ཁེད་ཚིག་

ཡོང་ཁུངས་Wikipedia

ཁེད་ཚིག་ཅེས་པ་ནི་ཁེད་བྱའི་དོན་དེ་གཙོ་བོ་དངོས་པ་འདྲ་བཞག་ཅིག་བརྗོད་པའི་ཟོལ་ལ་ཁ་བསྒྱུར་ནས་སྐབས་ག་རེ་ཡིན་པ་ཚོད་བགམ་དུ་དཔོག་པའམ་ཁེད་རྒྱུའི་རྩེ་མོའི་ཚིག་གི་རིགས་སྡེ་ཞིག་ཡིན་ལ། དེ་ཡང་བརྗོད་པ་ལ་ཞུགས་ཚེ། ཚིག་དུམ་གཏན་འཇགས་མ་གཞན་དག་དང་འདྲ་བར་རང་ཉིད་ནི་ཚིག་རྣལ་མའི་གོ་ས་འཛིན་པའི་བྱེད་ནུས་ཅན་ཡིན། ཁེད་ཚིག་གི་ངོ་བོ་ནི་རང་གི་ལུས་སྲོག་རྒྱན་གསུམ་གྱིས་གྲུབ་པ་ཡིན།

ལུས།[རྩོམ་སྒྲིག]

ཚིག་རྐང་གཅིག་གི་ལུས་ཅན།[རྩོམ་སྒྲིག]

ཁེད་ཚིག་རྐང་གཅིག་མ་ལ་འབྲུ་གྲངས་མང་ཉུང་ཅི་རིགས་ཡོད་ཀྱང་། ཉུང་མཐའ་བཞི་དང་མང་མཐའ་བཅུ་གཉིས་ཅན་ཡང་ཡོད་ཀྱང་དེ་ལས་མང་བ་དཀོན་པ་ཡིན་ནོ། ། དཔེར་ན། གཤོག་ཅན་བླ་མ། (སྦྲང་མ) ང་མ་ཐུག་འཐོར་འགྲོ(ཟིལ་བ) མི་བརྒྱས་སྐེ་རགས་གཅིག་བཅིངས། (ཕྱགས་མ) ཆུ་ཁ་ནས་འཐུང་ན་ཁ་ནས་སྐྱུགས།(ལྕགས་སྨྱུག) ར་ཤི་བའི་རྐུབ་ལ་ལྕགས་ཀྱི་མཆུ་ཏོ་སྐྱེས(སྦུད་པ) ཞེས་པ་ལྟ་བུ་སྟེ། ལུས་འབྲུ་གྲངས་སྡེབ་སྟངས་ཤིག་ཡིན་ལ། དེ་ཡང་འབྲུ་གྲངས་གཅིག་འདྲ་ཡིན་པ་ལ་སྡེབ་སྦྱོར་བྱེད་སྟངས་མ་འདྲ་བ་རེ་ཡང་ཡོད་དེ། འབྲུ་མ་བཅུ་ཅན་པོ་ལ་བྲག་ཕུག་གཅིག་ལ་དཀར་གོང་ཉི་ཤུ་རྩ་བརྒྱད་ཅེས་ཚེ་འབྲུ་མ་ཆ་ཆ་བྱས་པའི་སྒྲིག་སྟངས་ཅན་དང་། མཐའ་འགོ་མཇུག་འགྲིལ་གྲབས་ཡོད་ལ་འགྲིལ་རྒྱུ་མེད་ཅེས་པ་ལྟ་བུ་ནི་ཐོག་མཐའ་གཉིས་ཡ་གྲངས་སུ་བཞག་པ་ཅན་ལྟ་བུ་སོགས་ནང་གསེས་ཀྱི་དབྱེ་བ་ཡང་ཡོད།

ཚིགག་རྐང་གཉིས་ཀྱི་ལུས་ཅན།[རྩོམ་སྒྲིག]

ཚིག་རྐང་གཉིས་མ་ལ་ཚིག་རྐང་རིང་བོ་ཅན་དང་ཐུང་བ་ཅན་གང་རུང་ཡོད་ལ། རྐང་བ་དག་ནང་ཕན་ཚུན་དོ་མཉམ་ཡིན་མིན་ཅི་རིགས་ཡོད་དོ། ། དཔེར་ན། ཉིན་རྒྱག་མ། མཚན་སྟོང་མ།(ལྷམ) བླ་མ་བརྒྱ་ཡོད། རྒྱུ་མ་གཅིག་ཡིན། (ཕྲེང་བ) རྩ་ཁ་ནས་ཟ། ལྕི་བ་ཀླད་ནས་གཏོང་།(ཤིང་བཟོའི་འབུར་ལེན) ཕ་ཉམ་ཆུང་ཤིག་ལྟ་བུ། བུ་རྒོད་པོ་སྟག་ལྟ་བུ།(ལ་ཕུག) ཤིང་གི་ལུས་ལ་ལྕགས་ཀྱི་སོ། ཁ་ནས་ཟ་ཞིང་ཀླད་ནས་སྐྱུག(ཤིང་བཟོའི་འབུར་ལེན) ཕྲུ་གུ་ཉི་ཤུ་རྩ་བརྒྱད་ཁང་ཆུང་གཅིག་ལ་བསྡད། བན་ཆུང་གཅིག་གིས་ཟ་མ་བགོ་བྱ་བྱེད(སོ་དང་ལྕེ) ཅེས་པ་ལྟ་བུ་སྟེ། མདོར་ན་རྐང་བ་གཉིས་ཀའི་འབྲུ་གྲངས་བཅུ་ལས་བརྒལ་བ་ཅན་དཀོན་པ་ཡིན་ནོ། །

ཚིག་རྐང་གསུམ་གྱི་ལུས་ཅན།[རྩོམ་སྒྲིག]

ཚིག་རྐང་གསུམ་མ་ལའང་རྐང་བ་རིང་ཐུང་ཅི་རིགས་ཡིན་ལ། རྐང་བའི་འབྲུ་གྲངས་ཉུང་མཐའ་བཞི་དང་མང་མཐའ་བཅུ་གཉིས་ཅན་གྱི་བར་དུ་འབྲུ་ཉུང་ལ་ཕྱོགས་པ་དག་རྒྱུན་ཤོད་ཡིན་ལ་མང་ཉུང་གི་མཐའ་དེ་ལས་བརྒལ་བ་དཀོན་པ་ཡིན། དཔེར་ན། ཕར་རི་ཤིང་། ཚུར་རི་ཤིང་། གདོང་སྣ་ལྕགས། (ཁོལ་མོའམ་སྦུད་པ) སྐུ་སྟོད་བཞེངས། སྐུ་སྨད་བསྐུམས། རྒྱ་ལམ་འགྲུལ་བར་བཀའ་བཀྱོན་གནང་། (ཁྱི) ཀོ་བའི་གཞུ་ཞིག དུང་གི་མདའ་ཞིག ཤིང་གི་འབེན་ཞིག (འོ་མ་བཞོས་པ་ཟོ་བ་ལ་བབས་པ)ཕྱི་གསེར་མཁར་ཡག་གི་ཁྲི་སྟེང་ན། ནང་གསེར་མཚོ་འཁྱིལ་བའི་དབུས་ཕྱོགས་ན། ཕ་བླ་མ་དབུ་ཞྭ་སེར་པོ་ཅན། (མཆོད་མེ)དམར་པོ་ཁྲག་ལ་དགའ་བས་རི་སྤྱང་སྔོན་མོའི་དོ་ཟླ། ཡ་ཐོད་མིག་གིས་གང་བས་དོམ་ནག་སྨྱོན་པའི་དོ་ཟླ། ནམ་མཁའི་མཐོང་ལ་འཕུར་བའི་ཐང་དཀར་རྒོད་པོའི་དོ་ཟླ།(སྦྲང་ནག) ཞེས་པ་ལྟ་བུ་སྟེ། སྤྱིར་རྐང་གསུམ་ལ་རྐང་བའི་འབྲུ་གྲངས་ཉུང་བ་ཅན་ནས་རིམ་བཞིན་མང་བ་ཅན་དུ་སྙེགས་པར་དཔེ་འགོད་རྒྱུ་ཡོད་ཀྱང་འདིར་རྒྱུན་ཤོད་དུ་ཐོན་ཤོས་ཀྱི་ལུས་འགའ་ཡིན། ཁེད་ཚིག་རྐང་གསུམ་མའི་རྐང་བ་དག་ནང་ཕན་ཚུན་དོ་མཉམ་མིན་ཐད་འབྲུ་གྲངས་མཉམ་པ་ཤས་ཆེ་ལ། འབྲུ་གྲངས་མི་མཉམ་པ་ཅན་ཉུང་བ་ཡིན།

ཚིག་རྐང་བཞི་ཡི་ལུས་ཅན།[རྩོམ་སྒྲིག]

རྐང་བཞི་མ་ལའང་རྐང་བ་རིང་བོ་ཅན་དང་ཐུང་བ་ཅན་ཅི་རིགས་ཡོད་ལ། རྐང་བ་བཞི་མའི་རྐང་བ་དག་ནང་ཕན་ཚུན་དོ་མཉམ་པ་ཤས་ཆེ་ལ་མི་མཉམ་པ་ཅན་ཡང་ཉུང་ཟད་རེ་ཡོད་དོ། ། དཔེར་ན། ནག་ར་མ། ནུ་གྱོང་མ། ཉིན་ཤི་མ། མཚན་ལངས་མ། (ནོར་རྡང) ཕ་ཀོ་ཞྭ་ཅན། བུ་ཕྱིང་ཞྭ་ཅན། བུས་ཕར་བརྡུང་། ཕས་འུར་བརྒྱབ། (རྔ་རྡུང་བ) ལྕགས་ཤིང་མཉམ་འགྲོ། ལུག་གི་མགོ་བོ་ཅན། ཟ་དུས་འོག་མ་ནས་བཟའ། གཏོང་དུས་མགོ་བོའི་དཀྱིལ་ནས་གཏོང་། (ཤིང་བཟོའི་འབུར་ལེན) ཞེས་པ་ལྟ་བུ་ནི་འབྲུ་ཉུང་རྐང་བཞི་མ་དང་། གཞན་འབྲུ་མང་རྐང་བཞི་མ་ཡང་ཡོད་དེ། དཔེར་ན། སྐྱེས་གཟུགས་དྲང་བའི་དཔའ་བོ་ཞིག ཀླད་པའི་གཙུག་ན་ཁ་ཞིག་ཡོད། འགྲམ་པའི་ཐོག་ལ་སྤུ་ཞིག་ཡོད། རྐང་བའི་མཐིལ་ན་མཆེ་བ་ཡོད།(མདའ) ལུས་གཟུགས་དབུགས་ཀྱིས་གང་བའི་ར་རྒན་མ། བགྲོད་བྱེད་རྐང་ལག་མེད་པས་འཕག་འཕག་བྱེད། ལྕགས་ཀྱི་མཆུ་རིང་ས་གཞའི་གཏིང་དུ་ཟུག མྱ་ངན་གདུང་བ་དྲག་པོ་འབྲུག་ལྟར་སྒྲོགས། (སྦུད་པའམ་ཁོལ་མོ) ཞེས་པ་ལྟ་བུ་སོགས་ཏེ། དེ་ཡང་འདི་ལ་རྐང་བ་རིང་བོ་ཅན་ལ་འབྲུ་གྲངས་བཅུའམ་བཅུ་གཅིག་སོགས་ལས་བརྒལ་ན་ངག་ཐོག་གི་ཤོད་སྲོལ་གྱི་གཤིས་ཀ་ཡལ་འགྲོ་བས་རྐང་བ་རིང་བོའམ་འབྲུ་མང་བོ་ཅན་ནི་ཉུང་ངོ། །

ཚིག་རྐང་ལྔ་ཡི་ལུས་ཅན།[རྩོམ་སྒྲིག]

འདི་ལས་རྐང་བའི་ཡིག་འབྲུ་དྲུག་གམ་བདུན་ཅན་ནི་གཙོ་ཆེ་ལ་དེ་ལས་བརྒལ་བ་ཅན་ཉུང་བ་ཡིན་ལ། ཚིག་སྔ་མའི་ཚིག་རྐང་དག་ནང་ཕན་ཚུན་དོ་མཉམ་པ་ཤས་ཆེ་ལ། མི་མཉམ་པའང་རེ་འགའ་ཡོད་དེ། དཔེར་ན། བྱ་མིན་པའི་གཤོག་པ་ཅན། བྱིའུ་མིན་པའི་སྡེར་མོ་ཅན། འབྲོང་མིན་པའི་རྭ་ཁ་ཅན། སྟག་མིན་པའི་ཐིག་ལེ་ཅན། ཨ་བྲ་མིན་པའི་ཁོང་འཛུལ་ཅན། (སྦྲང་མ) བྱ་ཙི་ཏོ་གསེར་གྱི་མཆུ་ཏོ་ཅན། རྒྱ་མཚོའི་ཐོག་ལ་སོང་ནས་ཆུ་ཞིག་འཐུང་། རྒྱ་མཚོའི་ཁ་ལ་བུད་ནས་ངལ་ཞིག་གསོས། ངལ་ཞིག་གསོས་ནས་གོམ་པ་སྤོས། གོམ་པ་སྤོས་ནས་དགོན་པ་ཆགས། (ལྕགས་སྨྱུག་གིས་ཡི་གེ་བྲིས་པ) ཞེས་པ་ལྟ་བུའོ།། གཞན་ཚིག་རྐང་དྲུག་གམ་བརྒྱད་ཅན་སོགས་ཀྱང་ཡོད་ན་ཡང་། འདིར་རྒྱུན་བཀོད་དཔེ་འགའ་བཀོད་པ་ཡིན། མདོར་ན་ཁེད་ཚིག་གི་ལུས་ཀྱི་རང་གཤིས་གཙོ་བོ་ནི་རྐང་བ་ཉུང་ལ། ཚིག་རྐང་ལའང་འབྲུ་གྲངས་མང་པོར་མི་སྙེགས་པ་དང་། ཚིག་རྐང་གཉིས་ཡན་ཡོད་པའི་ཁེད་ཚིག་དག་གི་རྐང་བའི་འབྲུ་གྲངས་མཉམ་པ་ཤས་ཆེ་ལ། ཚུལ་དེ་དག་གིས་ངག་ཐོག་གི་ཁེད་ཚིག་ནི་རྫོབ་རིང་མིན་པ་དང་། རྗོད་ཟོལ་ཡང་ཞིང་ཚིག་གདངས་རང་དབང་བ་ཡིན་པ་སོགས་ཀྱི་རང་གཤིས་དེ་མངོན་གྱི་ཡོད། ཡང་ཚིག་རྐང་མང་པོ་ཅན་དང་ཚིག་རྐང་གི་འབྲུ་གྲངས་མང་པོ་ཅན་འགའ་རེ་ཡོད་པ་དེ་དག་ནི་དོན་ལ་ཚིག་རྒྱན་སྐབས་ཀྱི་གབ་ཚིག་གི་དཔེ་ལས་དྲངས་པར་ཤས་ཆེ་ཞིང་། དེ་ལ་ངག་ཐོག་གི་ཁེད་ཚིག་རྣལ་མའི་ཁྱད་ཆོས་དེ་མི་ལྡན་ནོ།།

སྲོག[རྩོམ་སྒྲིག]

ཁེད་ཚིག་གི་བརྗོད་བྱའི་དོན་ནམ་སྲོག་ནི་བཀོད་འབྲིའི་ཡུལ་དུ་རུང་བའམ་སྣང་ངོ་ན་དངོས་པོ་གཟུགས་ཅན་པའི་ཚུལ་དུ་འཆར་རུང་ཡིན་པའི་རིགས་ཏེ། དེ་ལ་ཡང་ངོ་བོའི་ཐད་ནས་བེམ་པོ་དང་ལྡན་མིན་འདུ་བྱེད་ཀྱི་རིགས་ཡིན་ཞིང་། བེམ་པོ་ལས་གཟུགས་ཀྱི་སྐྱེ་མཆེད་ཀྱི་རིགས་ཤས་ཆེ་ཞིང་། ལྡན་མིན་འདུ་བྱེད་ལས་གཙོ་བོ་དངོས་པོ་གང་དག་གི་འབྲེལ་བ་གྲུབ་པའི་ཚུལ་དང་འགུལ་སྐྱོད་ལྟ་བུ་སོགས་ཡིན་ཏེ། རང་བྱུང་གི་དངོས་པོ་དང་། སྐྱེ་དངོས་ཀྱི་རིགས། འཚོ་བའི་ཡོ་བྱད། བྱ་བ་འགུལ་སྐྱོད་སོགས་ཀྱིད་བྱ་དངོས་ཀྱི་རིགས་ཡིན། བརྗོད་བྱའམ་ཁེད་ཀྱི་ཁེད་བྱའི་ནང་དོན་ལ་བོད་ཀྱི་ས་ཁམས་དུས་ཁམས་སེམས་ཁམས་ཤིག་གི་ནང་གཏོགས་སུ་སོང་ཞིང་གོམས་པ་རྙིང་འདྲེས་སུ་སོང་བའི་དངོས་པོའི་རིགས་ཡིན་ཕྱིར། དོན་དེ་དག་ལ་གབ་ཚིག་སྐབས་ཀྱི་དངོས་པོ་གསར་བྱུང་ངམ་དོན་གནས་སྐབས་པ་ཞིག་གབ་བྱར་བྱས་པའི་དོན་དང་མི་འདྲ་བ་སོགས་ཀྱི་ཁྱད་པར་ཡོད།

ཁེད་བྱ་བེམ་པོའི་དོན་ཅན།[རྩོམ་སྒྲིག]

དེ་ལ་ཡང་ཁེད་བྱའི་བེམ་པོ་རྐྱང་འདུས་གང་ཡིན་གྱི་ཐད་ནས། བེམ་པོ་རྐྱང་བ་གང་ཞིག་བརྗོད་བྱའམ་ཁེད་བྱར་བཀོད་པའི་དོན་ཅན་ལ། དཔེར་ན། བལྟས་ན་མེད་ཀྱང་རེག་ན་ཡོད། (ཤེལ) ཅེས་པ་ལྟ་བུ་དང་། བེམ་པོ་འདུས་མ་ཞིག་བརྗོད་བྱའམ་ཁེད་བྱར་བཀོད་པའི་དོན་ཅན་ལ། དཔེར་ན། ཀོ་བའི་གཞུ་ཞིག དུང་གི་མདའ་ཞིག ཤིང་གི་འབེན་ཞིག (འོ་མ་བཞོས་པ་ཟོ་བའི་ནང་དུ་བབས་པ) ཞེས་པ་ལྟ་བུའོ། །

ཁེད་རྒྱུ་བྱ་བའི་དོན་ཅན།[རྩོམ་སྒྲིག]

རིགས་འདི་དངོས་པོའི་ངོ་བོའི་ཐོག་ནས་ལྡན་མིན་འདུ་བྱེད་ཀྱི་ཁོངས་སུ་འགྲོ་བའི་བྱ་འགུལ་གྱི་རྒྱུན་ཞིག་བརྗོད་བྱའམ་ཁེད་བྱར་བཀོད་པ་ལ། དཔེར་ན། མི་བཅུས་མི་ལྔ་ཁུང་ལ་བཅུག ཁུང་ཁར་སྐུད་པའི་ཐིག་ཅིག་བརྒྱབ། ( ལྷམ་གོན་པ) ཕ་ཀོ་ཞྭ་ཅན། བུ་ཕྱིང་ཞྭ་ཅན། བུས་ཕར་བརྡུང་། ཕས་འུར་བརྒྱབ། (རྔ་བརྡུང་བ) བྲག་དམར་སྐེད་ནས་ར་མ་སྔོན་མོ་རྒྱ་འདུག་བྱས་ནས། རེའུ་སྔོན་མོ་ལ་ནུ་མ་ལྡུད་ཀི (ལྡེ་མིག་གིས་ཟ་ཕྱེ་བ)།ཞེས་པ་ལྟ་བུའོ། །

་རྒྱུ་གྲངས་འདྲེན་གྱི་དངོས་པོ།[རྩོམ་སྒྲིག]

དེ་ནི་བེམ་པོའམ་བེམ་ཤེས་འདུས་མ་ལྡན་མིན་འདུ་བྱེད་གང་ཟག་ལྟ་བུ་སོགས་དངོས་པོའི་བྱེ་བྲག་འདུས་མ་ཅན་གྱི་ཁེད་བྱ་གྲངས་ཚད་ལ་གནས་པ་ཞིག་བརྗོད་བྱའི་སྲོག་ཡིན། དཔེར་ན། རྨུག་པ་ཅན་གྱི་ཤ་གཟན་གསུམ། ཨ་འདྲ་འདྲ་བཞི། བརྡ་ཡང་བརྡ་ལྔ། ཨ་ཀྲབ་ཀྲབ་དྲུག ཨ་མཚར་མཚར་དགུ། ཨ་བཅུ་ཆ་བཅུ་ཞེས་པ་སོགས་ལྟ་བུའོ། །

རྒྱན།[རྩོམ་སྒྲིག]

ཁེད་ཚིག་ནི་ཁེད་ཚིག་ཡིན་གྱི་སྤྱིར་བཏང་གི་ཚིག་མ་ཡིན་པའི་གནད་ཐུག་ས་ནི། ཁེད་ཚིག་གི་རང་གཤིས་ཏེ། ཁེད་བྱའི་དོན་དེ་ཐད་བརྗོད་མ་བྱས་པར་ཁ་གཞན་དུ་བསྒྱུར་བའི་བརྗོད་སྲོལ་སྣ་ཚོགས་དེ་ཡིན་ལ། དེ་ནི་ཁེད་སྒེར་དབང་དུ་ཡོད་པའི་ཚིག་ཐབས་ཤིག་ཡིན། དེ་ནི་ཁེད་ཚིག་གི་སྒྱུ་རྩལ་གྱི་རང་གཤིས་འདོན་བྱེད་ཀྱང་ཡིན། སྒྱུ་རྩལ་གྱི་རང་གཤིས་འདོན་པའི་ཚིག་ཐབས་དེ་དག་ནི་ཁེད་ཚིག་གི་ཚིག་རྒྱན་ཡིན་ནོ། །

གཞི་གསང་ཆོས་སྨོས་ཀྱི་ཚིག་རྒྱན།[རྩོམ་སྒྲིག]

ཚིག་གི་བརྗོད་སྲོལ་ཁ་གཞན་དུ་སྒྱུར་བྱེད་ཀྱི་མན་ངག་གམ་ཚིག་ཐབས་ནི་ཁེད་བྱའི་དངོས་པོ་དེའི་རིགས་དང་བྱ་བ་ཡོན་ཏན་རྫས་སོགས་ཀྱི་ཁྱད་གང་རུང་ཞིག་ཇི་བཞིན་དུ་བརྗོད་ཀྱང་ཁྱད་པར་དེ་ལྡན་གྱི་ལྟོས་གཞི་སྟེ་ཁེད་བྱའི་དངོས་པོའི་མིང་ནི་མ་སྨོས་པའི་རྗོད་སྟངས་ཤིག་སྟེ། ཁེད་བྱའི་དངོས་པོའི་ཆོས་སྨོས་ཀྱང་ཆོས་དེ་ལྡན་གྱི་ཁེད་བྱའི་ལྟོས་གཞི་མ་སྨོས་པས་རྗོད་སྟངས་ལ་དྲང་འཁྱོག་གཉིས་འདྲེས་ཡོད་པ་ཞིག་གོ ། དཔེར་ན། བལྟས་ན་མེད་ཀྱང་རེག་ན་ཡོད།(ཤེལ) ནག་པོ་ཁ་གདངས་གདངས་མིག་ཚུམས། དམར་པོ་སྤུ་མེད་བཅུག་ཅིང་ཕྱུང་།(མགར་བའི་སྐམ་པ) ཞེས་པ་ལྟ་བུ་དང་། བཟུང་ན་སྤར་མོ་གང་། བཏང་ན་ཁང་བ་གང་།(སྒྲོན་མེ) དྲང་བོ་ཐེམ་རིས་ཝ་བ་ཆེ(འདེགས་བྱེད་སྲང་)ཞེ་པ་ལྟ་བུའོ། །

སྒྲོ་འདོགས་འཁྱོག་བརྗོད།[རྩོམ་སྒྲིག]

འདི་ནི་ཁེད་བྱའི་དངོས་པོ་ཞིག་གི་ཁེད་བྱེད་དུ་དངོས་པོ་འདྲ་བཞག་གཞན་ཞིག་བརྗོད་ཡོད་ཀྱང་། འདྲ་བཞག་གམ་ཁེད་བྱེད་དུ་བཀོད་པའི་དངོས་པོ་དེ་དོན་ཡོད་དཀོན་པ་ཞིག་ཡིན་པས་ན། དེ་ལ་འུད་སྒྲོག་གམ་སྒྲོ་འདོགས་བྱས་པའི་ཁྱད་ཆོས་ཡོད་དེ། དཔེར་ན། ཤ་ཡི་ཀ་བ་བཞི་ལ་ཀོ་ཡི་ཀ་རྡོ་བཞི། (རྔ་མོང་གི་སུག་བཞི) རུས་པའི་ལ་ཞིག་ནས། བྱེ་མའི་ཐང་ཞིག འཚུབ་མས་ཁུར་ཐལ། (སྣ་ཐ་འཐེན་པ) འཁོར་ལོ་དྲུག་བརྩེགས་དུང་གི་སྲོག་ཐུར་ཅན།(སྐེ་ཚིགས) ཞེས་པ་ལྟ་བུའོ། །

དཔེ་འགོད་འཁྱོག་བརྗོད།[རྩོམ་སྒྲིག]

དེ་ནི་ཁེད་བྱའི་དངོས་པོའི་ཁྱད་པར་དག་དཔེ་ཅན་གྱི་ཚུལ་དང་། དེར་མཚུངས་གསལ་གྱི་སྒྲ་དང་བཅས་པའི་སྒོ་ནས་མཚུངས་དཔེ་རེ་བཀོད་ཡོད་པའི་ཁེད་ཚིག་ཅིག་ཡིན། དཔེར་ན། མ་སྐྱེས་མ་མོའི་སྙིང་འདྲ་འདྲ། སྐྱེས་ན་ཤྭ་བའི་རྭ་འདྲ་འདྲ། (ལྕུམ)ཞེས་པ་ལྟ་བུའོ། །

རབ་རྟོག་འཁྱོག་བརྗོད།[རྩོམ་སྒྲིག]

འདིའི་བརྗོད་སྲོལ་ཁ་གཞན་དུ་སྒྱུར་བྱེད་ཀྱི་ཚིག་ཐབས་ནི། ཁེད་གཞི་དྲང་བརྗོད་མ་བྱས་པར་རབ་རྟོག་གིས་རྣམ་པ་གཞན་དུ་བཏགས་བརྗོད་བྱེད་པ་ཞིག་སྟེ། རབ་ཏུ་རྟོག་སྟངས་ནི་སེམས་མེད་ཀྱི་དངོས་པོ་ཞིག་གི་རྣམ་པའམ་གནས་སྐབས་ཤིག་སེམས་ལྡན་ཞིག་གི་རྣམ་པའམ་གནས་སྐབས་ཤིག་ལ་རབ་རྟོག་བྱེད་པ་དང་། སེམས་ལྡན་གྱི་དངོས་པོ་ཞིག་གི་རྣམ་པའམ་གནས་སྐབས་ཤིག་སེམས་མེད་ཅིག་གི་རྣམ་པའམ་གནས་སྐབས་ཤིག་ལ་རབ་རྟོག་བྱེད་པ་ཡིན། དཔེར་ན། མ་སེམས་ཅན་ལྷ་ཉལ་ཀླུ་ཉལ། འདྲེ་ཨ་རུ་ཅོག་ལ་ཉལ་རྒྱུ་མེད།(ནོར་གྱི་རྭ་ཅོ) ཨ་ཐང་ཐང་གི་དཀྱིལ་ན། མུ་ཏིག་ཤེལ་གྱི་ཕྲེང་བ་ཞིག རིག་མཁན་ཡོད་ཀྱང་ལེན་མཁན་ཉུང་། ( སྦྲུལ) མི་དམར་པོ་རུས་པའི་ཞྭ་ཅན། (མཛུབ་མོ) དམར་རིལ་ཤི་སོང་། ནག་རིལ་སླེབས་སོང་། པགས་རྩག་གྱོན་མཁན། མགྱོགས་པོར་ཤོག་དང་། (སྦུད་པ) མགོ་ཨ་ར་ར། སྐེ་ཨ་ཚ་ཚ། རྐང་ཨ་ཆུ་ཆུ། (ས་ལ་བརྡབ་པའི་ཕུར་བ) ཞེས་པ་ལྟ་བུ།

སྙོན་འཛུགས་འཁྱོག་བརྗོད།[རྩོམ་སྒྲིག]

འདིའི་དོན་ནི་མ་ཡིན་མ་ཡོད་མ་བྱས་པ་ཞིག་ཡིན་པ་ཡོད་པ་བྱས་པ་ལྟ་བུར་བསྙོན་ཏེ་རྗོད་པའི་ཁེད་ཚིག་གི་རིགས་ཏེ། དཔེར་ན། གྱོན་མ་ཤེས་སློག་པ་ཕྱིར་སློག་བྱས། འདོགས་མ་ཤེས་བྱུ་རུ་སྣ་མགོར་བཏགས།(འབུ་ཐུལ་བ) རྐང་ལ་བུ་ལྭའི་ལྷམ་ཞིག་གྱོན། ངོ་ན་དུང་གི་ཐེལ་ཞིག་ཡོད། རྒྱབ་ན་གཤིག་རྗེ་ཁྲམ་ཞིག་ཡོད།(ཕུག་རོན) ཞེས་པ་ལྟ་བུ། (6) ཆོས་ལྡན་གྲངས་བརྗོད་ཀྱི་ཚིག་རྒྱན། འདིའི་ཚིག་གི་རྗོད་ཟོལ་ཁ་གཞན་དུ་སྒྱུར་བྱེད་ཀྱི་ཚིག་ཐབས་ནི། ཁེད་བྱ་དག་གི་ཁྱད་ཆོས་སྨོས་ཏེ། ཁྱད་ཆོས་དེ་ལྡན་གྱི་དངོས་པོའི་གྲངས་ཀ་དང་བཅས་ཏེ་བརྗོད་ཀྱང་གྲངས་སུ་འདྲེན་རྒྱུའི་ཁེད་བྱ་དག་གི་མིང་སྨོས་མེད་པའི་རིགས་ཤིག་སྟེ། དཔེར་ན། རྨུག་པ་ཅན་གྱི་ཤ་གཟན་གསུམ། (ཁེད་ལན་ནི། སྟོན་ཀའི་ཤྭ་བོས་སྦལ་ཤ་ཟ། མཛོ་མོ་སྔོ་མོས་རང་ཤ་ཟ། མ་མོ་སྨུག་མོས་སྐྱ་ལེབ་ཟ) ཞེས་པ་ལྟ་བུ།