྱལ་པོ་མི་འདྲ་བའི་སྟོབས་ཤུགས་ཀྱི་དབང་ཐང་མཚོན་པར་བྱས་འདུག བྱ་རུ་ཞེས་པ་དེ་ཡིས་ཆེས་སྔ་མོ་ནས་ཁྱུང་གི་རིག་གནས་འདི་ཉིད་ཞང་བོད་ཡུལ་དུ་དར་ཆེ་བ་མཚོན་པ་ཡིན།

བྱ་རུ་ཡོད་པའི་དབུ་ཞྭའི་རིགས་དེ་དག་རྒྱལ་པོ་ཙམ་དུ་མ་ཟད་བོན་གྱི་གཤེན་པོའམ་སྐུ་གཤེན་སོགས་ཀྱིས་ཀྱང་གྱོན་ཡོད་པའི་སྐོར་ནམ་མཁའི་ནོར་བུ་ལགས་ཀྱིས་གསུངས་པ་ལྟར་ན“ཞང་ཞུང་མེ་རིའི་བླ་མ་བརྒྱུད་པའི་བྲིས་ཐང་རྣམས་སུ་གསལ་པོ་མཇལ་རྒྱུད་ཡོད”{1}གསུངས། འབེལ་གཏམ་ལུང་གི་སྙིང་པོ་ལས་བྱ་རུ་ཞེས་པ་གོ་གནས་ཀྱི་ཐོབ་ཐང་ཞིག་ཡིན{2}པར་གསུངས་ལ། མི་ཡི་རྒྱལ་པོ་རྣམས་ཀྱི་ཆེ་རྟགས་ཙམ་དུ་མ་ཟད་མཆོད་པའི་ཞིང་དང་བཀུར་བའི་གནས་ལ་ཡང་བརྒྱན་སྲོལ་ཡོད་པ་དང་། མཆོད་རྟེན་གྱི་རྩེ་ལ་བྱ་རུ་ཁྱུང་རུས་བརྒྱན་པ་དང་། ཡི་དམ་ཁྲོ་བོའི་འཁོར་འགའ་ལ་ཡང་དབུ་ལ་གནམ་ལྕགས་བྱ་རུ་ཁྱུང་རུ་ཡོད་པ་དང་། རྣམ་དག་སྒྲུབ་པ་བྱ་རུ་ཐོབ་པའི་གཤེན་བརྒྱད་སོགས་རྒྱལ་པོ་མ་ཡིན་པའི་སྤྱོད་ཡུལ་དུ་ཡང་ཁྱུང་ར་ཡོད་པར་བསྟན་འདུག ལོ་རྒྱུས་ཀྱི་བྲིས་རིས་དེ་དག་ལས་བྱ་རུའམ་ཁྱུང་གི་ར་ཅོ་དེ་ཉིད་ཀྱི་དབྱིབས་དང་རིང་ཐུང་། ཕྲ་སྦོམ་སོགས་ཞིབ་ཕྲ་བཀོད་མེད་མོད་ཀྱི། གའུ་རྙིང་པ་དང་། ཐོག་ལྕགས་རྙིང་པ་ཁ་ཤས་ཀྱི་གཟུགས་ལས་ཁྱུང་རུ་ཆ་གཅིག་ཡིན་པ་དང་། ཆ་ཉིས་བརྩེགས་སོགས་ཀྱི་རི་མོ་མཐོང་རྒྱུ་ཡོད་ལ། བོད་ཀྱི་དགོན་གནས་སོགས་སུ་ཡོད་པའི་ཁྲི་དྲུག་འགྱོགས་སམ་ཁྲི་རྒྱན་བཞི་སོགས་ལས་བྱུང་བའི་ཁྱུང་དེ་ལ་བལྟས་པས་རྭ་ཅོ་གཟེངས་སུ་ཐོན་ཅིང་། རྩེ་མོ་རྣོ་ངར་གྱི་རྣམ་པར་བཞེངས་པ་དེས་བརྟན་ཅིང་བརླིང་པའི་དོན་མཚོན་བཞིན་པ་འདི་ཡིས། ཕྱིས་སུ་བྱུང་བའི་གཡུང་དྲུང་འདི་ཡང་ཁྱུང་གི་གཟུགས་མཚོན་གྱི་རི་མོ་མ་ཡིན་ནམ་སྙམ་པ་སྐྱེས་སུ་འཇུག

《རྒྱལ་ཁྱུང་དཀར་པོའི་གདུང་རབས》{3}ཞེས་བྱ་བ་རུ་བཀོད་པའི་ཁྱུང་གི་རབས་དེ་ཤིན་ཏུ་སྔ་སྟེ། ཡིག་ཆ་དེ་ཉིད་ལས“ཚེ་ལོ་བརྒྱ་པའི་དུས་སུ་གཤེན་རབ་མི་བོ་དང་དུས་མཚུངས་སུ། ཀུན་ཏུ་བཟང་པོ་རིགས་སྣང་འོད་ཀྱི་རྒྱལ་པོ་དེས། འགྲོ་བ་སེམས་ཅན་གྱིས་དོན་ལ་དགོངས་ནས། སྐུ་གསུམ་གྱིས་སྤྲུལ་པ་གསུམ་དུ་བྱོན་པ་ནི། ཟག་མེད་ཐབས་དང་ཤེས་རབ་ཀྱི་རྒྱུད་པ་སྐུ་ལ་རྫོགས་ནས། ཟག་བཅས་ལྷའི་རྒྱུད་པ་འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་གསུམ་དུ་སྤྲུལ་ཏེ། སྟེང་ཕྱོགས་མངོན་པར་དགའ་བའི་འཇིག་རྟེན་ན། ཀུན་བཟང་སྨོན་ལམ་རྣམ་པར་དག་པའི་ཞིང་ཁམས་ནས། མི་མཇེད་འཛམ་གླིང་འདིའི་དབུས་ཕྱོགས་ཡུལ་སྡེ་ཐམས་ཅད་ཀྱི་མགོ་བོ། ཞང་ཞུང་ཁ་ཡུག་གི་ཡུལ། མེ་ཏོག་མཛེས་པའི་གླིང་ལ་སྔ་དྲོ་དར་ཅིག་བབས་ནས་སླར་འཕུར་ཏེ་དགུང་དུ་གཤེགས་སོ། དེ་ལ་ཡུལ་དེའི་མི་རྣམས་ཀྱིས་ལྟད་མོ་བལྟས་ནས། མེ་ཏོག་མཛེས་པའི་གླིང་ལ་འདབ་ཆགས་ཀྱི་རྒྱལ་པོ་རྭ་ཅོ་དང་། སྤྱན་མིག་དམར་བ། སྤྱི་གཙུག་ན་ནོར་བུ་འོད་འབར་གྱིས་བརྒྱན་ཡོད་པ། གསུམ་བབ་པས་ཅི་ཡི་ལྟས་དང་ཆོ་འཕྲུལ་ཡིན་ཞེས་ཀུན་ལ་དྲིས་པས། ཤེས་ཆེ་རྒན་པ་རྣམས་ཀྱིས་ན་རེ། ཁྱུང་མོ་ལ་གནམ་རུ་མེད་ཅིང་། ཁྱུང་ཕོ་ལ་རྭ་ཅོ་དགུང་དུ་སྔོ་ཟང་ངེ་བ་ཡོད་པ། ནོར་བུ་འབར་བའི་རྒྱན་དང་བཅས་པ་སྟེ། ཁྱུང་ཕོ་ཁྱད་པར་ཅན་ཅིག་རེད་ཟེར་བར་འདུག་གོ”{4}ཞེས་གསུངས་པ་ལས་ཁྱུང་ཕོ་དང་མོའི་དབྱེ་བ་ནི་མགོ་ལ་རྭ་ཅོ་ཡོད་མེད་ཀྱིས་ཕྱེ་ཡོད་ཅིང་། རྭ་ཅོ་ཡོད་པ་དེ་ཁྱུང་ཕོ་ཡིན་པ་དེང་སང་རྒྱུན་མཐོང་གི་རི་མོ་དེ་དག་ལྟར་དང་། རྭ་ཅོ་མེད་པ་དེ་ཁྱུང་མོ་ཡིན་པར་བསྟན་པ་ཕལ་ཆེར་མཐོང་དུ་མེད་པ་དེས་བོད་མི་རྣམས་ཀྱི་དད་ཞེན་གྱི་ཡུལ་དུ་གྱུར་བའི་ཁྱུང་ནི་ཁྱུང་ཕོ་ཡིན་པ་གསལ་ལོ།།

《ཁྲོ་བོ་རྒྱུད་དྲུག》ལས“སེར་ལྗང་ཁྱུང་གི་མགོ་བོ་ཅན”{5}ཞེས་ཁྱུང་གི་མགོ་བོ་སེར་ལྗང་གི་མདོག་ཡིན་ཚུལ་བསྟན་ལ། མངོན་བརྗོད་ཀྱི་གཞུང་ལས་མཁའ་ལྡིང་ཞེས་པ་ཁྱུང་གི་མིང་དུ་བཞག་པ་བཞིན། 《དཔལ་དུས་ཀྱི་འཁོར་ལོའི་རྒྱུད》ལས་བསྟན་པ་ལྟར་ན། “མཁའ་ལྡིང་རྐང་པ་ནས་སྐེད་མཐར་སེར་པོ་ཡིན་ཏེ། དེ་བཞིན་ལྟེ་བའི་མཚམས་སུ་གངས་དང་མཚུངས། མགྲིན་པའི་བར་དུ་དམར་པོའི་མདོག་དང་འཁྲི་ཤིང་ལྟ་བུའི་སྨིན་མའི་བར་ཉིད་སྤྲིན་ནག་དང་མཚུངས་སོ”{6}ཞེས་གསུང་པ་ལས་ཁྱུང་གི་ལྟོ་གཟུགས་སོགས་སེར་པོ་ཡིན་པ་གསལ་བ་དང་། དེ་བཞིན་གྱི་དེང་གི་ལྡེབས་རིས་སོགས་ལས་ཁྱུང་གི་ལྟོ་བ་མདོག་སེར་པོ་དང་སེར་དམར་གང་རུང་བྱས་ཡོད་པ་དེ་ལས་ཤེས། ལྟེ་བ་དང་མགྲིན་པ། སྨིན་མ་སོགས་ཀྱི་ཁ་དོག་ཀྱང་ཕལ་ཆེར་གསལ་བོར་བཀོད་འདུག དེ་བཞིན“སྔོན་རྒྱ་གར་ཡུལ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཀྱི་ཡུལ་འདི་ཀླུ་བདུད་བཙན་གསུམ་གྱིས་དབང་དུ་བཟུང་བའི་ཡུལ་ཞིག་ཡིན་པ་མཁྱེན་ཏེ། གཏུམ་པོ་དམར་ནག་ཁྱུང་གི་སྤྲུལ་པ། གནམ་ལྕགས་ཐོག་གི་མཆུ་སྡེར་ཅན། རྣོ་ངར་གྱི་རལ་གྲི་སྟོང་གི་གཤོག་པ་ཅན། ཆུ་གྲི་སྟོང་གི་མཇུག་སྒྲོ་ཅན། ནག་ཕྱོགས་ཀྱི་ཀླུ་བདུད་དང་ས་བདག་ཐམས་ཅད་སྡེར་འོག་ཞབས་ཀྱིས་མནན་ཏེ་གཡས་གཡོན་ཕྱག་གིས་བཟུང་ནས་འཇིགས་རུང་མཁའ་ལྡིང་དབང་པོའི་རྣམ་པར་རོལ་བ་གཉན་ག་རུ་ཊ”{7}ཞེས་བཀོད་པ་ལས་ཁྱུང་གི་གཤིས་ཀ་ཤིན་ཏུ་གཏུམ་པོ་ཡིན་པ་བསྟན་པ་དང་། ཕྱི་གཟུགས་ཁ་དོག་དམར་ནག་ཡིན་པ། མཆུ་ནི་གནམ་ལྕགས་ཐོག་གི་གཟུགས་དང་འདྲ་བ། གཤོག་པ་ནི་རྣོ་ངར་གྱི་རལ་གྲི་དང་འདྲ་བ།མཇུག་སྒྲོ་ནི་ཆུ་གྲི་དང་འདྲ་བ་སོགས་ཀྱི་ཁྱད་ཆོས་བསྟན་ཡོད། དེ་དག་ རེའུ་མིག་གིས་མཚོན་ན།


གོང་དུ་བཀོད་པའི་གཟུགས་རིས་ཀྱི་རྣམ་པ་དེ་དག་ལས་གཞན། ཁྱུང་ནི་ཀླུ་དང་དུག་སྦྲུལ་གྱི་མགོ་གནོན་ཡིན་པ་གཞིར་བྱས་ནས། ཁ་ཤས་རྒོད་ཀྱི་རྣམ་པར་འབྲི་འགོད་ཀྱིས་བྱ་རྒྱལ་ཁྱུང་ཟེར་བའམ། མི་མཐུན་གཡུལ་ལས་རྒྱལ་བའི་མཚོན་བྱེད་སྣ་ཚོགས་སུ་འབྲི་འགོད་བྱས་ཏེ། གདོད་མའི་ཤེས་རིག་གི་སེམས་ཁམས་མཚོན་པར་བྱས་ཡོད། རིག་གནས་ཀྱི་སྣང་ཚུལ་དེའི་སྐོར་ཡ་གླིང་ལྷོ་མའི་ས་ཆ་མང་དག་ཞིག་ཏུ་དར་བ་སྟེ། “རྒྱ་གར་དང་། བར་ཡུལ། འབྲས་ལྗོངས། ཐེའི་ལན་ཀྲི་དང་ཡ་གླིང་གི་ཤར་ལྷོའི་ས་ཆ་མང་པོ་ཞིག་གི་སྔ་རབས་ཤེས་རིག་ཁྲོད་དུ་གསེར་གྱི་འདབས་གཤོག་ཐོགས་པའི་བྱ་རྒྱལ་དེ་ཉིད་ཀྱི་རང་བྱུང་གི་བྱེད་ནུས་ལས་འགོངས་པའི་སྤྲུལ་གཟུགས་བཞེངས་སྲོལ་དར་ཡོད་ལ། སྲོལ་རྒྱུན་ལྟར་ན། ས་ཁུལ་དེ་དག་གི་མི་རྣམས་ཀྱིས་བྱ་རྒྱལ་དེ་ཉིད་ལ་བསྐུལ་འབོད་བྱས་ནས་དུག་སྦྲུལ་གྱི་གནོད་པ་འགོག་ཐབས་བྱེད་བཞིན་ཡོད།”{8} དེ་མ་ཟད་ཉེ་བའི་ལོ་ཤས་ནང་གནས་རྫས་རྟོག་ཞིབ་མཁན་རྣམ་པས་རང་རྒྱལ་ལྷོ་ནུབ་ཀྱི་ས་ཆ་ནས་ཉི་མའི་ལྷ་བྱ(太阳神鸟){9}ཞེས་པའི་དམིགས་བསལ་གྱི་རིག་གནས་མཚོན་བྱེད་སོགས་གསར་རྙེད་བྱུང་བ་དེ་དག་གིས་གདོད་མའི་བྱ་རྒྱལ་གྱི་དད་མོས་ཤེས་རིག་གི་སྣང་ཚུལ་མཚོན་ཡོད་པ་མ་ཟད། ཚད་ངེས་ཅན་གྱི་སྟེང་ནས་བལྟས་ན། ཡ་གླིང་ལྷོ་མའི་མིའི་རིགས་དང་ཤེས་རིག་གི་འབྱུང་ཡུལ་དུ་གྱུར་བའི་ཞང་ཞུང་ཤེས་རིག་ལས་བྱུང་བའི་བྱ་རྒྱལ་ཁྱུང་གི་བྱུང་རབས་དང་འབྲེལ་ཡོད་ལ། ཅིག་བྱས་ན་དེ་དག་གི་འབྱུང་ཁུངས་དངོས་ཞང་ཞུང་གི་ཤེས་རིག་ཡིན་ཤས་ཀྱང་ཤིན་ཏུ་ཆེ། གདོད་མའི་རྒྱ་གར་ཤེས་རིག་གི་ཁུངས་ལོ་ངོ་བཞི་སྟོང་ནས་ལྔ་སྟོང་ཡན་དུ་འདེད་དཀའ་ཞིང་། ཞང་ཞུང་གི་ཤེས་རིག་ལ་ད་བར་གཅིག་ཆོད་ཀྱི་བཤད་པ་མ་ཆགས་ན་ཡང་། བོན་གྱི་བཤད་རྒྱུན་དང་ས་འོག་རྡོ་ཆས་སོགས་ཀྱི་ལོ་ཚད་ནས་དེད་ན་ལོ་གྲངས་ཁྲི་ཡི་ཡན་དུ་འགྲོ་བ་མ་ཟད། གདོད་མའི་རྒྱ་གར་ཤེས་རིག་གི་ཁྱབ་ཁོངས་མང་དག་ཞིག་ནི་དོན་ལ་ཞང་ཞུང་ཤེས་རིག་གི་ཁྱབ་ཁོངས་སུ་ཚུད་ཡོད་པས་མཚོན། གང་ལྟར་ད་ཡོད་ལྡེབས་རིས་དང་། བྲག་བརྐོས་རི་མོ། ཤིང་བརྐོས་ལ་སོགས་གང་ལ་བལྟས་ཀྱང་ཁྱུང་གི་གཟུགས་ནི་མི་ཡི་ལུས་ལ་བྱ་ཡི་ཁྱད་ཆོས་དང་ལྡན་པ་ཞིག་སྟེ། ཁོག་སྟོད་མི་ཡི་གཟུགས་སུ་ལག་པ་གཉིས་ཀྱང་མི་ཡི་གཟུགས་སུ་གྲུབ་ལ། བྱ་ཡི་མགོ་བོ་ལ་ར་ཅོ་དང་ལྡན་པ། སྤྱི་གཙུག་ན་ནོར་བུ་འོད་འབར་གྱིས་བརྒྱན་ཡོད་པ། གཤོག་ཟུང་བསྐྱངས་ཤིང་འཕུལ་འགྲོས་ཀྱི་རྣམ་པ་དང་ལྡན་པ། བྱ་ཡི་རྐང་པ་ལ་བྱ་སྒྲོའམ་བྱ་སྤུས་ཁེངས་ཡོད་པ་སོགས་བྱ་གཟུགས་ཀྱི་རྣམ་པ་ལ་མིའམ་ལྷའི་ཁྱད་ཆོས་སུ་ཕྱག་དང་ཞབས་ཀྱི་རྣམ་པ་གསལ་བོར་བཀོད་པ་མ་ཟད། ཞབས་གཉིས་ས་ལ་བརྟན་པོར་བཙུགས་ཤིང་། བྱ་ཡི་གཟུགས་སུ་རྐང་པའི་སྡེར་མོ་རྣོ་ལ་རིང་བ་ས་ལ་བཀྲད་ཡོད་པ། (དུག་སྦྲུལ་ནག་པོ་རྐང་འོག་ཏུ་མནན་ཡོད་མེད་གཉིས་ཀྱི་རི་མོ་འདུག )ལྟོ་ལྡིར་ལ་བྲང་འབུར་བ། གཤོག་ཟུང་གཡས་གཡོན་གཉིས་སུ་ཡར་བསྐྱངས་ཡོད་པ་མང་ཆེ་ཤོས་དང་། རི་མོ་ཁ་ཤས་ཀྱི་གཤོག་ཟུང་མར་ལ་བསྐྱངས་པ་ཡང་ཡོད་པ་མ་ཟད། རི་མོ་མང་ཆེ་ཤོས་ལ་ཕྱག་གཉིས་ཀྱང་གཡས་གཡོན་གཉིས་སུ་བསྐྱངས་པ་ལས་ཕྱག་གཡས་པས་དུག་སྦྲུལ་སྔོན་པོའི་སྐེ་ནས་འཛིན་པ། གཡོན་པས་དུག་སྦྲུལ་གྱི་མཇུག་མར་འཛིན་པ་དང་། མཆུ་ཡིས་དུག་སྦྲུལ་གྱི་ལྟོ་ནས་ཧམ་ཟ་བྱེད་པའི་རྣམ་པར་བཀོད་འདུག ཐོགས་ལྕགས་ཀྱི་རིགས་ལས་བྱུང་བའི་ཁྱུང་ལ་དུག་སྦྲུལ་འཆང་བའི་རྣམ་པ་ཅན་མ་མཐོང་ན་ཡང་། དེ་དག་ཕར་ཆེར་ལག་བཟོའི་དཀའ་ཁག་གི་དབང་གིས་ཡིན་སྙམ། གཞན་དེང་གི་བཎ་དགོན་ཁག་ཅིག་གི་གཙུག་ལག་ཁང་བཞེངས་པའི་སྟེང་དུ་བཀོད་པའི་ཁྱུང་གི་རྣམ་པ་ལས་ཕྱག་གཡས་བསྐུམས་ཡོད་པ་དང་གཡས་བསྐྱངས་ཡོད་པ་ལས་གཞན་བན་བོན་གཉིས་ཀྱི་ཁྱུང་གི་གཟུགས་འགོད་སྟངས་འདྲ་མཚུངས་སུ་སྣང་། དེ་བཞིན་ཁྱུང་གི་མཆུ་ནི་གུག་ལ་རྣོ་བ་དང་། མིག་གཉིས་འབུར་ཚུགས་སུ་བཀྲད་ཡོད་པ། རལ་པ་གཟེངས་ཤིང་ར་ཅོ་རྣོ་ལ་གྱེན་དུ་གཟེངས་ཡོད་པའི་རྣམ་པར་བཞེངས་ཡོད་པ་སོགས་རི་མོ་འབྲི་མཁན་དང་། རི་མོའི་ལུགས། ལག་བཟོའི་སྒྱུ་རྩལ་གྱི་རིགས་མི་འདྲ་བའི་ཁྱད་ཆོས་ཀྱི་དབང་གིས་ཕྱིའི་རྣམ་པ་ལ་ཁྱད་པར་ཅུང་ཤོར་ཡོད་པ་གསལ་ན་ཡང་། ནང་གི་མཚོན་དོན་ནི་གཅིག་གྱུར་སྟེ། ཁྱུང་གི་གཟུགས་རིས་འདི་ཡིས་མི་མཐུན་ནད་གདོན་འབྱུང་པོའི་འགལ་རྐྱེན་བར་ཆོད་ཐམས་ཅད་ཐལ་བའི་རྡུལ་གཟུགས་སུ་བརླག་པར་བྱེད་པའི་རྣམ་པ་བསྟན་པ་ཡིན། དེའི་སྐོར་གྱི་རིག་གནས་ནི་སྲིད་པའི་བོན་ལས་བྱུང་བ་ཡིན་པ་སྔ་རབས་ཀྱི་གཏོ་གཞུང་སོགས་ལ་ཀློག་འགྲེལ་བྱས་ན་མཐོང་རྒྱུ་ཤིན་ཏུ་མང་པ་དེ་ཡིས་ཀྱང་གདོད་མའི་མཐོ་སྒང་གི་རིག་གནས་འདི་ཡི་ཁུངས་ཞང་ཞུང་ཤེས་རིག་ལ་ཐུག་སྲིད་པ་བློས་དཔག་ཐུབ་པ་ཞིག་རེད།

དམངས་ཁྲོད་སོགས་ནས་ཁྱུང་ནི་བྱ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པ་མ་ཟད། ནད་གདོན་ཀླུ་ལ་སོགས་པའི་མགོ་གནོན་ཡིན་པ་དང་། དེའི་གཤོག་པ་ཡ་གཅིག་མི་གཉིས་ཀྱིས་ཀྱང་ཐེག་མི་ཐུབ་ལ། ཁ་ཟས་སུ་ཆུ་སྲིན་ཟ་བ། ཁྱུང་དང་སེང་གེ་འདྲེས་པ་ལས་སེང་གེ་རྐང་པ་བརྒྱད་པ་བྱུང་བར་བཤད་ན་ཡང་། དེ་དག་གི་གཟུགས་རིས་དངོས་ཅི་ལྟར་བྲིས་ཡོད་པ་ གསལ་ཆ་འབྱུང་མ་ཐུབ།