ཁང་ནེ་དགོན་པའི་ལོ་རྒྱུས།
༄༅།།ནང་ཆེན་སྐྱོ་བྲག་ཁང་ནེ་དགོན་མདོ་སྔགས་ཉིན་བྱེད་གླིང་ཡན་ལག་དང་བཅས་པའི་ལོ་རྒྱུས་སྙིང་པོར་དྲིལ་བ་ཨུཏྤལ་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་ཤཱཀྱ་མུ་ནི་ཡེ། བདེ་ཆེན་ལྷན་ཅིག་སྐྱེས་དགའི་རང་བཞིན་ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་། ། དབང་བཅུ་བརྙེས་པ་རྒྱལ་བའི་མྱུ་གུ་རིགས་གསུམ་མགོན་སོགས་སྲིད་ཞིའི་གཉེན། ། གཅིག་འདུས་མཉམ་མེད་མར་མི་དྭགས་དང་འབའ་རོམ་བཀའ་བརྒྱུད་གསེར་རིའི་ཕྲེང་།། ཁྱད་པར་ཆོས་རྗེ་བསྟན་འཛིན་ཕུན་ཚོགས་སྲས་དང་བཅས་ལ་གུས་ཕྱག་འཚལ།། གངས་ལྗོངས་མདོ་སྟོད་ས་ཡི་ཐིག་ལེར་ཐུབ་པའི་བསྟན།། སྤོང་ཀློག་ལས་ཀྱི་འཁོར་ལོའི་འགྲོས་ལྡན་ཆོས་ཀྱི་གྲྭ།། སྐྱོ་བྲག་གནས་ཀྱི་ཕང་པར་འཁྱུད་པ་ཁང་ནེ་དགོན།། སྔོན་རབས་རྣལ་མའི་ལོ་རྒྱུས་སྙིང་པོར་བསྡུས་ཏེ་འགོད། །
ལོ་རྒྱུས།
[རྩོམ་སྒྲིག]༈ དེ་ཡང་རྒྱལ་བས་མདོ་སྡེ་དུ་མ་ནས་ལུང་གིས་བསྔགས་ཤིང་དོན་བརྒྱུད་བསྟན་པའི་ཤིང་རྟར་གྱུར་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༧མཉམ་མེད་སྒམ་པོ་པའི་ཐུགས་སྲས་བརྒྱུད་འཛིན་ཆེ་བཞིའི་ཡ་གྱལ་༧དཔལ་རྒྱལ་བ་འབའ་རོམ་པ་ཆེན་པོོ་དར་མ་དབང་ཕྱུག་ཅེས་སུ་གྲགས་པ་བརྒྱུད་པར་བཅས་པའི་རྣམ་དཀར་ཕྲིན་ལས་ཀྱི་རིང་སྲོལ་དྲི་མེད་འཛིན་པའི་ཆོས་སྡེ་ནང་ཆེན་སྐྱོ་བྲག་ཁང་ནེ་དགོན་ཡན་ལག་དང་བཅས་པའི་ལོ་རྒྱུས་རགས་ཙམ་འགོད་པ་ལ། ༡༽ དགོན་གཞི་གང་ལ་ཆགས་པའི་གནས་ཀྱི་ཆེ་བ་མདོར་བསྟན་པ། ༢༽ གང་གིས་ཕྱག་བཏབ་པའི་སྤྲུལ་བརྒྱུད་ན་རིམ་གྱི་མཛད་བསྡུས་ཆེ་ལོང་དུ་སྨོས་པ། ༣༽ གནའ་དེང་གི་དགོན་པའི་ཁོར་ཡུག་ཕྱོགས་ཙམ་གླེང་བ་སྟེ་གསུམ་ལས།
༈ དོན་དང་པོ་ནི།
[རྩོམ་སྒྲིག]རྗེ་འགྲོ་བའི་མགོན་པོ་འབའ་རོམ་པ་ཆེན་པོའི་བརྒྱུད་འཛིན་ཐུགས་ཀྱི་སྲས་མཆོག་ཕྲིན་ལས་འགྲན་ཟླ་དང་བྲལ་བ་༧ཏི་ཤྲི་ཤེས་རབ་སེང་གེ་ལ་བླ་མ་དང་ཡི་དམ་གྱིས་ལུང་བསྟན་པ་བཞིན་གནས་འདིར་ཕེབས་ནས་སྒོ་དབྱེ་བའི་རྟེན་འབྲེལ་མངོན་དུ་མཛད་སྐབས་ཉམས་གཟིགས་དག་སྣང་ཡེ་ཤེས་མཁའ་འགྲོའི་གླུ་འདི་ལྟར་གསན་པ་སྟེ། དཔལ་ཤཱཀ་ཐུབ་ཀྱི་ཐུགས་རྗེས་བྱིན་བརླབས་ཤིང་། །མགོན་སྤྱན་རས་གཟིགས་ཀྱིས་ཐུགས་རྗེ་སྤྲོས། །རྗེ་པད་འབྱུང་ཆེན་པོས་ཞབས་ཀྱིས་བཅགས། །སེམས་སྐྱོ་བའི་བྲག་རི་དཀར་པོ་འདི། །གནས་སེང་གེ་གནམ་མཆོོང་མཚན་གསོལ་ནས། །ཡུལ་སྤྱི་འབྱམས་ཟུང་འབྲེལ་གནས་མཆོག་འདི། །བྲག་དཀར་གསལ་དར་དཀར་ཡོལ་བྲིས་འདྲ། །ཞེས་དང་། གནས་ས་སྤྱོད་དག་པ་མཁའ་སྤྱོད་གནས། །སྐུ་ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །ཕ་རྩ་གསུམ་འཇའ་བཞིན་འཁྲིགས་པའི་ལྗོངས། །མ་མཁའ་འགྲོ་སྤྲིན་ལྟར་འདུ་བའི་གནས། །མགོན་ཆོས་སྐྱོང་ཁྲོམ་ལྟར་འཚོགས་པའི་གུར། །བྲན་སྡེ་བརྒྱད་རྡུལ་བཞིན་འཚུབས་པའི་མཁར། །མི་ལས་དག་ངོ་མཚར་སྐྱེ་བའི་གནས། །བུ་དད་ལྡན་ཉམས་རྟོགས་འཁྲུངས་པའི་ཡུལ། །དཔལ་ཕུན་ཚོགས་ལྔ་ལྡན་རྒྱལ་བའི་ཞིང་། །ཞེས་དང་། ཤར་རི་བོ་ཏ་ལའི་ཕོ་བྲང་དང་། །ལྷོ་དཔལ་གྱི་རི་དང་ཙཱ་རི་ཏྲ། །ནུབ་གངས་དཀར་ཏི་སེའི་གནས་མཆོག་དང་། །བྱང་ལ་ཕྱི་ཆུ་དབར་དགོན་གནས་དང་། །དོན་ཁྱད་པར་མེད་པ་ངོ་བོ་གཅིག །ཅེས་སོགས་དང་། ཁྱད་པར་གནས་འདིའི་ཕྱི་ནང་གསང་གསུམ་ཡི་དམ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གསལ་ལ་རྫོགས་པའི་བཀོད་པ་མངོན་སུམ་དུ་གཟིགས་པས་མཚོན་དག་སྣང་འབྱམས་སུ་ཀླས་ཤིང་། གནས་འདིར་ཕྱག་མཆོད་རྐང་བསྐོར་གྱིས་འབྲེལ་ཚད་ངན་འགྲོའི་དུཿ ཁ་ཁེགས་པ་དང་། སྒྲུབ་པ་པོ་རྣམས་གྲུབ་གཉིས་དབང་དུ་འབྱོར་བའི་བསྟི་གནས་སུ་བྱིན་གྱིས་བརླབས་ཏེ། མ་འོངས་པའི་དུས་ན་བསྟན་དང་བསྟན་འཛིན་དར་རྒྱས་སུ་འབྱུང་བའི་ལུང་བསྟན་སོགས་མཛད་དོ། །དུས་ཕྱིས་ཡོངས་དགེ་མི་འགྱུར་རྡོ་རྗེ། མཁས་གྲུབ་ཀརྨ་ཆགས་མེེད། རིག་འཛིན་ཆོས་རྒྱལ་རྡོ་རྗེ། གཏེར་ཆེན་འབར་བའི་རྡོ་རྗེ་སོགས་ཚད་མའི་སྐྱེས་བུ་དུ་མས་གནས་འདིའི་ཕྱི་ནང་གསང་བའི་ཆེ་བ་དང་རང་བྱོན་གྱི་བཀོད་པ་ཕྲ་ཞིབ་གསུངས་པ་ཐམས་ཅད་དོན་ལ་གནས་ཤིང་རྟོགས་པར་འདོད་ན་སྐྱོ་བྲག་གནས་ཀྱི་དཀར་ཆག་ལས་ཤེས་པར་བྱའོ། ། དོན་བསྡུ་ན་ཨོ་རྒྱན་སངས་རྒྱས་གཉིས་པ་གུ་རུ་པདྨ་འབྱུང་གནས་ཀྱིས་བསིལ་ལྡན་ཁ་བའི་ལྗོངས་འདི་གདུལ་བྱའི་ཞིང་དུ་དགོངས་ཏེ་རྗེས་ཆགས་སྤྲུལ་པའི་རྣམ་རོལ་ཅི་ཡང་བསྟན་པའི་སྐབས་སྒྲུབ་གནས་མཛད་དེ་གུ་རུ་དྲག་པོ་རིགས་ལྔ་དང་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ནས་ཁམས་ཕྱོགས་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས་ཤིང་ཐ་ཚིག་བསྒྲགས་པའི་ཀེའུ་ཚང་། དཔལ་ཆེན་དྲ་བ་སྡོམ་པའི་གནས་མཆོག་ཁམས་ཀྱི་སེང་ཧ་རྫོང་ཞེས་སུ་གྲགས་པ། མཉམ་མེད་འབའ་རོམ་པ་དང་འགྲོ་མགོན་ཏི་ཤྲི་རས་ཆེན་ཡབ་སྲས་ནས་བཟུང་རླངས་རས་གྲགས་པ་རྒྱལ་མཚན་བར་གྱི་གྲུབ་བརྙེས་སྤྱི་དང་། ཁྱད་པར་སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོ་ནས་ཆོས་རྗེ་འཕུར་ཤེས་བཅུ་གསུམ་དུ་གྲགས་པ་ཡུལ་དུས་ཆོས་བརྒྱུད་གཅིག་ལ་བྱོན་པས་མཚོན་འཇིགས་མེད་བརྟུལ་ཞུགས་གྲུབ་པའི་རིག་འཛིན་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེའི་ས་མཆོག་བགྲོད་པ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གདན་ས། ངོ་མཚར་རང་བྱོན་གྱི་བཀོད་པ་བརྗོད་པར་མི་ལོང་བ་ལྟ་བུས་ཁེངས་ཤིང་། ཉམས་རྟོགས་ཡོན་ཏན་གྱི་རྩལ་ཁ་རང་ཤུགས་ཀྱིས་རྫོགས་པས་མཁས་བཙུན་གྲུབ་པའི་ཁྱུ་ཚོགས་སྤྲིན་བཞིན་དུ་འདུ་བའི་སྤོ། ལྷོ་ཟླ་དལ་འབབ་ཀྱི་ཀླུང་འགྲམ། ཆོས་འབྱོར་དབེན་པའི་ཡོན་ཏན་མ་ཚང་བ་མེད་པ། ས་སྤྱོད་སྐུ་ཡི་འཁོར་ལོ། ཡོངས་སུ་གྲགས་པའི་མཚན་ཁམས་ཀྱི་སེང་གེ་རྫོང་ངམ། སྐྱོ་བྲག་གནས་རྒན་མ་ཞེས་འབོད་པའི་ཤར་ངོགས་བདེ་མཆོག་ལྷ་རྩེའི་རི་ཞོལ་དངོས་ནི་རྩ་བའི་དགོན་གཞི་གང་ལ་ཆགས་པའི་གནས་ཏེ་མདོར་བསྟན་པའོ། །
༈ དོན་གཉིས་པ་ལ། སྔར་བྱུང་དང་། ད་ལྟ་བ་གཉིས་ལས།
དང་པོ་བསྟན་བདག་༧སྐྱབས་རྗེ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེ་སྔར་བྱོན་སྐུ་ཕྲེང་བདུན་གྱི་མཛད་བསྡུས་རིམ་བཞིན་འབྲི་བ་ལ།
༈སྐུ་ཕྲེང་དང་པོ་ཆོས་རྗེ་བསྟན་འཛིན་ཕུན་ཚོགས་ནི།
[རྩོམ་སྒྲིག]སྤྲུལ་གཞི་འཕགས་པ་སྤྱན་རས་གཟིགས་དང་། ཕ་གཅིག་དམ་པ་སངས་རྒྱས་ཀྱི་རྣམ་འཕྲུལ་རྩོད་མེད་དུ་༧རྒྱལ་དབང་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ་དང་། གཏེར་ཆེན་རཏྣ་གླིང་པ་སོགས་མཆོག་གཟིགས་སྐྱེས་ཆེན་དུ་མས་ཡང་ཡང་བསྔགས་ཤིང་། ཁྱད་པར་དུ་འགྲོ་མགོན་ཏི་ཤྲི་རས་པའི་རྡོ་རྗེའི་ལུང་བྱང་ལས། ཀརྨ་ཆོས་དང་ཕུན་ཚོགས་མིང་། །ཞེས་པའི་མཚན་སྔ་ཕྱི་གཉིས་ཆར་ཐོག་ཏུ་ཁེལ་བ་སྟེ། རཏ་གླིང་ཡང་གསང་གནད་ལྡེ་ལས། འདི་ནས་བྱང་ཤར་ཁམས་ཕྱོགས་སྒོམ་སྡེ་ཞེས། །སོགས་ནས། བསྟན་འཛིན་བཟང་པོ་ཞེས་བྱར་སྤྲུལ་བསྒྱུར་རོལ། །ཞེས་དང་། སྐྱེས་བུ་དེ་བྱོན་བསྟན་འཛིན་ཕུན་ཚོགས་འབྱུང་། །སྒྲུབ་པ་ཡུན་དུ་འཛུགས་པས་བསྟན་དོན་འགྲུབ། །ཅེས་རྗེ་བསྟན་འཛིན་བཟང་པོ་དང་དུས་མཉམ་དུ་འབྱུང་བར་གསུངས་པ་ལྟར་རླངས་རས་གྲགས་པ་རྒྱལ་མཚན་གྱི་དབོན་རིགས་སུ་དུས་རབས་བཅུ་བཞི་པའི་དཀྱིལ་སྨད་དེ་རབ་བྱུང་བརྒྱད་པའི་ལྕགས་སྦྲུལ་སྤྱི་ལོ་༡༤༦༡ལོར་འཁྲུངས། མཚན་ཀརྨ་ཆོས་སྐྱོང་དུ་འབོད། ཆུང་ངུ་ནས་དམ་པའི་རང་རྟགས་ཤུགས་འབྱུང་དུ་མངའ། ཁུ་བོ་སྐྱོ་བྲག་བསྟན་འཛིན་བཟང་པོ་ལས་འབའ་རོམ་རང་ལུགས་ཀྱི་ཆོས་སྐོར་མཐའ་དག་རྫོགས་པར་གསན་ཅིང་ཉམས་བཞེས་མཛད་པས་རྟོགས་པའི་རྩལ་འབྱོངས། རྒྱལ་མཆོག་ཀརྨ་བདུན་པ་ཆོས་གྲགས་རྒྱ་མཚོའི་ཞལ་སྔ་ནས་སྨིན་གྲོལ་མང་དུ་མནོས་ཤིང་ས་ཐོབ་ཀྱི་སེམས་དཔར་བསྔགས། རབ་བསྙེན་མཛད་པས་མཚན་ཆོས་རྗེ་བསྟན་འཛིན་ཕུན་ཚོགས་སུ་གསོལ། སྐྱོ་བྲག་སོགས་དབེན་ཁྲོད་ངེས་མེད་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་གྲུབ་པའི་གོ་འཕང་བརྙེས་པས་དུས་གསུམ་ཐོགས་མེད་དུ་མཁྱེན་པ་དང་། བྲག་རྡོ་ལ་ཕྱག་ཞབས་ཀྱི་རྗེས་མང་དུ་བྱོན་པ། རྩ་གསུམ་གྱི་ལྷ་ཞལ་གྲངས་མེད་གཟིགས་པ། སྐལ་ལྡན་རྣམས་ཀྱི་སྣང་ངོར་ནམ་མཁར་འཕུར་བ་དང་། ཆུ་ལ་མི་བྱིང་བ་སོགས་རྫུ་འཕྲུལ་སྣ་ཚོགས་བསྟན་པ་དབང་པོའི་མངོན་སུམ་དུ་གྱུར་པས་སྐྱེ་བོ་ཀུན་ལ་རླངས་རྟོགས་རྒོད་མ་ཞེས་ཡོངས་སུ་གྲགས། གཏེར་ཆེན་རཏྣ་གླིང་པས་རང་གཏེར་ཐུགས་ཆེན་གསང་བ་འདུས་པའི་ཆོས་བདག་ཏུ་མངའ་གསོལ། ཐུགས་བསྐྱེད་དུས་སུ་སད་པའི་རྟེན་འབྱུང་གིས་མཛད་ཕྲིན་གྱི་སྒོ་འཕར་བྱེ། དེར་བརྟེན་གནས་མཆོག་སྐྱོ་ཉིན་ཕུག་ཏུ་བཞུགས་ཏེ་སྒྲུབ་པ་དང་ཚོགས་པ་སྐྱོང་བ་ཟུང་འབྲེལ་མཛད་པས་འཁོར་སློབ་བརྒྱ་ཕྲག་དུ་མ་འདུས་པ་ལ་སྨིན་གྲོལ་གདམས་པའི་བདུད་རྩི་བར་མེད་དུ་བསྩལ་ནས་ཉམས་ལེན་ལ་བསྐུལ་བས་རྟོགས་ལྡན་རྣལ་འབྱོར་པའི་ཚང་རྡོལ། ཚེས་བཅུའི་དུས་མཆོད་སོགས་གཡོན་ཕྱོགས་ཀྱི་ཕུག་ཆེན་ནང་དུ་འཚོགས་པས་ཕུག་དགོན་ངེས་དོན་ཆོས་གླིང་ཞེས་པ་དེ་བྱུང་། དེ་ནས་དགུང་གྲངས་ཞེ་ལྔར་སོན་པ་རབ་བྱུང་བརྒྱད་པའི་ཤིང་གླང་སྤྱི་ལོ་༡༥༠༥ལོར་སྐྱོ་བྲག་གནས་རྒན་མའི་ཤར་ངོགས་བདེ་མཆོག་ལྷ་རྩེའི་ཞོལ་དུ་གདན་ས་མདོ་སྔགས་ཉིན་བྱེད་གླིང་རྟེན་དང་བརྟེན་པར་བཅས་པ་ཕྱག་བཏབ། ཐུགས་ཆེན་གསང་བ་འདུས་པའི་སྒྲུབ་སྡེ་རྒྱུན་འཛུགས་དང་། འབའ་རོམ་དོན་བརྒྱུད་ཀྱི་བཀའ་སྲོལ་ལ་ཐུགས་དམ་གྱི་མཐིལ་བགྱིས་ཤིང་ཐབས་གྲོལ་གྱི་གདམས་པས་གདུལ་བྱ་དཔག་མེད་བྱང་གྲོལ་ལ་བཀོད་པ་སྟེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། སྐུ་ཚེའི་སྨད་ཙམ་ལ་གནས་མཆོག་ཁྲ་ཡག་སྟག་རྩེའི་མདུན་ཞོལ་ན་རཏྣའི་ཕུར་པ་གཙོར་གྱུར་པའི་ཕྱག་རྫོགས་གཉིས་འབྲེལ་གྱི་སྒྲུབ་སྡེ་དཔལ་ཆེན་བདུད་འདུལ་གླིང་ཕྱག་བཏབ་པས་དུས་ཕྱིས་ཀྱི་བར་སྒྲུབ་པ་པོ་ཟམ་མ་ཆད་པར་བསྟི་བའི་གནས་སུ་གྱུར་ཏོ། །གོང་སྨོས་གཡས་གཡོན་དབུས་ཀྱི་སྒོམ་གྲྭས་མཚོན་པའི་སློབ་ཚོགས་ཡུན་དུ་བསྐྱངས་པས་རིམ་གཉིས་རྣལ་དུ་འབྱོར་བའི་བརྒྱུད་འཛིན་དུ་མ་བྱོན་པ་རྣམས་ཀྱིས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པའང་ཕྱོགས་མཚོན་ཙམ་མོ། །མཐར་བགྲང་བྱ་དོན་དྲུག་ཏུ་ཕེབས་པ་རབ་བྱུང་དགུ་པའི་མེ་སྤྲེལ་སྤྱི་ལོ་༡༥༣༦ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན་ཏོ། །
༈ རྗེ་དེ་ཡི་སྐུ་ཕྲེང་གཉིས་པ་ནི།
[རྩོམ་སྒྲིག]གདུང་ཁང་ནེ། རབ་བྱུང་དགུ་པའི་མེ་བྱ་སྤྱི་ལོ་༡༥༣༧ལོར་འཁྲུངས། རྗེ་བརྒྱད་པ་ཀརྨ་མི་བསྐྱོད་རྡོ་རྗེའི་སྤྱན་སྔར་རབ་ཏུ་བྱུང་བའི་མཚན་ཀརྨ་ཡེ་ཤེས་བཟང་པོར་གསོལ། རྒྱལ་དབང་མཆོག་གིས་གསོལ་ལྷུང་གནང་ནས་ཁྱེད་ཀྱིས་འདུལ་བསྟན་སྙིང་ནོར་དུ་འཆང་དགོས་ཞེས་པའི་བཀའ་སློབ་དང་། སྨིན་གྲོལ་མང་དུ་བསྩལ་བ་བཞིན་སྐུ་ཕྲེང་རིམ་བྱོན་ཐམས་ཅད་བསླབ་ཁྲིམས་ལ་གཅེས་སྤྲས་མཛད་པ་ཁོ་ན་བྱོན་པ་ཡིན། བཤད་སྒྲུབ་ཀྱི་བྱ་བས་དོན་གཉིས་ཀྱི་མཛད་པ་མཐར་སོན་ཏེ་རབ་བྱུང་བཅུ་པའི་ཤིང་སྟག་སྤྱི་ལོ་༡༦༡༤དགུང་གྲངས་དོན་བརྒྱད་ཐོག་སྐུ་ཡི་བཀོད་པ་བསྡུ་བར་མཛད་དོ།། འདི་ཕྱིན་དགོན་པའི་རྒྱུན་མིང་ཡང་བླ་མ་འདི་ཉིད་ཀྱིི་གདུང་རིགས་དང་མཐུན་པར་སྐྱོ་བྲག་ཁང་ནེ་དགོན་ཞེས་སྐྱེ་བོ་རྣམས་ཀྱི་ངག་རྒྱུན་དུ་གྲགས།
༈ སྐུ་ཕྲེང་གསུམ་པ་ནི།
[རྩོམ་སྒྲིག]གདུང་ལྷ་བཟོ། མཚན་བཟོད་པ་ཆོས་འབྱོར་རྒྱ་མཚོ། རབ་བྱུང་བཅུ་དྲུག་པའི་མེ་འབྲུག་སྤྱི་ལོ་༡༦༡༥ལོར་འཁྲུངས། མཐར་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་སྤྱི་ལོ་༡༦༨༢ལོར་དགུང་གྲངས་རེ་བརྒྱད་ཐོག་སློབ་ཚོགས་རྣམས་སྒྲུབ་པ་ལ་ནན་བསྐུལ་འདའ་ཁའི་ཞལ་གདམས་བཅས་གཤེགས་སོ། །
༈ སྐུ་ཕྲེང་བཞི་པ་ནི།
[རྩོམ་སྒྲིག]གདུང་ལ་སྒོ། མཚན་པདྨ་རྡོ་རྗེ། རབ་བྱུང་བཅུ་གཅིག་པའི་ཆུ་ཕག་སྤྱི་ལོ་༡༦༨༣ལོར་འཁྲུངས། བསྟན་འགྲོའི་དོན་ཆེས་ཆེར་མཛད་མཐར་དགུང་གྲངས་བརྒྱད་ཅུ་རྩ་ལྔར་སོན་པ་རབ་བྱུང་བཅུ་གསུམ་པའི་མེ་ཕག་སྤྱི་ལོ་༡༧༦༧ལ་ངོ་མཚར་བའི་ལྟས་དཔག་མེད་བཅས་ཞི་དབྱིངས་སུ་གཤེགས།
༈ སྐུ་ཕྲེང་ལྔ་པ་ནི།
[རྩོམ་སྒྲིག]གདུང་ཧོར། མཚན་བྱང་ཆུབ་རྡོ་རྗེ། རབ་བྱུང་བཅུ་གསུམ་པའི་ས་བྱི་སྤྱི་ལོ་༡༧༦༨ལོར་འཁྲུངས། སྒྲུབ་པ་འབའ་ཞིག་ལྷུར་བཞེས་གནང་སྟེ་སློབ་འབངས་རྣམས་བྱང་གྲོལ་ལ་སྦྱོར་བའི་མཛད་པས་སྐུ་ཚེ་མཐར་བསྐྱལ་ནས་རབ་བྱུང་བཅུ་བཞི་པའི་ཆུ་སྟག་སྤྱི་ལོ་༡༨༤༢དགུང་གྲངས་བདུན་ཅུ་རྩ་ལྔ་ལ་ཞི་བར་གཤེགས་སོ། །
༈ སྐུ་ཕྲེང་དྲུག་པ་ནི།
[རྩོམ་སྒྲིག]གདུང་སྒེ་རུ། མཚན་ཀརྨ་བདེ་ཆེན་ཆོས་ཀྱི་མགོན་པོ། རབ་བྱུང་བཅུ་བཞི་པའི་ཆུ་ཡོས་སྤྱི་ལོ་༡༨༤༣ལ་གཏེར་ཆེན་སྒེ་རུ་ཆོས་རྒྱལ་རྡོ་རྗེའི་སྲས་སུ་འཁྲུངས། སྐྱིད་སྡུག་རོ་སྙོམས་ཤིང་གང་བྱུང་ལམ་དུ་ཁྱེར་བའི་སྤྱོད་པས་གཞན་སྣང་དབང་དུ་འདུ་བ་སོགས་གྲུབ་པའི་མཛད་པ་བླ་ན་མེད་པས་བསྟན་འགྲོའི་དོན་རེ་ཞིག་གྲུབ་པའི་ཚུལ་གྱིས་རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་སྤྱི་ལོ་༡༩༢༡དགུང་གྲངས་དོན་དགུ་ལ་སྐུ་གཤེགས།
༈ སྐུ་ཕྲེང་བདུན་པ་ནི།
[རྩོམ་སྒྲིག]གདུང་འཁར་པ། མཚན་མདོ་སྔགས་བསྟན་པའི་ཉི་མ། ཡབ་འཁར་པ་ཕུན་ཆོས་དང་། ཡུམ་ཧོར་བཟའ་དགའ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་སྤྱི་ལོ་༡༩༣༢ལོར་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་སྤྲེལ་སྤྱི་ལོ་༡༩༦༨དགུང་གྲངས་སོ་བདུན་གྱི་སྐེག་ཤར་ལ་སྐུ་གཤེགས་པའི་ཚུལ་བསྟན་ཏོ། །
༈ གཉིས་པ་ད་ལྟ་བཞུགས་པའི་སྐུ་ཕྲེང་བརྒྱད་པ་མཆོག་ནི།
[རྩོམ་སྒྲིག]སྐྱོ་བྲག་ཆབ་བསྟི་ཞིང་སྐྱོང་དཀར་པོའི་ཞོལ། རྒྱ་དབུས་བར་གྱི་འགྲུལ་བཞུད་ཚོགས་སའི་མདོ། སྐྱོ་ནག་ཆོས་རྗེའི་སྒྲུབ་གནས་དང་ཁད་ཉེ་བའི་སར་ཡབ་རྒྱལ་མཚན་གྲགས་པ་དང་། ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ཁྱི་སྤྱི་ལོ་༡༩༧༠ལོའི་ཆུ་སྟོད་ཟླ་བའི་ཡར་ཚེས་བཅུ་ལ་འཁྲུངས། སྐུ་ན་ཆུང་ངུ་ནས་བྱམས་དང་སྙིང་རྗེ་ཆེ་བ་སོགས་དམ་པའི་རང་རྟགས་ཤུགས་འབྱུང་དུ་མངའ་བས་ཡུལ་མི་རྒྱུས་ཡོད་ཀུན་གྱིས་གཙུག་ཏུ་བཀུར། ལོ་ངོ་བརྒྱད་ནས་སྐྱོ་བྲག་ཡུལ་ཚོའི་སློབ་གྲྭར་ཞུགས། ཡི་གེ་འབྲི་ཀློག་ཚེགས་ཆེར་མ་དགོས་པར་མཁྱེན་པས་བློ་རྣོ་བའི་ཚད་དུ་འཇོག དགུང་གྲངས་བཅུ་གཅིག་ཐོག་༧སྐྱོ་བྲག་གསལ་བྱེད་རིན་པོ་ཆེའི་མདུན་སྐྱབས་སྡོམ་ཞུས་མིང་ཀརྨ་ཡོངས་གྲགས་སུ་གནང་ནས་ཐུགས་བརྩེས་རྗེས་སུ་བཟུང་སྟེ་སྔོན་འགྲོ་ཉམས་སུ་བསྟར་བ་སོགས་ཆོས་ལ་སློབ་གཉེར་གྱི་དབུ་ཟིན། དགུང་གྲངས་བཅུ་གསུམ་ཐོག་༧འཇམ་དབྱངས་བློ་གྲོས་རིན་ཆེན་གྱི་མདུན་ནས་འབའ་རོམ་ལུགས་ཀྱི་དབང་ལུང་བཞུགས་སོ་འཚལ་ལྷག་མེད་དུ་ཞུས། དགུང་གྲངས་བཅུ་བཞིའི་ཐོག་གངས་ལྗོངས་ཀྱི་མི་ལ་གཉིས་པར་གྲགས་པ་མདོ་སྨད་གྲུབ་བརྙེས་༧ཀརྨ་ནོར་བུའི་སྤྱན་སྔར་ཐེངས་གཉིས་མཇལ་ཏེ་རབ་བྱུང་གི་སྡོམ་པ་དང་། རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་། ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་སོགས་ཞུས་ནས་སྔོན་དངོས་ཀྱི་ཉམས་བཞེས་མཛད། བགྲང་བྱ་བཅོ་ལྔའི་ཐོག་མཁས་གྲུབ་ཀརྨ་ཚེ་བརྟན་དང་མཇལ་ཏེ་སྔ་ཕྱིར་སྡོམ་གསུམ་དང་བླ་མ་ཡང་ཏིག་སོགས་རྫོགས་ཆེན་གྱི་ཆོས་སྐོར་མང་དུ་ཞུས། དེ་མཚུངས་སུ་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་སྐྱོ་བྲག་ཁང་ནེ་བསྟན་འཛིན་ཕུན་ཚོགས་ཀྱི་སྐུ་སྐྱེར་ལུང་འཛིིན་ཚུལ་མཐུན་གནང་བའི་མཚན་༧ཀརྨ་ཀུན་ཁྱབ་དམ་ཆོས་བསྟན་འཛིན་དཔལ་བཟང་པོར་གསོལ། དགུང་ལོ་བཅུ་བདུན་ཐོག་ཟུར་མཁན་ཆེན་འཆི་མེད་རབ་བརྟན་སྐུ་མདུན་ནས་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་སོགས་གཞུང་རིག་ལ་གསན་སྦྱངས་མཛད། དགུང་ལོ་བཅུ་དགུ་ནས་སྐྱབས་རྗེ་གསལ་བྱེད་རིན་པོ་ཆེ་དང་ལྷན་དུ་རང་ཡུལ་གྱི་རི་ཁྲོད་རྣམས་སུ་སྒྲུབ་པ་མཛད། དགུང་ལོ་ཉེར་གཅིག་ནས་དཔལ་དྭགས་ལ་སྒམ་པོར་ལོ་གསུམ་ཕྱོགས་གསུམ་དུ་བཀའ་བརྒྱུད་རིན་པོ་ཆེའི་མནོག་ཆོས་ཐབས་གྲོལ་གྱི་གནད་ལ་རྡོ་རུས་འཕྲོད་པའི་ཉམས་བཞེས་ལྷུར་ལེན་མཛད་པས་བསྟན་འཛིན་གྱི་སྐྱེས་བུ་མཚན་དང་དོན་མཐུན་དུ་གྱུར། དགུང་ལོ་ཉེར་བཞིའི་ཐོག་འོག་མིན་མཚུར་ཕུའི་གདན་སར་༧རྒྱལ་མཆོག་བཅུ་བདུན་པ་ཆེན་པོ་ཁྲིར་ཕེབས་མངའ་གསོལ་གྱི་མཛད་སྒོ་དང་བསྟུན་༧བྱམས་མགོན་ཏཱ་ཡི་སི་ཏུ་བཅུ་གཉིས་པ་འཆི་མེད་པདྨ་དོན་ཡོད་གྲུབ་པའི་སྤྱན་སྔར་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས་ཏེ་རྒྱུན་མཁོའི་ཡོ་བྱད་འབྲལ་སྤོང་བགྱིད་པ་སོགས་བསླབ་པའི་གནས་ལ་གཅེས་སྤྲས་ཀྱི་ཀུན་སྤྱོད་ལྷུར་བླངས། སྤྱིར་དགུང་ལོ་བཅུ་གཅིག་ནས་ཉེར་ལྔའི་བར་རྩེ་གཅིག་ཏུ་ཐོས་བསམ་སྒོམ་གསུམ་ལྷུར་བཞེས་མཛད་ཅིང་དམ་པའི་ཡོན་ཏན་ཚད་དུ་སོན་པ་ན་ ༧ སྐྱབས་རྗེ་གསལ་བྱེད་རྡོ་རྗེ་འཆང་གིས་བྱ་བ་ལས་ཀྱི་འཁོར་ལོའི་ཐད་ཐུགས་གཟིགས་བདག་རྐྱེན་བླ་ལྷག་ཏུ་གནང་བ་དང་འབྲེལ་གཟོད་དགོན་གཞི་སྐྱོང་བའི་འགན་ཁུར་གནང་། དགུང་གྲངས་སུམ་ཅུར་སོན་པ་སྤྱི་ལོ༢༠༠༠/༡༠/༣༠ ཉིན་སྐྱོ་བྲག་གདན་སར་བསྟན་བདག་གསལ་བསྟན་རྣམ་གཉིས་དབུས་བཞུགས་སྡེ་དགོན་ཟུང་ནས་དུང་སྤྲུལ་རིན་པོ་ཆེ་དང་ལྷན་དུ་རྡོ་རྗེའི་ཁྲི་ལ་མངའ་གསོལ། འོན་ཀྱང་རྟག་པར་བཤད་སྒྲུབ་ལས་ཀྱི་འཁོར་ལོ་སྤེལ་བའི་མཛད་པ་ལྷུར་བཞེས་ཁོ་ན་མ་གཏོགས་ཅང་མེད་བཏང་སྙོམས་སུ་བཞུགས་པའི་སྐབས་མི་སྲིད་ཅེས་ཉེ་གནས་ཀྱི་ངག་སྒྲོས་དོན་ལ་གནས་ཏེ་བགྲང་བྱ་ནར་སོན་རིམ་བཞིན་གཙུག་ལག་ཟུང་ལ་མཁྱེན་རྒྱ་དང་མྱོང་རྟོགས་གཞན་མཚུངས་བྲལ་བའི་མཁས་བཙུན་བཟང་གསུམ་གྱི་མཛད་རྗེས་རྨ་མེད་མངའ་བ་འདིས་མཚོན་ནོ། །དེ་ལྟར་འཁོར་ལོའི་མགོན་པོ་༧སྐྱབས་རྗེ་སྐྱོ་བྲག་གསལ་བྱེད་རིན་པོ་ཆེས་གཙོ་མཛད་པའི་མཁས་གྲུབ་གོང་སྨོས་རྣམས་དང་། གཞན་ཡང་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རྒྱལ་བ་ཡབ་སྲས། མཁས་དབང་ཁྲོ་རུ་ཚེ་རྣམ། རྗེ་བཙུན་ཡེ་ཤེས་རབ་རྒྱས། ལམ་རིམ་པ་ངག་དབང་ཕུན་ཚོགས། མཁན་ཆེན་འཆི་མེད་རིག་འཛིན་སོགས་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་དུ་མའི་ཞབས་པད་སྔ་ཕྱིར་བསྙེན་ཏེ་མདོ་སྔགས་རིག་གནས་དང་བཅས་པ་སློབ་གཉེར་ལ་རྟག་འགྲུས་དང་། རྒྱལ་བའི་བཀའ་དང་བསྟན་འགྱུར། མཛོད་ཆེན་རྣམ་ལྔས་གཙོས་གངས་ལྗོངས་མཁས་གྲུབ་རྣམས་ཀྱི་གསུང་རབ་ལས་སྨིན་གྲོལ་རྒྱབ་བརྟེན་མན་ངག་གི་རྒྱུན་བཞུགས་པ་ཕལ་ཆེར་གསན་བཞེས་གནང་གསུམ་ལ་ཧུར་བརྩོན་མཛད། དེར་བརྟེན་དཔལ་དྭགས་ལྷ་སྒམ་པོའི་གདན་ས་དང་། ལྷོ་བྲག་སྲས་མཁར་དགུ་ཐོག འོག་མིན་མཚུར་ཕུའི་སྒར་གོང་འོག གནས་ནང་དགོན། བྱང་འབའ་རོམ་གདན་ས། དཀར་ལྡེམ་དགོན། ངོམ་གནས་མདོ། སྐྱོ་བྲག་དགོན་ཆེན་སོགས་དབུས་གཙང་ཁམས་གསུམ་དུ་ཡོད་པའི་བཀའ་བརྒྱུད་ཀྱི་གདན་ས་ཁག་གིས་གཙོ་བྱས་པའི་བཤད་སྒྲུབ་ཀྱི་སྡེ་སོ་སོ་ནས་ཆེད་གཉེར་གདན་ཞུ་བཞིན་ཕེབས་ཏེ་ཇོ་སེར་སྟོང་ཕྲག་ཁ་ཤས་ལ་དགེ་ཚུལ་སློང་གི་སྡོམ་རྒྱུན་སྤེལ། དེ་དག་གི་སྐབས་བསྟུན་ཉེར་མཁོའི་དབང་ལུང་། གདམས་ཁྲིད། གཞུང་དང་ལམ་རིམ་གྱི་བཀའ་ཆོས་སོགས་མང་དུ་གནང་ནས་འབྲེལ་ཚད་ཐོས་བསམ་སྒོམ་གསུམ་ལ་སྦྱོར་བའི་མཛད་པ་བསྐྱངས། གོང་སྨོས་དགོན་གནས་རྣམས་དང་རྒྱལ་ཕྱི་ནང་གི་འབྲེལ་ཡོད་ཆོས་དད་དམངས་ཚོགས་སྤྱི་བྱེར་དུས་རབས་དང་བསྟུན་པའི་བསླབ་བྱ་སློབ་སྟོན་རྒྱ་ཆེ་རྒྱུན་རིང་དུ་བསྩལ་བར་བརྟེན་ཞལ་མཇལ་གསུང་ཐོས་ཀྱི་སྐྱེ་བོ་འབུམ་ཕྲག་དུ་མ་དགེ་སྒྲུབ་སྡིག་སྤོང་ལ་བསྐུལ་ཞིང་དད་གཤིན་གྱི་དཀོར་རྫས་གཞར་ཡང་ཆུད་མི་འཛའ་བའི་དགོངས་སྤྱོད་ལྷུར་བཞེས། ཞར་བྱུང་རིས་སུ་མ་ཆད་པའི་སྤོང་ཀློག་གི་སྡེ་རྣམས་སུ་དངོས་རྫས་ཆེ་ཆུང་ལ་མ་ལྟོས་པའི་ཚོགས་བསགས་ཀྱི་འབྲེལ་འཇོག་མཛད་པ་མང་། གཞན་ཡང་མགོན་མེད་ཀྱི་རྒས་འཁོག་དང་། དྭ་དབུལ། ནད་པ་སོགས་ཉམ་ཐག་གི་འགྲོ་ལ་ཟས་གོས་སྨན་གྱི་བགོ་བཤའ་དང་སྐྱོབ་གསོ། ཡུལ་ཁམས་དུ་མར་རི་རྒྱ་ཀླུང་རྒྱ་བསྡམས་པ་སོགས་དགེ་བཅུའི་སྲོལ་རྒྱུན་སྤེལ་བས་མཐུན་སྒྲིལ་དང་ཞི་བདེའི་རྒྱུན་བཙུགས་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་ཕྱག་ལེན་དུ་བསྟར། སྐབས་ཕལ་ཆེར་རང་དགོན་ཁང་ནེའི་ཡང་དབེན་འོག་མིན་སྐུ་གསུམ་གླིང་དང། སྐྱོ་ཉིན་སྒྲུབ་ཕུག སྐྱོ་ཡི་སེང་ཆེན་གནམ་རྫོང་སོགས་སུ་སྒྲུབ་པ་སྙིང་པོར་བགྱིད་པའི་གཡར་དམ་ལྷོད་མེད་ངང་འཚོ་གཞེས་སུ་བཞུགས་བཞིན་པ་འདིའོ། ། ༈ བྱ་བ་ལས་ཀྱི་འཁོར་ལོར་མཚོན་ན་སྐྱོ་བྲག་གདན་ས་མཐིལ་དུ་མར་ལུགས་རྒྱུད་གྲྭའི་གཙུག་ལག་ཁང་གསང་ཆེན་བཞད་པ་རྡོ་རྗེའི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པ་བསྐྱར་བསྐྲུན་གནང་། ཁྱད་པར་དུ་རིན་པོ་ཆེ་ཉིད་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་༧སྐྱོ་བྲག་ཁང་ནེ་དགོན་ཉམས་གསོ་དང་འབྲེལ་དད་དམ་གཙང་ཞིང་ལས་སྨོན་མཐུན་པས་ཤེས་འཇོན་ལྷག་བསམ་གསུམ་ལྡན་གྱི་རྡོ་རྗེའི་མཆེད་སློབ་ཡོངས་ཀྱིས་སྒོ་གསུམ་རྡུལ་དུ་བརླགས་པའི་སྲི་ཞུ་ལྷུར་བགྱིས་ཤིང་། རྒྱ་བོད་སྦྱིན་བདག་སོ་སོས་ཚོགས་བསགས་ཟུང་དུ་འབྲེལ་བའི་མཐུ་ལས། སྤྱི་ལོ་༢༠༠༡ལོར་༼ཡིག་གྲྭ་གཙུག་ལག་ནོར་བུའི་སློབ་གླིང་༽དབུ་བཙུགས། སྤྱི་ལོ་༢༠༠༢/༩ /༩ཉིན་༧རྒྱལ་མཆོག་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེས་ཐུགས་དམིགས་ཟབ་མོས་མཚན་འདོགས་བསྩལ་དོན་བཞིན་༼ཆོས་གྲྭ་དཔལ་བཀའ་བརྒྱུད་བཤད་སྒྲུབ་གླིང་༽ཐོག་མར་དབུ་བརྙེས། དེ་ཡང་མདོ་རྒྱུད་ཟབ་མོའི་དགོངས་འགྲེལ་གཞུང་ཆེན་མན་ངག་དང་བཅས་པ་ལ་མཁྱེན་རབ་ཀྱི་དཀྱིལ་འཁོར་ཉ་རྒྱས་ཟླ་བའི་ངང་ཚུལ་འཛིན་པ་༧རྒྱལ་བའི་དབང་པོ་ཀརྨ་པ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་དང་། ཐམས་ཅད་མཁྱེན་གཟིགས་ཁྲོ་ཕུའི་བུ་སྟོན་རིན་ཆེན་གྲུབ། འབྲུག་ཀུན་མཁྱེན་མི་ཕམ་པདྨ་དཀར་པོ་གཙོར་གྱུར་པའི་པཎ་གྲུབ་གོང་མ་རྣམས་ཀྱི་དགོངས་པ་དྲི་མ་མེད་པ་ཉིད་ལུང་དང་རིགས་པ་མན་ངག་སྟེ་ཚད་མ་གསུམ་གྱི་ལམ་ནས་བསླབ་སྦྱོང་ཚུལ་མཐུན་བྱ་བའི་གོ་རིམ་བརྒྱུད། སློབ་སྟོན་གནང་མཁན་གྱི་དགེ་བའི་བཤེས་གཉེན་ནི། ༧སྐྱབས་རྗེ་བླ་མ་རིིན་པོ་ཆེ་མཆོག་གིས་གཙོར་མཛད། དེང་དུས་ཀྱི་སྨྲ་བའི་སེང་གེ་༧མཁན་ཆེན་བཀྲ་ཤིས་བསྟན་པ་རབ་རྒྱས། གདན་ས་འབྲས་སྤུངས་ཆོས་སྡེའི་དགེ་བཤེས་ལྷ་རམ་པ་༧རྒན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་བླ་སློབ་དང་། ཁྱད་པར་རང་དགོན་གྱི་ལས་ཐོག་མཁན་པོ་དང་མཁན་ཟུར་རྣམས་ཀྱིས་སྔ་ཕྱིར་ཆོས་འཁོར་བར་མེད་དུ་བསྐོར་བ་སྟེ་མཁན་སློབ་ཚང་མས་འཆད་རྩོད་རྩོམ་པའི་གནས་ལ་རྟག་འགྲུས་མཛད་པའི་རྒྱུ་མཐུན་ལས་མདོ་སྔགས་རིག་གནས་སྤྱིི་དང་བྱེ་བྲག་གི་འཛིན་གྲྭ་རྐང་ཚུགས་ཡོད་པར་བརྟེན། མདོ་དབུས་ཁམས་གསུམ་ནས་ཕེབས་བཞུགས་ཀྱི་སློབ་གཉེར་བ་རྣམས་ལ་སྡོད་ཁང་དང་འཚོ་བའི་ཆ་རྐྱེན་གང་ལེགས་ཀྱིས་སྲི་ཞུ་དང་གསོ་སྐྱོང་ཐད་ནུས་ཤུགས་མཉམ་འདོན་བྱས་རིམ་ཁྲོད། མཁས་བཙུན་བཟང་ལྡན་གྱི་དགེ་བའི་བཤེས་གཉེན་བསྟན་འཛིན་གྱི་སྐྱེས་བུ་དུ་མ་ཞིག་སྔ་ཕྱིར་ཚར་ལོང་བྱུང་དང་འབྱུང་མུས་སུ་ཡོད། སྤྱིར་༡༩༨༧ལོར་དགོན་གཞི་ཉམས་གསོའི་རྨང་བཏིང་། ཁྱད་པར་༡༩༩༥ལོར་ཐབས་གྲོལ་གྱི་སྒྲུབ་སྡེ་རྡོ་རྗེ་ཁྱུང་རྫོང་ཡེ་ཤེས་རང་གྲོལ་གླིང་བསྐྱར་བཞེངས་བྱས་པ་ནས་བཟུང་༼བདེ་སྟོང་འོད་སྐུར་གྲོལ་བའི་དབེན་ཁྲོད་སྒོམ་གྲྭ་ངེས་དོན་ཆོས་གླིང་སྤྱི་དང་བྱེ་བྲག་སྒྲུབ་སྡེ་ཁག་༽གི་གཞི་བཙུགས་ཏེ། མར་ལུགས་རྒྱུད་གྲྭའི་སྒྲུབ་གྲྭ་གསང་ཆེན་སྙན་བརྒྱུད་ནོར་བུ་ཆོས་གླིང་དང་། ཐབས་གྲོལ་གྱི་སྒྲུབ་སྡེ་དོན་བརྒྱུད་རྡོ་རྗེ་ཁྱུང་རྫོང་ཡེ་ཤེས་རང་གྲོལ་གླིང་། ཡེ་གྲོལ་བྱང་ཆུབ་ཆོས་གླིང་། ཐེག་ཆེན་སྨིན་གྲོལ་ཆོས་གླིང་། བདེ་ཆེན་འོད་གསལ་ཆོས་གླིང་། འགྲོ་འདུལ་ཕུན་ཚོགས་ཆོས་གླིང་། ཡང་དབེན་ཀུན་ཏུ་བཟང་པོའི་ནགས་ཁྲོད་འོག་མིན་སྐུ་གསུམ་གླིང་། ཀུན་གསལ་འཇའ་སྤྲིན་འཁྱིལ་བའི་དབེན་ཁྲོད་མཐོང་གྲོལ་དབུ་མ་རྫོང་། གཞན་ཡང་བདེ་མཆོག་ལྷ་རྩེའི་རི་ཁྲོད། སྐྱོ་ཉིན་ཆོས་ལྡིངས་ཕུག དཔལ་ཆེན་བདུད་འདུལ་གླིང་རྣམས་སུ་བསྙེན་སྒྲུབ་ཟབ་མོའི་རྒྱུན་ཕྱག་ལེན་བཅས་ཕྱི་ནང་ཆ་འཛོམས་ཀྱི་གྲྭ་གསུམ་ཚད་ལྡན་དང་། གཞན་ཡང་ཟླ་རྒྱུད་བསྟན་རྒྱས་གླིང་། དེང་ཐོག་རྟག་བརྟན་ཀུན་གསལ་གླིང་། བཙུན་དགོན་པདྨ་བསམ་གཏན་གླིང་སོགས་རྩ་བ་དང་ཡན་ལག་གིས་བསྡུས་པའི་སྤོང་ཀློག་གི་སྡེ་རྟེན་བརྟེན་པ་བསྐྱར་གསོ་དང་གསར་བསྐྲུན་མཛད། དེ་འབྲེལ་ལོ་རེའི་ནང་བདེ་ཆེན་ཞིང་སྒྲུབ་ཆེན་མོ་དང་། ཡིི་དམ་བདེ་དགྱེས་གསང་གསུམ་སོགས་གནའ་སྲོལ་རྒྱུན་ལྡན་གྱི་སྒྲུབ་མཆོད་རིགས་འདྲ་མིན་བཅུ་གསུམ་དང་། ཟླ་རེའི་ནང་དྭགས་བརྒྱུད་བླ་མ་མཆོད་ཆོག་དང་སྡོམ་གསུམ་གསོ་སྦྱོང་སོགས་རྩ་གསུམ་གྱི་བསྙེན་སྒྲུབ་དང་འབྲེལ་བའི་དུས་མཆོད་ཁག་དྲུག་རེ་མཐོང་བརྒྱུད་ལྟར་ཕྱག་ལེན་ཚུལ་མཐུན་བྱ་བ་བཅས་སོ།། ༈ དེ་ལྟར་ལྔ་རིག་ཤེས་བྱའི་གནས་ལ་མཁྱེན་རབ་ཀྱི་རྩལ་ཁ་རྒྱས་པས་འཆད་རྩོད་རྩོམ་གསུམ་གྱིས་ལུང་གི་བསྟན་པ་གཙོ་བོར་འཛིན་པའི་བཤེས་གཉེན་དྲན་དབང་རྣམས་དང་། རྩེ་གཅིག་སྒྲུབ་ལ་གཞོལ་བས་ལམ་ལ་དྲོད་ཐོབ་ཀྱི་རྟོགས་ལྡན་མཆོག་སྤྲུལ་ཚུལ་ཁྲིམས་བདུད་འདུལ་སོགས་གཙོ་བོར་རྟོགས་པའི་བསྟན་འཛིན་རྣམས་དང་། བཤད་སྒྲུབ་ཀྱི་སྡེ་ལ་ཕྱི་ནང་ཀུན་ཏུ་བསྙེན་བཀུར་གྱིས་སྲི་ཞུ་དང་རྟེན་བཞེངས་ལྷུར་མཛད་པས་གཙོ་བོར་བྱ་བ་ལས་ཀྱི་འཁོར་ལོ་འཛིན་པའི་བླ་མ་སློབ་དཔོན་རྣམས་དང་། བྱས་རྗེས་བླ་ལྷག་ཏུ་ཆེ་བས་ཁོར་ཡུག་གི་ལྕགས་རི་ལྟ་བུའི་ལས་འཛིན་རྒན་གཞོན་རྣམས་ཏེ་སྤོང་ཀློག་ལས་གསུམ་གྱི་བྱ་བས་བསྟན་འགྲོའི་ལེགས་ཚོགས་སྤྱི་དང་། ཁྱད་པར་རང་དགོན་གྱི་བསྒྲུབ་བྱ་ཕྱི་ནང་གསང་གསུམ་འཛིན་སྐྱོང་སྤེལ་བ་ལ་དགོངས་སྤྱོད་ཆིག་དྲིལ་གྱིས་མཛད་ཕྲིན་ཡར་ཟླའི་འགྲོས་ལ་སྙེག་པའིི་མཁན་སྤྲུལ་བླ་སློབ་ལས་གཉེར་སོ་སོ་གཞིས་དགོོན་རྩ་བའི་གདན་ས་དང་། ཡན་ལག་བཤད་སྒྲུབ་ཀྱི་སྡེ་ཆེ་ཕྲ། རྒྱལ་ཕྱི་ནང་སོགས་ཉེ་རིང་གང་སར་བཞུགས་བཞིན་པ་སྟེ་ས་བོན་ཙམ་མོ། །
༈ དོན་གསུམ་པ་གནའ་དེང་གི་དགོན་པའི་ཁོར་ཡུག་ཕྱོགས་ཙམ་གླེང་བ་ནི།
[རྩོམ་སྒྲིག]༈ ༡༩༥༨ལོ་ཡན་གྱི་དུས་རབས་རྙིང་པའི་སྐབས་དགོན་པའི་རྒྱ་ཁྱོན་ནི། ཚོགས་ཆེན་འདུ་ཁང་། རྡོར་སེམས་ལྷ་ཁང་། ཐུགས་གསང་བུམ་ཁང་། ཛམ་དཀར་གཡང་ཁང་། མགོན་པོ་ཁང་། འཆམ་ཁང་འཆམ་ར་དང་བཅས་པ། གཉེར་མཛོད་དང་རུང་ཁང་སོགས་དགོན་གཞུང་གི་བཀོད་པ། ཐབས་གྲོལ་གྱི་སྒྲུབ་སྡེ་དང་གཞུང་གྲྭ་ཁག་སོ་སོར་སྤྱི་སྤྱོད་ཁང་། གཟིམས་ཤག་སྤོང་ཁང་སོགས་ཡུལ་དུས་དེར་འཚམས་ཤིང་ནང་བཞུགས་བླ་གྲྭའང་ཕྱི་ནང་ཆ་མཐུན་ཡོད་དོ། །
༈དེང་དུས་གྲུབ་ཟིན་གྱི་དགོན་པའི་ཁོར་ཡུག་ནི།
[རྩོམ་སྒྲིག]བཤད་གྲྭའི་གཙུག་ལག་ཁང་དང་། སྒོམ་གྲྭའི་འདུ་ཁང་། ཡིག་གྲྭའི་གཙུག་ལག་ཁང་། དགེ་བསྙེན་གྱི་སྡེའི་ཚོགས་ཁང་དག་སྐུ་གསུང་ཐུགས་རྟེན་གྱི་བཀོད་པས་མཛེས་པ། ཡིག་གྲྭ་དང་བཤད་གྲྭའི་འཛིིན་གྲྭ་སོ་སོ་ཚོགས་ཁང་། གྲྭ་གསུམ་སོ་སོའི་བཞུགས་ཤག་ཁང་འཁོར་དང་། དཔེ་མཛོད་ཁང་། སྨན་ཁང་། ཚོང་ཁང་། ཇ་མཛོད་ཁང་། ཐུན་མོང་དུ་གཞུང་དོན་ཁང་། གཞན་ཡང་བླ་བྲང་ཁག་དང་མགོན་ཁང་། དགོན་པའི་ཁོར་ཡུག་གི་མཚམས་ཁང་། འདག་སྦྱར་ཁང་། རང་ཤོང་གི་སྤྱིལ་བུ་བཅས་སྤྱི་སྒེར་ཡོངས་བསྡོམས་སྒོ་ཟུག་བདུན་བརྒྱ་ལྷག་ཡོད་ཅིང་། བསྟན་རྩ་དགེ་འདུན་གྱི་སྡེ་གྲངས་བཞི་བརྒྱ་ལྷག་བཞུགས། དེ་ལྟར་གྲྭ་གསུམ་སྤྱི་དང་བྱེ་བྲག་གི་སྒྲིག་གཞི་ལག་ལེན་ནི། སྟོན་པའི་བཅས་ཁྲིམས་དང་། དགེེ་འདུན་པའི་སྒྲིག་ཁྲིམས་གཉིས་ཆར་དང་བསྟུན་ལྟ་སྤྱོད་དྲི་མ་མེད་པའི་ལམ་ནས་རང་གཞན་གཉིས་དོན་འགྲུབ་པའི་ཐབས་ལ་བརྩོན་ཚུལ་བཅའ་ཡིག་ཆེན་མོའི་ནང་གསལ་ལྟར་ལགས། དེས་ནི་སྐབས་བསྟུན་རང་དགོན་གྱི་ཁོར་ཡུག་དང་འབྲེལ་བའི་ལོ་རྒྱུས་སྙིང་པོར་དྲིལ་ཏེ་བཀོད་པ་ཡིན་གྱི་རྒྱས་པར་ནི་གནའ་དེང་གི་དགོན་པའི་བྱུང་བ་བརྗོད་པ་ཀུན་གསལ་ནོར་བུའི་མེ་ལོང་ལས་རྟོགས་པར་བྱའོ། །
སླར་སྨོན་པ།
[རྩོམ་སྒྲིག]དེ་ལྟའི་བྱུང་བ་སྔོན་གྱི་ཡིག་རྙིང་དང་། ། རྒན་པའི་ངག་སྒྲོས་མ་ཎི་བསགས་པའི་སྒྲོམ། ། གཅིག་བསྡུས་འཁྱོག་བཤད་གཡའ་ཡིས་མ་གོས་པ། ། ཕྱིས་འབྱོན་བརྒྱུད་འཛིན་རྣམས་ཀྱི་སྐལ་དུ་སྤེལ། ། འདི་བགྱིས་ནོངས་འཆགས་དགེ་བས་ཕན་བདེའི་གཞིི། ། ཐུབ་བསྟན་སྙིང་པོ་དྭགས་བརྒྱུད་འབའ་རོམ་པའི། ། སྲོལ་འཛིན་ཁང་དགོན་མདོ་སྔགས་ཉིན་བྱེད་གླིང་། ། རྩ་བ་ཡན་ལག་བཅས་ཀུན་དར་གྱུར་ཅིག ། དེ་མཐུས་འབྲེལ་ཐོག་གིས་གཙོས་མཁའ་མཉམ་འགྲོ། ། ཞི་མཉམ་རྒྱ་མཚོའི་གཏེར་ལ་རྟག་རོལ་ནས། ། གཟུང་འཛིན་སྲིད་པའི་ཚ་གདུང་ལས་གྲོལ་ཏེ། ། ཕུན་ཚོགས་ལེགས་རྒུའི་དཔལ་གྱིས་འབྱོར་བར་སྨོན། ། ཞེས་པའང་ལོ་རྒྱུས་རྒྱས་པ་ལས་དགོས་དབང་གིས་ཉེ་བར་བཏུས་ཏེ་དུས་རབས་ཉེར་གཅིག་ཏུ་སོན་པ་རབ་བྱུང་བཅུ་བདུན་པའི་ཤིང་རྟ་སྤྱི་ལོ་༢༠༡༤/༦/༤ས་ཟླའི་ཡར་ཚེས་ཀྱི་བཟང་པོ་གཉིས་པ་སྟེ་སངས་རྒྱས་སྐུ་བལྟམས་པའི་དུས་ཆེན་ཉིན་རང་དགོན་ཆོས་གྲྭའི་རིག་གཞུང་རྩོམ་སྒྲིག་ཁང་ནས་སྤེལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།། །།