Jump to content

ཁ་དོག་སྐོར་གླེང་བ།

ཡོང་ཁུངས་Wikipedia
བོད་ཀྱི་ཁ་དོག་གི་ལྟ་བ་སྐོར་གླེང་བ་རིག་པྲ་འཕྲུལ་གྱི་མེ་ལོང་།

རྩོམ་པ་པོ་དཀོན་མཆོག་བསྟན་འཛིན། རྩོམ་སྒྲིག་པ་བསོད་ནམས་རྡོ་རྗེ། དུས་ཚོད2008-4-9 10:43:23 ཡོང་ཁུངས་མཚོ་སྔོན་པོ་དྲ་བ།

བོད་གངས་ཅན་གྱི་ལྗོངས་འདིར་འགྲོ་བ་མིའི་རིགས་བྱུང་ནས་ཟས་སུ་མ་རྨོས་པའི་ལོ་ཏོག་ཟ་ཞིང་། གོས་སུ་ཤིང་གི་ལོ་མ་གྱོན་ཏེ་སྤྲ་དང་སྤྲེའུ་དང་ཁྱད་པར་ཆེར་མ་མཆིས་པའི་གནས་སྐབས་ནས་ད་ལྟའི་བར་རིམ་པར་འཕེལ་བའི་བརྒྱུད་རིམ་རིང་མོ་དེའི་ནང་དུ། ཡུལ་གྲུའི་ཁོར་ཡུག་གི་ཁྱད་ཆོས་དང་། སྲིད་དབང་འཛིན་སྟངས་ཀྱི་ཁྱད་ཆོས། ཆོས་ལུགས་འཕེལ་འགྲིབ་ཀྱི་ཁྱད་ཆོས་སོགས་ཀྱིས་བོད་མི་རིགས་ལ་མི་རིགས་གཞན་དང་མི་འདྲ་བའི་ཚོན་གྱི་ཁ་དོག་སྣ་ཚོགས་ཀྱི་ལྟ་བ་ཇི་ལྟ་བུ་ཞིག་ཆགས་ཚུལ་དང་དེའི་རྒྱུ་མཚན་བཅས་ཐོག་མ་ཙམ་གླེང་བ་ལ།

 བོད་གདོད་མའི་སྐབས་སུ་དེང་སང་ལྟ་བུ་རྒྱས་སྤྲོས་ཀྱི་རི་མོ་དང་།  དེ་མཚུངས་ཀྱི་ཚོན་གྱི་སྡེབ་སྦྱོར།  ཁ་དོག་གི་ལྟ་བ་བཅས་ཆ་ཚང་བ་ཞིག་གྲུབ་མེད་ཀྱང་།  ལུས་ལ་ས་དཀར་གྱི་རི་མོ་བྲིས་པ་དང་།  མེ་ཏོག་གི་རྒྱན་ཆ་སྤྲས་པ།  རུས་པ་དང་རྡོ་དཀར།  མགྲོན་བུ་སོགས་ལ་བུ་ག་བཏོད་དེ་རྒྱན་ཆ་བྱེད་པ་སོགས་ཀྱི་མཛེས་སྣང་དང་རྫིག་སྣང་སྐྱེས་པ་དེ་ནི་བསྐལ་བ་ཡ་ཐོག་ནས་བྱུང་བ་ཡིན།  སྐབས་དེར་མིའི་ལུས་ལ་མཛེས་རྒྱན་སྤྲས་པ་ཙམ་དུ་མ་ཟད།  གཅན་གཟན་གཏུམ་པོ་དང་རི་དྭགས་ཆེན་པོའི་རིགས་བསད་པ་དང་།  ཚོ་བ་དང་ཚོ་བའི་བར་འཐབ་ནས་གཡུལ་ལས་རྒྱལ་བའི་དགའ་སྟོན་དུ།  འདུག་གནས་ཀྱི་སྒོ་དང་བྲག་དང་ཤིང་སྡོང་སོགས་ལ་ས་དཀར་གྱིས་ཁྲ་རྟགས་བཀོད་པ་སོགས་ཀྱིས་རང་རིགས་ཀྱི་མེས་པོ་རྣམས་ལ་ཆེས་སྔ་མོ་ཞིག་ནས་ཁ་དོག་བཀྲ་བར་དགའ་བའི་སྣང་བ་ཞིག་ཆགས་ཡོད་པ་ཤེས་ལ།  མཛེས་སྣང་གི་ལྟ་བ་དང་ལུགས་སྲོལ་རྙིང་པ་དེ་དག་ནི་ཆེས་སྔ་མོ་ཞིག་ནས་དར་བ་ཡིན་ཡང་།  གོང་གི་ལུགས་སྲོལ་འགའ་ཞིག་ད་ལྟའི་བར་བོད་ཀྱི་འཚོ་བའི་ནང་མཐོང་ཐུབ་པ་སྟེ།  དཔེར་ན།  ཨ་མདོ་རེབ་གོང་གི་གཉན་ཐོག་ཏུ་བོད་ལོ་མ་གསར་བའི་སྔོན་དུ་ཕོ་གསར་རྣམས་ཀྱིས་ལུས་གཅེར་བུ་ལ་ས་དཀར་གྱི་རི་མོ་བྲིས་ནས་ལག་ཏུ་མཚོན་ཆ་ཐོགས་ཏེ་ཀག་གླུད་ཅེས་ལོ་ཀག་དང་ཟླ་ཀག་སོགས་དུས་ཀྱི་བར་ཆད་ཀྱི་བགེགས་སྐྲོད་པའི་ལུགས་སྲོལ་རྙིང་པའི་བྱེད་སྒོ་དེ་དེང་སང་ཡང་ལོ་ལྟར་སྤེལ་བཞིན་པ་དང་།  ཁམས་ཉག་རོང་སོགས་སུ་ལོ་སར་སྐབས་ཁང་བའི་སྒོ་དང་ཀ་གདུང་།  ཐབ་ཀ་རྣམས་ལ་གྲོ་ཕྱེས་ཁྲ་རྟགས་འགོད་པ་དང་།  མར་གྱིས་དཀར་རྟགས་འགོད་པ་ནི་བོད་ཁམས་ཀུན་ཏུ་དར་ཞིང་།  བ་སོ་དང་།  གཅན་གཟན་གྱི་མཆེ་བ།  གླ་བའི་མཆེ་བ།  གླག་གི་སྡེར་མོ།  མགྲོན་བུ་སོགས་ཀྱི་མཛེས་རྒྱན་ནི་མཆོད་ཆ་དང་སྤྱོད་ཆས།  སྐྱེས་ཕོ་མོའི་རྒྱན་ཆ་ཀུན་ཏུ་ཁྱབ་ཅིང་གནའ་སྲོལ་མ་འགྱུར་བ་ཡིན་ཚུལ་རྒན་པོའི་ངག་སྒྲོས་ལས་ཀྱང་གསལ་བ་བཞིན་ནོ།།
 དེ་ནས་མཚོན་ཆ་མདའ་གཞུ་དང་འུར་རྡོ་སོགས་བྱུང་སྟེ་རི་དྭགས་དང་གཅན་གཟན་བརྔོན་ནས་སྟག་གཟིག་སོགས་བསད་པའི་པགས་པ་གོས་སུ་བྱས་ཏེ།  པགས་པའི་རི་མོ་དང་ཐིག་ལེ་ཅན་དེ་གཅན་གཟན་གསོད་མཁན་གྱི་ཕོ་རྒོད་རྣམས་ལ་བསྐོན་ནས་དཔའ་རྟགས་གཟེངས་སུ་བསྟོད་པ་དེ།  ཕྱིས་རྒྱལ་ཕྲན་སིལ་མ་བཅུ་གཉིས་སོགས་ཀྱི་སྐབས་ནས་མངའ་མཛད་རྒྱལ་བློན་རྣམས་ཀྱི་གོས་སུ་གྱུར་ཏེ།  མི་དཀྱིས་མ་དང་རྒྱལ་བློན་མ་ཡིན་པའི་བོན་གཤེན་སོགས་ཀྱིས་གང་བྱུང་དུ་གྱོན་ན་མི་ཆོག་ཅིང་།  གལ་སྲིད་གྱོན་མཁན་བྱུང་ན་སྲིད་དབང་འཕྲོག་དོགས་ཀྱིས་གང་བྱུང་དུ་གྱོན་མཁན་ལ་སྲོག་ལ་སོགས་པའི་ཉེས་པ་ཡོད་ཚུལ་བོན་གྱི་ལོ་རྒྱུས《བོད་སྔ་རབས་ཀྱི་ལོ་རྒྱུས་ལུང་གི་འབེལ་གཏམ》སོགས་དེབ་ཐེར་ཁག་ལས་གསལ་བ་བཞིན་ཏེ།  ཆས་དེ་ཇི་ལྟ་བུ་ཞིག་ཡིན་སྙམ་ན།  མགོ་ལ་ལ་ཐོད་དཀར་པོ་ཁྲུ་གང་བ།  རྣ་ལྟག་ནས་ཕྱོགས་གཉིས་ལ་གཡུའི་རྒྱན་པ་རྒྱལ་བློན་རྣམས་གདན་དུ་བཞུགས་སྐབས་པང་དུ་སླེབས་པ།  སྐུ་ལ་ནང་གོས་རིང་མོར་སྐ་རགས་བཅིངས་པའི་སྟེང་དུ་གཡི་ལྤགས་སོགས་ཀྱི་ཕྱི་གོས་རིང་མོར་སྟག་དང་གཟིག་དང་ཡང་ན་སྲམ་ལྤགས་སོགས་ཀྱི་ཤན་ཆ་ཅན་དང་།  ཞབས་ལ་ཕྱིང་པ་ལས་བཟོས་པའི་མཆིལ་ལྷམ་མནབས་པ་སོགས་སོ།།
 དེ་ནས་ཡང་རིམ་བཞིན་འཕེལ་ཏེ།  མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།  ལྷ་བཙན་པོའི་གདུང་རྒྱུད་བཞུགས་པ་དག་གིས།  དུས་ཆེན་གྱི་སྐབས་སོགས་སུ་སྔ་རབས་ལྷ་བཙན་པོའི་སྐུ་ཆས་མཛད་སྲོལ་ཡོད་པ་ནི་དེང་གི་བཙན་ཆས་དང་འདྲ་བར་འདུག་གསུངས་ཏེ།  བཙན་པོའི་ཆས་དེ་ལ་ཁྲོམ་ཆེན་ཟིལ་གནོན་གྱི་ཆས་ཀྱང་ཟེར་བར།  བཙན་གྱི་རིགས་ཀྱི་ཆས་ནི།  ཁྲབ་ཀྱི་འདབ་རར་སྟག་ལྤགས་ཤན་པ་དང་།  གཡས་མདའི་སྣོད་སྟག་དོང་།  གཡོན་གཞུའི་སྣོད་གཟིག་ཤུབས་བཅས་སྟག་གཟིག་གི་པགས་པ་སྤུ་གྲུ་མ་ཉམས་པས་བཟོས་པ་འདོགས་པ་སོགས་ཏེ།  བོད་འབའ་ཞིག་གི་ལུགས་སུ་ངེས་ལ།  དེ་བཞིན་དཔའ་བོ་དང་ཐོབ་གོ་ས་ཅན་རྣམས་ལ་ཐོབ་དང་གོ་ས།  དཔའ་རྟགས་ཆེ་ཆུང་གི་རིམ་པ་ལྟར་འོག་ནས་གོང་གི་རིམ་པར་གཟིག་དང་།  སྟག  གུང་དང་སེང་གེ་སོགས་ཀྱི་གདན་འདིང་བ་དང་།  དཔའ་བོ་གཡུལ་ལས་རྒྱལ་བ་སོགས་ཀྱི་དཔའ་རྟགས་སུ་ཞྭའི་སྟེང་དུ་རྨ་བྱའི་སྒྲོ་དང་།  རྒོད་ཐང་དཀར་གྱི་སྒྲོ་དང་།  ཁྲའི་སྒྲོ་སོགས་བཙུགས་ཏེ་གཟེངས་སུ་བསྟོད་པ་དང་།  དེ་ལས་ལྡོག་སྟེ་སྡར་མ་དང་རྐུན་པོ་ལ་སོགས་སྤྱོད་ངན་གྱི་རིགས་ལ་བྱ་ཁྭ་ཏ་དང་ཝ་དང་ཁྱི་སོགས་ཀྱི་རྔ་མ་བཏགས་ནས་རྒྱང་འབུད་བཏང་བའི་ཚུལ་བོད་ཀྱི་དེབ་ཐེར་ཁག་ལས་གསལ་བ་བཞིན་ཏེ།  མདོར་ན་རང་བྱུང་གི་རི་མོ་དང་ཁ་དོག་བཀྲ་ཞིང་མཛེས་པ་ལ་དགའ་ཞིང་སྲོག་ཆགས་གཏུམ་ཞིང་མྱུར་རྩལ་ཅན་གྱི་ལྤགས་པ་དང་སྒྲོ་སོགས་ལ་དེ་བས་ཀྱང་གཙིགས་སུ་འཛིན་པ་ཤིན་ཏུ་གསལ།
 དེ་ནས་གངས་ཅན་གྱི་ཡུལ་འདིར་བོན་ཆོས་སྣ་ཚོགས་དར།  ཆོས་ལུགས་དེ་དག་དང་མཐུན་པའི་གཟུགས་རིས་སྟབས་བདེ་མང་པོ་བྲིས།  དེ་དུས་ད་དུང་གཅིག་གི་རྗེས་སུ་གཅིག་འབྲང་བའི་སྲོལ་ཚུགས་པ་མེད་ཀྱང་རང་བྱུང་ས་དང་རྡོ་ལས་ཚོན་བླངས།  མི་དང་སྲོག་ཆགས་སོགས་འབྲི་བ་དང་རྐོ་བའི་ལག་རྩལ་དར་ནས་སྟོད་མངའ་རིས་ཁོངས་སུ་མི་ལོ་ཉིས་སྟོང་ཡན་གྱི་བྲག་ལ་ཉི་ཟླ་དང་།  གཡུང་དྲུང་དང་།  མིའི་གཟུགས་དང་རི་དྭགས་བརྐོས་པའི་བྲག་རྐོས་རི་མོ་མང་པོ་རྙེད་པ་བཞིན་ནོ།།
 དེ་ནས་བོད་གཅིག་གྱུར་གྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་བཙན་ཐང་སྒོ་བཞིར་བྱོན།  བོད་ཤེས་པ་ཅན་བཅུ་གཉིས་སོགས་ཀྱིས་མཇལ་ནས་ཁྱོད་གང་ནས་འོང་ཞེས་པར་ནམ་མཁའ་ལ་མཛུབ་གུ་བཙུགས་པ་ནས་བཟུང་གནམ་གྱི་ཁྲི་བདུན་ནམ་མཁའ་ལ་ཐིམ་པར་གྲགས་ཏེ།  《རྒྱལ་རབས་གསལ་བའི་མེ་ལོང》ལས།  འདི་ཡན་ལ་གནམ་གྱི་ཁྲི་བདུན་ཟེར་ཏེ་སྲས་རྣམས་ཀྱི་རིམ་པར་ཆིབས་ཁ་ཐུབ་ཙ་ན།  ཡབ་རྣམས་རིམ་པ་བཞིན་དུ་དམུ་ཐག་ལ་འཇུས་ནས་ནམ་མཁའ་ལ་འཇའ་ཡལ་བ་བཞིན་སོང་ཡང་ཟེར།  ཁྲི་བདུན་བང་སོ་ནམ་མཁའ་དབྱིངས་ལ་བཏབ།།  ལྷ་ཡི་ལུས་ལ་རོ་མེད་འཇའ་ལྟར་ཡལ།།  ཞེས་དང་།  ཡང་བོན་གྱི་ལོ་རྒྱུས《ཀུན་གསལ་སྒྲོན་མེ》ལས།  གཤེན་པོའི་ཐུགས་ཀྱི་སྤྲུལ་པ་ནི།།  འོད་དམར་སྨུག་ཅིག་དམུ་རིའི་རྩེ་ལ་བབས།།  འོད་ལ་ཟིལ་ཆགས་སྒོ་ངར་འདྲིལ།།  རིན་ཆེན་སྒོ་ང་འོད་ཟེར་ཅན།།  བཅག་ཅིང་རྡོལ་བའི་སྙིང་བོ་ལས།།  རིན་པོ་ཆེའི་མི་ཕོ་ནི།།  རིན་ཆེན་སྣ་ལྔའི་རྒྱན་ཆ་ཅན།།  ཐོད་དཀར་མདའ་གང་བཅིངས་པ་བྱུང་།།  དེ་ལ་མིང་དང་མཚན་བཏགས་པ།།  མེས་པོ་དམུ་ཕྱུག་སྐྱོར་ཞོན་ཡིན།།  དེ་དང་ལྷ་མོ་ནང་དྲག་མ་བཤོས་པ་དང་།  སྲས་དམུ་བཙན་བཞིན་གྱི་རྒྱལ་པོ་བྱུང་།  དེ་ནས་རིམ་པར་སྲས་དམུ་བཙན་རྒྱལ་བ།  དམུ་རྒྱལ་ལེན་གྱི་ཐེམ་སྐས།  སྲས་རྒྱལ་པོ་ཐོད་དཀར་བཅས་བྱུང་སྟེ་རྒྱལ་པོ་དེ་དང་ཡོ་ཕྱི་རྒྱལ་བཞད་མར་བཤོས་པ་ལས་ཚེ་ལོ་བརྒྱ་པའི་དུས་ཀྱི་སྟོན་པ་གཤེན་རབ་བསྟན་པའི་གཙོ་བོ་བྱོན་ཞེས།  སྟོན་པ་གཤེན་རབ་ཉིད་ཀྱི་གདུང་རྒྱུད་ཀྱང་ནམ་མཁའ་ནས་བྱུང་བར་བཤད་པ་སོགས་ཀྱིས་བོན་པོ་ནམ་མཁའ་དང་དེའི་ཁ་དོག་བཅས་པ་ལ་ཤིན་ཏུ་དགའ་བས།  བོན་གྱི་གཏོ་ཆོག་གི་དཀྱིལ་འཁོར་བཤམ་པར་ལྷ་སོགས་འབབ་པའི་དམུ་སྐས་དང་དམུ་ཐག་མེད་དུ་མི་རུང་བ་དང་།  དེ་བཞིན་སྔར་བོན་གཤེན་གྱི་ན་བཟའ་དང་།  བོན་གྱི་བསྟན་བཅོས་ཀྱི་གྲ་ཚོན་ཐམས་ཅད་ནམ་མཁའི་མདོག་ཏུ་བྱེད་པས་བོན་པོ་སྔོན་པོ་གོས་སྔོན་པོ་ཞེས་ཏེ།  གཤེན་ནམ་མཁའ་མདོག་ཅན་བྱ་བ་དེ་ཡང་དོན་དུ་ན་བཟའ་སྔོན་པོ་ཅན་ཞེས་པའི་དོན་ཡིན་ལ།  བོན་གྱི་ལོ་རྒྱུས་འགའ་ཞིག་ཏུ།  བསྟན་པ་ཕྱི་དར་གྱི་མགོར་བླ་ཆེན་པོ་དགོངས་པ་རབ་གསལ་གྱིས་ཁོང་གི་སློབ་མ་རྣམས་ལ་གཡུང་དྲུང་བོན་གྱི་བསྟན་པ་མི་ནུབ་པའི་ཆེད་དུ་ཞྭ་སྔོན་པོ་ཞིག་གནང་ཚུལ་འཁོད་པ་སོགས་ཀྱིས་སྔོན་ཚེ་བོན་གྱིས་ནམ་མཁའི་མདོག་ལ་མཆོག་ཏུ་བརྩི་བ་དང་།  བོན་ཆོས་སུ་ནམ་མཁའི་མདོག་དེ་སྤྱོད་སྒོ་ཧ་ཅང་ཆེ་བ་ཤེས་ཐུབ།

དེང་སང་བོན་ལུགས་ཕལ་ཆེ་ནང་པ་སངས་རྒྱས་པའི་ལུགས་སུ་གྱུར་ཟིན་པའམ། ཡང་ན་བོད་བརྒྱུད་ནང་བསྟན་གྱི་ཤན་ཤུགས་ཀྱིས་བོན་ལུགས་དགོན་པ་རྣམས་ཀྱི་མཆོད་པའི་ཡོ་བྱད་དང་། གྲྭ་པའི་ཆས་གོས་ཐམས་ཅད་ཕལ་ཆེར་འགྱུར་ཟིན་ཀྱང་། བོན་གྱི་དཔེ་ཆའི་གྲ་ཚོན་སྔར་བཞིན་སྔོན་པོ་བྱེད་པ་མ་འགྱུར་བར་ཡོད་པའི་ཁར། དེའི་མཚོན་བྱའང་། སྔོན་པོ་ནི་ནམ་མཁའི་མདོག་སྟེ། བོན་གྱི་ཆོས་དེ་དག་ནམ་མཁའ་ལྟ་བུ་མཐའ་དང་གཏིང་དཔག་པར་དཀའ་བ་དང་། ནམ་མཁས་གར་ཁྱབ་ཏུ་བོན་གྱིས་ཁྱབ་པའི་རྟེན་འབྲེལ་དུ་བཤད་པ་ལྟར་ཏེ། གཞན་ཡང་གཤེན་གོས་ཀྱི་སྟོད་འགག་དང་། པད་ཞྭ། ཤམ་ཐབས། ཆབ་རུ་སོགས་ཀྱི་མཐར་བོན་གྱི་མཚོན་བྱེད་ཟུར་སྐུད་སྔོན་པོ་ཞིག་ངེས་པར་དུ་འཐེན་དགོས། པད་ཞྭའི་སྟེང་གཡོགས་ནམ་མཁའི་མདོག་ཏུ་བྱེད་པ་སོགས་དང་གཞན་ཡང་བོད་ཁང་གི་གནམ་གཅལ་སྔོན་པོ་ནམ་མཁའི་མདོག་དང་། གོས་ཀྱི་ལྕགས་རིའི་ཁ་དོག་སྔོན་པོ་བྱེད་སྲོལ་ཀྱང་བོད་སྔ་མའི་ལུགས་ཡིན་པར་བཤད་པ་རྣམས་ཏེ། སྤྱིར་བོད་ཀྱི་ཡུལ་འདིར་སྔར་སྲིད་དབང་བོན་གྱིས་བསྐྱངས་པ་དང་བོན་བསྟན་ཡུན་རིང་དར་བའི་རྐྱེན་གྱིས་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་བསམ་བློ་འཁོར་ཚུལ་མང་པོ་ཞིག་གི་ནང་དུ་བོན་གྱི་ཤན་ཤུགས་ད་ལྟར་ཡང་ཡོད་མོད། ཁྱད་པར་དུ་བོན་བསྟན་ལ་དད་མོས་བྱེད་མཁན་དང་། བོན་བསྟན་གྱི་དགོན་པའི་ནང་དུ་ནམ་མཁའི་མདོག་དེ་ཁ་དོག་ཀུན་གྱི་མཆོག་ཏུ་བརྩི་བ་ནི་མངོན་གསལ་དོད་པོ་ཞིག་ཡིན།

 བོད་མི་རིགས་ཐུན་མོང་དུ་ཁ་དོག་གི་ལྟ་བར།  ཁོར་ཡུག་དང་བསམ་བློ་འཁྱེར་སོའི་དབང་གིས་ཁ་དོག་དཀར་པོ་ལ་མཆོག་ཏུ་བརྩི་བ་ནི།  སེམས་པ་གངས་ལས་དཀར་པ་སོགས་ཏེ།  དེས་གཡོ་སྒྱུ་དང་བྲལ་ཞིང་དགེ་བའི་བསམ་པ་མཚོན་པ་དང་།  ཁ་བཏགས་དཀར་པོས་ནི་ལྷག་བསམ་རྣམ་པར་དག་པ་མཚོན་པ་དང་།  སྐུ་མདོག་དཀར་པོས་ནི།  ཉོན་མོངས་པའི་དུག་ལྔའི་དྲི་མས་མ་གོས་པ་མཚོན་པ་དང་།  ལས་དཀར་པོ་ནི་དགེ་བའི་ལས་དང་།  འབྲས་བུ་དཀར་པོ་ནི།  ལས་བཟང་པོ་འབའ་ཞིག་བསགས་པ་ལས་བྱུང་བའི་འབྲས་བུར་གོ་བ་དང་།  ལམ་དཀར་པོ་ནི་ངན་སོང་ལ་སོགས་ཀྱི་གནས་སུ་འགྲོ་ལམ་ངན་པ་མ་ཡིན་པའི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དུ་ཕྱིན་པའི་ལམ་སོགས་ཀྱི་མཚོན་བྱེད་དང་།  གཞན་ཡང་ཁ་དོག་དུང་ལས་དཀར་བ།  ཞལ་རས་སྟོན་ཀའི་ཟླ་ལྟར་དཀརབ་སོགས་ཀྱི་དཔེ་བརྗོད་ཤིན་ཏུ་མང་བའོ།།
 ཁ་དོག་ནག་པོ་ནི་དེ་ལས་ལྡོག་སྟེ།  བསམ་པ་ནག་པོ་ནི་རྒྱུན་དུ་གཞན་ལ་ངན་སེམས་འཆང་བའི་བསམ་པ་དང་།  ལས་ནག་པོ་ནི་གཞན་ལ་གནོད་པའི་ལས་སམ་འབྲས་བུ་ངན་པ་འབྱུང་བའི་བྱ་སྤྱོད་དང་།  ལམ་ནག་པོ་ནི་ངན་སོང་དུ་འགྲོ་པའི་ལམ་དང་འཁྲུལ་བ་དང་ཉེས་པའི་ལམ་སོགས་སུ་ལྟ་བ་དང་།  ཁ་དོག་ནག་པོ་ནི་སྡིག་པ་དང་ཉེས་པའི་མཚོན་བྱེད་དེ་དཀར་ནག་ཤན་འབྱེད་དང་མི་དཀར་པོ་ལ་ཞྭ་ནག་པོ་བསྐོན་ཞེས་པ་རྣམས་སོ།།  གཞན་ཡང་།  ཁ་དོག་ནག་པོ་ནི་གཏུམ་པོ་དང་།  དྲག་ཤུལ་དང་ཞ།  འཇིགས་སུ་རུང་བ་དང་།  འོད་དང་བྲལ་བའི་མུན་པ་རྣམས་ཀྱང་ཡིན་ཏེ།  ཆར་སྤྲིན་གྱི་མདོག་ལྟ་བུ་སྐུ་མདོག་མཐིང་ནག་ཞེས་དང་།  སྐུ་མདོག་ནག་པོ་འཇིགས་སུ་རུང་བའི་གཟུགས་སོགས་དང་།  དྲག་སྔགས་དང་མཐུ་སོགས་སྒྲུབ་པའི་སྒྲུ་སྒྲུ་སྒྲུབ་ཁང་ནག་པོ་ལིང་གི་བསྐོར།  དགྲ་མགོ་རེ་ནག་གིས་བཏུམ་ཞེས་དམོད་པ་སོགས་སོ།།
 བོད་ཀྱི་ཁ་དོག་གི་ལྟ་བ་ནང་པ་སངས་རྒྱས་པའི་རིག་གནས་ཀྱི་ཤན་ཤུགས་ཤིན་ཏུ་ཆེ་བ་ནི།  དཔེར་ན།  ཕྱོགས་བཞིའི་ཕྱོགས་མདངས་ལ།  ཤར་དཀར།  ལྷོ་སེར།  ནུབ་དམར།  བྱང་ལྗང་བཞི་དང་།  དཀར་སེར་དམར་ལྗང་ཁ་དོག་བཞིས་ལས་བཞི་མཚོན་པ་ནི།  དཀར་པོས་ཞི་བའི་ལས་དང་།  སེར་པོས་རྒྱས་པའི་ལས།  དམར་པོས་དབང་གི་ལས་དང་།  ལྗང་གུས་དྲག་པོའི་ལས་བཅས་མཚོན་ཏེ།  དཔེར་ན་དཔལ་མགོན་ཀླུ་སྒྲུབ་ལུགས་ཀྱི་སྒྲོལ་མ་ལྔའི་འབྲི་ཐབས་ལས།  སྐུ་མདོག་དཀར་པོས་རྒུད་པ་ཞི།  ཞི་བའི་ལས་ཐམས་ཅད་འགྲུབ་པར་བྱེད་དོ་ཞེས་གསུངས་པ་དང་།  དཀར་པོ་ནི་ཞི་བ་སྙིང་རྗེ་དང་འཁོར་བའི་དྲི་མས་མ་གོས་པ་ཡང་མཚོན་ཏེ།  སྤྱན་རས་གཟིགས་ཀྱི་བསྟོད་པ་ལས།  སྐྱོན་གྱིས་མ་གོས་སྐུ་མདོག་དཀར་ཞེས་དང་།  སྐུ་མདོག་དཀར་པོས་སྙིང་རྗེའི་རང་མདངས་ཀྱང་མཚོན་ཏེ།  སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཐུགས་རྗེ་ཆེན་པོ་གངས་ལ་ཉི་མ་ཤར་བ་ལྟ་བུ་ཞེས་འཁོད་པ་དག་གོ །
 སེར་བོ་ནི་ལས་ཐམས་ཅད་རྒྱས་པའི་རྟེན་འབྲེལ་དུ་མཚོན་པ་ནི།  ཀུན་འབྱུང་ནོར་བུ་རྒྱལ་པོ་ལས།  སེར་པོས་ཚེ་བསོད་སྤེལ།  དཔལ་དང་འབྱོར་བ་རྒྱས་ཞེས་གསུངས་པ་སྟེ།  གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་དང་ཨརྱ་ཛཾ་བྷ་ལ།  ལྷ་མོ་ནོར་རྒྱུན་མ་སོགས་ཀྱི་སྐུ་མདོག་སེར་པོ་བྱེད་པ་དང་།  རྟེན་ལ་ནང་རྫོང་འབུལ་ཐབས་ལས།  ལྷའི་སྲོག་ཤིང་དང་རིང་བསྲེལ་ལྔ་ལ་སོགས་ཚད་དང་ལྡན་པར་འགྲུབ་པར།  དར་སྣ་ལྔས་འདྲིལ་བའམ་ཡང་ན་རྒྱས་པའི་རྟེན་འབྲེལ་དུ་དར་སེར་པོས་འདྲིལ་བར་བཤད་པ་དང་།  བླ་ཆེན་པོ་དགོངས་པ་རབ་གསལ་གྱིས་ཁོང་གི་སློབ་མ་བཅུ་མདོ་སྨད་རི་བོ་དན་ཏིག་ནས་དབུས་གཙང་དུ་ཕྱིར་ལོག་ཁར།  བསྟན་པ་རྒྱས་པའི་རྟེན་འབྲེལ་དུ་ཞྭ་སེར་པོ་ཞིག་གནང་བ་ལ།  ཕྱིས་རྗེ་བཙུན་ཙོང་ཁ་པ་ཆེན་པོས་སྔར་གྱི་པཎ་ཞྭ་དམར་པོ་དེ་རྒྱས་པའི་རྟེན་འབྲེལ་དུ་སེར་པོར་བསྒྱུར་ཏེ་ཞྭ་སེར་ཅོད་པཎ་འཆང་བའི་རི་བོ་དགེ་ལྡན་གྱི་རིང་ལུགས་གསར་དུ་སྤེལ་བ་སོགས་སོ།།

དམར་པོ་ནི་དབང་གི་རྟེན་འབྲེལ་དུ་མཚོན་ཏེ། དབང་གི་ལྷ་རྟ་མགྲིན་དང་། དབང་གི་ལྷ་མོ་རིག་བྱེད་མ་ལ་སོགས་པདྨ་དབང་གི་ལྷ་ཕལ་ཆེ་བའི་སྐུ་མདོག་དམར་པོར་གསུངས་པ་དང་། སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་ལས། དབང་གི་ལས་ཐམས་ཅད་འགྲུབ་པའི་རྟེན་འབྲེལ་དུ། གསོལ་འདེབས་དེ་དར་དམར་པོ་ལ་བྲིས་ནས་རླུང་ལ་ཕྱར་བར་བཤད་པ་དང་། གསོལ་འདེབས་ཀྱི་དམིགས་རིམ་སྐབས་ལྷ་ཐམས་ཆད་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་ཏེ་སྣང་སྲིད་བདེ་བ་ཐམས་ཅད་དབང་དུ་སྡུད་པར་བསམ་ཞེས་སོགས་ཀྱིས་མཚོན་ནོ།།

 ལྗང་གུ་ནི་ལས་ཀྱི་རྟེན་འབྲེལ་དུ་མཚོན་ཏེ།  དཔལ་མགོན་ཀླུ་སྒྲུབ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་ལས།  སྐུ་མདོག་ལྗང་གུ་ནི་ལས་ཐམས་ཅད་ལ་དབང་བའོ་ཞེས་དང་།  འཇམ་མགོན་མི་ཕམ་གྱིས་མཛད་པའི་འཇམ་དཔལ་ལས་ཚོགས་ལས།  དྲག་པོ་ལྗང་ནགས་པོས་གནོད་བྱེད་ཚར་བཅད་ཕྱོགས་ལས་རྣམ་པར་རྒྱལ་ཞེས་དང་།  ཡང་གེ་སར་གྱི་རླུང་རྟ་རྡོ་རྗེ་གཡུལ་རྒྱལ་ལས།  ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་འགྲུབ་པའི་འཕྲིན་བཅོལ་གསོལ་འདེབས་དང་བཅས་པའི་དར་ལྕེ་ལྗང་གུར་གསུངས་པ་བཅས་ཡིན་ལ།  དེ་བཞིན་རིགས་ལྔའི་ཞིང་གི་རྟེན་དང་བརྟེན་པ་བཅས་ཀྱི་བཀོད་པའང་གོང་དང་ཕྱོགས་མཚུངས་ཏེ།  ཤར་ཕྱོགས་མངོན་པར་དགའ་བའི་ཞིང་གི་རྡོ་རྗེ་རིགས་ཀྱི་ལྷ་སོགས་ཀྱི་མདོག་ཕལ་ཆེར་དཀར་པོ།  ལྷ་ཕྱོགས་དཔལ་དང་ལྡན་པའི་ཞིང་གི་རིན་ཆེན་རིགས་ཀྱི་ལྷ་ཚོགས་ཀྱི་ཁ་དོག་སེར་པོ།  ནུབ་ཕྱོགས་བདེ་བ་ཅན་གྱི་པདྨ་རིགས་ཀྱི་ལྷ་ཚོགས་ཀྱི་སྐུ་མདོག་དམར་པོ།  བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་གི་འཕྲིན་ལས་རིགས་ཀྱི་ལྷ་ཚོགས་ཀྱི་མདོག་ལྗང་གུ  དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་གི་བུངྡྷ་རིགས་ཀྱི་ལྷ་ཚོགས་ཀྱི་སྐུ་མདོག་སྣ་ཚོགས་བཅས་དང་།  《བཟོ་འགྲེལ་ཨ་ཝ་སྤྲིན་གྱི་ཡང་བཅུད་ལེགས་བཤད་ཆར་རྒྱུན》གྱི་སྨན་སྒྲོ་བཟོ་ཐབས་ལས།  ཡེ་ཤེས་ལྔ་དང་ལྡན་ཞིང་ཉོན་མོངས་དུག་ལྔ་འཇོམས་པའི་རྟེན་འབྲེལ་དུ་ཚོན་སྐུད་སྣ་ལྔའི་འཕན་འདོགས་པ་བཤད་པ་རྣམས་སོ།།
 ཁ་དོག་དཀར་སེར་དམར་ལྗང་བཞི་ཕུད།  མཐིང་མདོག་ནི་སྣང་ལ་རང་བཞིན་མ་གྲུབ་པ་དང་ནམ་མཁའ་ལྟ་བུ་ཀུན་ལ་ཁྱབ་པའི་མཚོན་བྱེད་ཀྱང་ཡིན་ཏེ།  ཆོས་སྐུ་རྡོ་རྗེ་འཆང་དང་ཀུན་ཏུ་བཟང་བོ་སོགས་ཀྱི་སྐུ་མདོག་ཏུ་བྱེད་པ་སྟེ།  ཀུན་འབྱུང་ནོར་བུ་ལས་ཚོགས་ལས།  མཆོག་ལ་འོད་མཐིང་གས་སྣང་སྲིད་བདེ་སྟོང་འོད་གསལ་ཆོས་སྐུ་ཆེན་པོར་འབྱམས་སུ་ཀླས་པར་བསམ་ཞེས་བྱུང་བ་དང་།  བོད་བརྒྱུད་ནང་བསྟན་ལས་ཀྱང་རྫོགས་པ་ཆེན་པོ་སྐོར་གྱི་དཔེ་ཆ་སོགས་ཆོས་ཟབ་མོ་འགའ་ཞིག་གི་གྲ་ཚོན་སྔོན་པོར་བཤད་དེ།  དེའང་སྔོན་པོ་ནི་ནམ་མཁའི་མདོག་སྟེ།  ནམ་མཁའ་གར་ཁྱབ་ཏུ་སེམས་ཅན་གྱིས་ཁྱབ་ཅིང་།  སེམས་ཅན་གར་ཁྱབ་ཏུ་སངས་རྒྱས་ཀྱིས་ཁྱབ་པས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གདུལ་བྱར་གྱུར་ཅིང་།  མཐར་ཐུག་ཏུ་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་གོ་འཕང་ལ་མངོན་དུ་རེག་པའི་རྟེན་འབྲེལ་དུ་བཤད་པ་དང་།  ཆོས་ཀྱི་འཁོར་ལོའི་རི་མོ་འབྲི་སྐབས།  རྩིབས་ཀྱི་ཁོང་གསེང་ཐམས་ཅད་ནམ་མཁའི་མདོག་བྱས་པ་ནི་ནམ་མཁ་གར་ཁྱབ་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟེན་འབྲེལ་དུ་བཤད་པ་དང་།  ཡང་ལྷ་ཀླུ་མི་གསུམ་གྱི་ནོར་བུ་སེར་མཐོང་དམར་གསུམ་ཁ་དོག་རིགས་གསུམ་ཡོད་པ་ལས་ལྷའི་ནོར་བུ་མཐིང་མདོག་ནི་ནོར་བུ་ཀུན་གྱི་རྒྱལ་པོར་བཤད་པ་སོགས་བོན་ལུགས་ཀྱིས་ནམ་མཁའི་མདོག་ལ་དགའ་བ་ཕུད།  བོད་བརྒྱུད་ནང་བསྟན་དུའང་ནམ་མཁའི་མདོག་མཆོག་ཏུ་འཛིན་པ་ཡོད་དོ།།

ཚོན་གྱི་ཁ་དོག་ས་བོན་སྣ་ཚོགས་དང་སྦྱར་ན། མཅོད་རྫས་ཀྱི་དྲི་མ་སྦྱངས་བའི་མེ་རླུང་ཆུ་གསུམ་གྱི་ས་དོན་རཾ་ཡཾ་ཁཾ་གསུམ་ནི། མེའི་ས་བོན་རཾ་དམར་པོ། རླུང་གི་ས་བོན་ཡཾ་ནག་པོ། ཆུའི་ས་བོན་ཁཾ་དཀར་པོར་བཤད་པ་དང་། ཡི་གེ་དྲུག་མ་རིགས་དྲུག་སྦྱངས་པའི་ས་བོན་དྲུག་དང་སྦྱར་ཚེ། ཨོ་དཀར་པོའི་ལྷའི་སྒྲིབ་པ་སྦྱངས།། མ་ལྗང་གུས་ལྷ་མིན་སྒྲིབ་པ་སྦྱངས།། ཎི་སེར་པོས་མིའི་སྒྲིབ་པ་སྦྱངས།། པད་སྔོན་པོས་བྱོལ་སོང་སྒྲིབ་པ་སྦྱངས།། མེ་དམར་པོས་ཡི་དྭགས་སྒྲིབ་པ་སྦྱངས།། ཧྰུཾ་མཐིང་ནག་དམྱལ་པའི་སྒྲིབ་པ་སྦྱངས་ཞེས་དང་། དེ་བཞིན་ཐུབ་པ་དྲུག་ལའང་སྦྱར་ཏེ། ལྷ་ཡི་ཐུབ་པ་བརྒྱ་བྱིན་པི་ཝཾ་དཀར།། ལྷ་མིན་ཐུབ་པ་ཐག་བཟང་གོ་མཚོན་ལྗང་།། མི་ཡི་ཐུབ་པ་ཤྰཀྱང་ཐུབ་པ་སེར།། བྱོལ་སོང་ཐུབ་པ་སེངྒེ་པོ་ཏི་མཐིང་།། དམྱལ་བའི་ཐུབ་པ་ཆོས་རྒྱལ་མེ་ཆུ་ནག་ཅེས་སུ་བཤད་པ་དང་། རྣམ་བཅུད་དབང་ལྡན་ལས་བཤད་པའི་ས་བོན་སྣ་ཚོགས་ཀྱི་ཁ་དོག་ནི། སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དཀར་པོ། ཉི་མ་དམར་པོ། སྒྲ་གཅན་སྔོན་པོ། དུས་མེ་སེར་པོ་བཅས་གདན་བཞིའི་སྟེང་དུ་རླུང་གི་ས་བོན་ཡ་ནག་པོ། ཆུའི་ས་བོན་ཝ་དཀར་པོ། སའི་ས་བོན་ལ་སེར་པོ། བརྟན་པ་རི་རྒྱལ་གྱི་ས་བོན་ཕྱོགས་མདངས་ཏེ། ཤར་ནག ལྷོ་དམར། ནུབ་སེར། དབུས་ལྗང་གུ་བཅས་ཏེ་གོང་གི་ཕྱོགས་དམངས་ལས་ཁྱད་པར་ཅན་དང་། གཡོ་བ་འདོད་གཟུགས་དང་སྣ་ཚོགས་པདྨའི་ས་བོན་ཀྵ་ལྗང་གུ ཚེག་དྲག་སྟེ་རྣམ་བཅད་ཟླ་ཚེས་སུ་བྱས་པ་དཀར་པོ། ཐིག་ལེ་དམར་པོ། ནྰ་ད་སྔོན་པོ་བཅས་ཏེ། དེ་ལ་སོགས་ཁ་དོག་གི་བཤད་པ་ཤིན་ཏུ་མང་བ་མ་ཟད་རི་མོ་གཅིག་ལའང་ལུགས་མི་འདྲ་བ་འབྱུང་བས་ན་ཐམས་ཅད་བརྗོད་པར་མི་ནུས་མོད་དཔེ་མཚོན་ཙམ་དུ་བྲིས་པ་ལགས་སོ།། གཞན་ཡང་། བོད་ལ་མིག་གིས་དངོས་སུ་མཐོང་དུ་མེད་ཀྱང་སེམས་ལ་གཏན་འཇགས་སུ་གྱུར་པའི་ཁ་དོག་ཀྱང་ཡོད་དེ། དཔེར་ན། ལྷ་དཀར་པོ། བདུད་ནག་པོ། ཀླུ་སེར་པོ། བཙན་དམར་པོ། དགེ་བའི་ལས་འབྲས་བུ་དང་བཅས་པ་དཀར་པོ། སྡིག་པའི་ལས་འབྲས་བུ་དང་བཅས་ནག་པོ་རྣམས་སོ།། བོད་ལུགས་ཀྱི་ཚོན་གྱི་སྡེབ་སྦྱོར་སྐོར་ལ། སེར་མཐིང་དམར་ལྗང་བཞི་ནི་ཚོན་གྱི་ཕ་དང་། དཀར་པོ་ནི་ཚོན་གྱི་མ་སྟེ་རྩ་བའི་ཚོན་ལྔ་རུ་འདོད་ལ། སེར་མཐིང་དམར་ལྗང་བཞི་པོ་དཀར་རག་དང་རེ་རེ་བཞིན་སྡེབ་སྦྱོར་བྱས་པ་ལས་བྱུང་བའི་སྐྱའི་རིགས་དེ་ཚོན་གྱི་བུ་དང་། དེ་ལས་འཕྲོས་པའི་ཁ་དོག་རྣམས་ཚོན་གྱི་ཚ་བོ། དེ་ལ་ཡང་དུ་ཕན་ཚུན་སྡེབ་སྦྱོར་བྱས་པ་ལས་འཕྲོས་པའི་རིགས་ལ་ཡང་ཚ། དཀར་ནག་དང་མ་བསྲེས་པའི་དམར་སེར་དང་། གཡུ་ཁ། ཇ་ཁ་སོགས་ལ་སྦྱར་ཚོན་བཅས་ཀྱི་ཐ་སྙད་འདོགས་ལ། ཚོན་གྱི་ཁ་དོག་བརྒྱ་དང་ལྔ་བཅུ་རྩ་བརྒྱད་དུ་བགྲང་བ་སྟེ། ཕྱི་གླིང་ལུགས་ཀྱི་ཚོན་གྱི་རྩ་བ་ནི་སེར་མཐིང་དམར་གསུམ་དང་། དཀར་པོ་ནི་ཁ་དོག་གང་འདོད་དུ་བསྒྱུར་བའི་གཞི་ཡིན་པས་རྩ་བའི་ཚོན་གྱི་གྲས་སུ་མི་བགྲང་བའི་ལུགས་དང་མི་འདྲ་བའི་རིགས་པ་ཁྱད་པར་ཅན་ཞིག་གོ །

 བོད་ལུགས་ཚོན་སྦྱོར་གྱི་ཁ་དོག་སྡེབ་སྟངས་ལ།  ཚོན་གྱི་དགྲ་སོགས་གཉིས་སུ་དབྱེ་ཞིང་།  དྲ་སོགས་ཀྱི་སྡེབ་སྦྱོར་ལ་བརྟེན་ནས་ཚོན་བཀྲ་ཐབས་དང་།  མཛེས་ཐབས།  འགྲིག་ཐབས་སོགས་བྱེད་པ་སྟེ།  དཔེར་ན།  ཚོན་གྱི་སྡེབ་སྦྱོར་ལས།  དམར་ནག་ཚོན་གྱི་དྲག་པོ་ཡིན།།  དེ་གཉིས་སྡེབ་ན་རྔམ་ཞིག་ཡོད་ཅེས་ཏེ།  ཁ་དོག་དེ་གཉིས་སྡེབ་ན་གཅིག་མདོག་གཅིག་གིས་བཏོན་པས་གྲོགས་སུ་འགྲོ་ཞིང་རྔམ་བརྗིད་ཁྲོ་བོ་སོགས་ལ་ཤིན་ཏུ་མཛེས་པར་བསྟན་པ་དང་།  དཀར་སེར་ཚོན་གྱི་ཤི་པོ་ཡིན།།  དེ་གཉིས་མ་སྡེབ་བསེ་ཞིག་ཡོད་ཅེས།  དེ་གཉིས་སྡེབ་ན་རྒྱང་རྔམ་དང་བཀྲགས་མདངས་མེད་པའི་སྐྱ་བོར་འགྱུར་བས་ཤི་བོའི་མདོག་ཅེས་བཤད་པ་སོགས་ཀྱིས་མཚོན།  ཚོན་སྡེབ་སྦྱོར་གྱི་ལག་ལེན་བསྟན་བཅོས་དང་བཅས་རང་རྐྱ་ཅན་ཞིག་ཡོད་དོ།།
 བོད་ལུགས་ཀྱི་རི་མོ་དང་རྒྱན་གོས་ཐམས་ཅད་བཀྲག་དམངས་ཆེ་བ་ལ་དགའ་བ་ནི།  བོད་ཀྱི་ཐོག་ཐ་བར་གསུམ་གྱི་མཛེས་སྣང་གི་ལྟ་བ་ཁྱད་ཆོས་ཅན་ཞིག་སྟེ།  དེ་ལྟ་བུའི་ལྟ་བ་ཞིག་ཆགས་པའི་ཡུལ་ལ་གངས་ཅན་གྱི་ལྗོངས་ཞེས་ས་ཆ་ཕལ་ཆེ་བ་མཐོ་ས་ཡིན་ཕྱིར།  ལོ་རེར་དབྱར་ཟླ་གསུམ་ཙམ་ལས་གཞན་གྱི་ཟླ་བ་དགུའི་རིང་ཕལ་ཆེར་རྩི་ཤིང་དང་མེ་ཏོག་བཀྲ་བ་མེད་ཅིང་།  གནམ་གཤིས་ཀྱི་དབང་གིས་ས་ཆ་ཐམས་ཅད་སྐྱ་བོ་ཡིན་པ་མ་ཟད།  དེའང་མདོ་ཁམས་ཀྱི་ས་ཆ་ཙམ་མ་གཏོགས་པའི་དབུས་གཙང་གི་ས་ཆ་མང་ཆེ་བ་ནི་གངས་དང་བྲག་རི།  བྱེ་མར་སོང་ཕྱིར་ཁ་དོག་ཐད་ནས་ཕལ་ཆེར་དབྱར་དགུན་གྱི་དབྱེ་བ་འབྱེད་དཀའ་བ་ཙམ་སྟེ།  མདོར་ན་བོད་ཀྱི་ས་ཆ་ཕལ་ཆེ་བ་ལ་མཆོག་ཏུ་དགའ་བའི་མཛེས་སྣང་གི་ལྟ་བ་ཞིག་རང་བཞིན་ཤུགས་ཀྱིས་ཆགས་པ་དང་།  གཞན་ཡང་བོད་ཀྱི་ཡུལ་འདི་ས་ཁྱོན་ཆེ་ཞིང་མི་གྲངས་ཉུང་བས།  ཡངས་པའི་རྩྭ་ཐང་ཆེན་མོ་སོགས་སུ་མི་ཞིག་མཐོང་བ་ཤིན་ཏུ་དཀོན་ལ།  གལ་སྲིད་ཨིནྡྲ་ནྰི་ལ་ལྟར་སྔོ་བའི་རྒྱང་རིང་གི་སྤང་ལྗོངས་སུ་རྔུལ་ལེན་དམར་པོ་གྱོན་པའི་མི་ཞིག་མཐོང་ན་ཕྲ་ཚོམ་ལྟར་ཤིན་ཏུ་མཛེས་པ་སོགས་ཀྱིས་མཛེས་སྣང་ལྟ་བ་དེ་ལྟ་བུ་ཞིག་ཆགས་ཀྱང་སྲིད་དོ།།
 གོང་གི་མཛེས་སྣང་གི་ལྟ་བ་དེ་དག་ལ་བརྟེན་ནས་བོད་ཀྱི་རི་མོ་གནས་སྐབས་སུ་བཀྲ་བ་ཙམ་དུ་མ་ཟད།  མི་ལོ་སྟོང་དུ་སོང་ཡང་ཐོག་མར་བྲིས་པ་ཇི་བཞིན་ཁ་དོག་མི་ཉམས་ཡུན་དུ་གནས་པའི་ཐབས་ཀྱང་ཡོད་དེ།  བོད་ཀྱི་རི་མོ་རྩ་ཆེན་རིགས་འབྲི་བར་གཏེར་རྡོའི་རིགས་ལས་བླངས་པའི་ཚོན་ཁོ་ན་སྤྱོད་པ་དང་།  དེའི་ཐོག་ཏུ་གསེར།  དངུལ།  ཟངས་དང་ར་གན་རྣམས་བཙོ་སྦྱོང་འདུལ་གསུམ་གྱི་ལག་ལེན་མན་ངག་བཅས་པ་ལ་བརྟེན་ནས་ཁ་དོག་མི་ཉམས་ཤིང་གཡའ་མི་ཞུགས་པའི་ཐབས་དང་།  རྡོ་ཚོན་གྱི་སྡེབ་སྦྱོར་དང་མདངས་ཀྱི་ལག་ལེན་ལ་བརྟེན་ནས་མདོག་ཁྱད་པར་ཅན་ཐོན་པ་བཅས་བྱེད་དགོས་ཏེ།  རྒྱུ་སྤུས་ཞན་པའི་ཚོན་དང་།  ཁ་དོག་ཡལ་སླ་བའི་རྩི་ཤིང་གི་ཚོན་གྱི་རིགས་ཉི་ཚེ་བ་རྣམས་ནི་སྤྱོད་རྒྱ་ཆུང་ཞིང་གཙིགས་སུ་མི་འཛིན་པ་བཅས་ཀྱིས་ཤེས་ཐུབ་པ་ཡིན།
 མདོར་ན།  བོད་ཀྱི་ཁ་དོག་གི་ལྟ་བ་ལ་ཁྱད་ཆོས་འདི་དག་ཡོད་དེ།  ༡.བོད་གདོད་མའི་སྐབས་ནས་བྱུང་བའི་ལུས་ལ་ས་དཀར་གྱི་རི་མོ་འབྲི་བ་དང་།  མར་དང་གྲོ་ཕྱེ་ས་དཀར་སོགས་ཀྱིས་དགའ་སྟོན་རྟེན་འབྲེལ་གྱི་ཁྲ་རྟགས་འགོད་པ།  སྟག་གཟིག་གི་པགས་པས་གོས་ཀྱི་གོང་བ་དང་མཐའ་ལ་ཤན་པ་དང་།  སྟག་གཟིག་ལྤགས་པས་གུར་དང་གདན་བྱེད་པ་བཅས་ཀྱི་གནའ་སྲོལ་མ་ནུབ་པར་ད་ལྟ་ཡང་ཡོད་པ།  ༢.གཡུང་དྲུང་བོན་གྱི་སྐབས་ནས་བྱུང་བའི་ནམ་མཁའི་མདོག་ཅན་གྱི་ཆ་བྱད་དང་དེའི་མཚོན་བྱེད་མང་པོ་མཐོང་རྒྱུ་ཡོད་པ།  ༣.ནང་བའི་སྒོམ་སྒྲུབ་ཀྱི་ཆོ་ག་ལས་བྱུང་བའི་ཞི་རྒྱས་དབང་དྲག་གི་ལས་མཚོན་པའི་ཁ་དོག་སོགས་གོལ་དུ་མི་རུང་བ་མང་པོ་ཡོད་པས།  བོད་ཀྱི་མཛེས་སྣང་གི་ལྟ་བའི་ནང་སངས་རྒྱས་ཆོས་ལུགས་ཀྱིས་ཤན་ཞུགས་པའི་གྲུབ་ཅ་ཧ་ཅང་ཆེ་བ།  ༤.སེམས་པ་གངས་ལས་དཀར་བ་སོགས་ཁ་དོག་དཀར་པོ་མཆོག་ཏུ་བརྩི་བའི་མི་རིགས་རང་ཉིད་ཀྱི་བསམ་པའི་འཁྱེར་སོའི་ཁྱད་ཆོས་མངོན་པར་གསལ་བ།  ༥.བོད་བཟོ་རི་མོའི་ཤེས་བྱ་ལས་ཚོན་གྱི་སྡེབ་སྦྱོར་དང་ཁ་དོག་བཀྲ་ཐབས་ཀྱི་ལག་ལེན་བསྟན་བཅོས་དང་མི་རིགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཅན་དང་རང་རྐྱ་ཅན་ཞིག་ཡོད་པ།  ༦.ལྷ་དཀར་པོ་དང་བདུད་ནག་པོ་སོགས་ཆུ་བུར་མིག་གིས་མ་མཐོང་ཡང་ཡིད་ལ་གཏན་འཇགས་སུ་སོང་བའི་ཁ་དོག་དུ་མ་ཞིག་ཡོད་པ།  ༧.བོད་ཀྱི་གནས་ཡུལ་ཁོར་ཡུག་གི་དབང་གིས་ཁ་དོག་སྣུམ་བརྗིད་དང་བཀྲག་མདངས་ཆེ་བར་དགའ་བ།  ༨.བོད་རིས་སུ་རིན་པོ་ཆེ་ས་ལེ་སྦྲམ་དང་།  དངུལ་དང་།  མཚལ་དང་།  གཙང་སྤང་གཙང་མཐིང་ལ་སོགས་ཚོན་རྩ་ཆེན་རིགས་སྤྱོད་པ་དང་།  རིན་ཆེན་གྱི་རིགས་སྣ་ཚོགས་བསྲེ་བ།  རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་འཕན་གདུང་དང་།  བླ་བྲེ་དང་ན་བཟའ་ལ་སོགས་དར་ཟབ་ཀྱིས་མཛེས་པ་དང་།  གསེར་དངུལ་གྱི་ཁྲི་ལ་རིན་པོ་ཆེའི་ཕྲ་ཚོམ་གྱིས་མཛེས་པར་བརྒྱན་པ།  མཆོད་རྫས་ཚར་དུ་དངར་བ་ལ་སོགས་རིན་པོ་ཆེའི་རིགས་འོད་ཆེམ་ཆེམ་དུ་འཕྲོ་བར་བྱེད་པ་ལ་དགའ་བ་བཅས་ཏེ།  མདོར་ན།  ཁ་དོག་གི་ལྟ་བའི་ཁྱད་ཆོས་དེའི་ཐོག་ནས།  བོད་གདོད་མའི་དུས་ཀྱི་མཛེས་སྣང་གི་ལྟ་བ་དང་།  རྒྱལ་ཕྲན་སིལ་མའི་དུས་ནས་བཙན་པོ་སྔ་མ་རྣམས་ཀྱི་ཆས་གོས།  དུས་རིམ་མི་འདྲ་བའི་ནང་དུ་བོད་ལ་དར་བའི་ཆོས་ལུགས་བན་བོན་གཉིས་ཀྱི་ཁ་དོག་གི་མཚོན་བྱེད་རིགས་ཀྱིས་ཤུགས་རྐྱེན་ཅི་འདྲ་ཞིག་ཐེབས་ཚུལ།  བོད་ཀྱི་གནས་ཡུལ་ཁོར་ཡུག་གི་དབང་གིས་མི་རིགས་གཞན་དང་མི་འདྲ་བའི་མཛེས་སྣང་གི་ལྟ་བ་ཇི་ལྟ་བུ་ཞིག་ཆགས་ཚུལ་བཅས་ཧྲོབ་ཙམ་ཞིག་མཐོང་ཐུབ་ལ།  ཁ་དོག་གི་ལྟ་བ་འདིའི་ཐོག་ནས་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ཆ་ཚང་བ་ཞིག་ཀྱང་ཡིད་ལ་བཀྲ་ལམ་མེར་འཆར་ཐུབ་བོ།།