ཁ་ཆེ་ཕུ་ལུ་

ཡོང་ཁུངས་Wikipedia
༄༅།།ཨོཾ་སྭ་སྟི། སྔོན་རྒྱ་གར་འཕགས་པའི་ཡུལ་ནས་སངས་རྒྱས་དགུང་ལོ་བཅུ་ལ་ཕེབས་པ་ན། འཛམ་གླིང་སྤྱི་དང་ལྷག་པར་ཡུལ་དགའ་བའི་གཡས་གཡོན་དུ་རྟགས་དང་རྟེན་འབྲེལ་ཕུན་སུམ་ཚོགས་པ་དང༌། རྫུ་འཕྲུལ་མཁས་བཙུན་གྲངས་མེད་ཀྱི་མཛད་པ་རྣམས་བྲི་དགོས་དང༌། ཤོད་དགོས་བྱུང་ན་མི་ཚེའི་ཁ་ལ་མི་ཚེ་མང་པོ་དགོས་པས། མཚམས་ཀྱི་ཞུ་བར།དགུང་ལོ་བཅུ་ལ་ཕེབས་པའི་དུས། དང་པོ་དྲང་པོའི་གཏེར་མཛོད། གཉིས་པ་ཁྲིམས་ཀྱི་འབྱོན་ཁུངས། གསུམ་པ་ངོ་ཚའི་རྒྱ་མཚོ། བཞི་པ་སྦྱིན་པའི་རྒྱལ་སྒོ། ལྔ་པ་ཆོས་གནང་བ་སོགས་རྩ་བ་ལུང་དང་མཉམ་པའི་སྡོང་པོ་ལ་ལོ་འདབ་རྒྱས་པ་ལྟ་བུའི་ཆོས། འཇིག་རྟེན། ལས་རྒྱུ་འབྲས། ཁྲེལ་ངོ་ཚ། བྱམས་སྙིང་རྗེ། ལམ་ལུགས་སྲོལ་སོགས་གང་ཅི་རྒྱ་མཚོ་ཐིགས་པ་དུམ་བུ་བརྒྱ་ཕྲག་མང་པོར་བཏང་བའི་བསླབ་བྱའི་ཚིགས་བཅད་མུ་ཏིག་དར་ལ་བརྒྱུས་པ་བཞིན་རྩོམ་ཚིག་འདི་དག་ཁ་ཆེ་ཕ་ལུ་འཇུ་ཡིས་ཡིག་ཐོག་ཏུ་བཀོད་པའི་བསླབ་བྱ་དངོས་གྲུབ་ཆུ་མིག་གི་ལེའུ་དང་པོའོ།། །         ཆོས་ཀྱི་འབྱོན་ཁུངས་རྡོ་རྗེའི་ཁྲི་ཡི་ཐོག །རྒྱབ་ཏུ་ཆོས་ཀྱི་བྲག་རི་དབུ་འཕང་མཐོ། །མདུན་དུ་སྙིང་རྗེའི་མཚོ་མོ་འོད་ཀྱིས་ཁེངས། །དབྱར་དགུན་མེད་པར་ཉིན་མཚན་རིང་ཐུང་སྒོམས། །དབྱར་ཁ་དྲོ་རྒྱུ་དགུན་ཁ་གྲང་རྒྱུ་མེད། །དབྱར་དགུན་རིང་ཐུང་དྲོ་གྲང་ལྡན་པའི་ས། །ཉི་མ་ནམ་མཁའི་དགུང་དུ་སླེབས་པའི་དུས། །ཁང་ཁྱིམ་མུན་པ་གྲིབ་སོ་འཁོར་རྒྱུ་མེད། །དེ་ཚོ་འཛམ་གླིང་ལྟེ་བའི་རྟགས་དཔྱད་ཡིན། །ལྟེ་བ་དེ་ནས་ལྟེ་བར་འགྲོ་བའི་ལམ། །ལྟེ་བའི་ལྟེ་བ་དེ་ལ་ཕྱག་འཚལ་ལོ། །བོད་ཀྱི་སྐད་དུ་དཀོན་མཆོག་རིན་པོ་ཆེ། །རང་རེའི་སྐད་དུ་གོ་བརྡར་ཕྱག་འཚལ་ལོ། །རྒྱ་གར་འཕགས་པའི་ཡུལ་དུ་འགྲོ་འདོད་ན། །སེམས་པའི་ཡུལ་ན་གཏི་མུག་ཤུལ་མེད་བཟོས། །འདོད་ཆགས་ཞེ་སྡང་དམར་པོའི་མེ་ལ་སྤོར། །བསམ་རྒྱུ་གཅིག་ལ་སྒོམ་རྒྱུ་དྲན་རྒྱུ་གཅིག །གཅིག་ལ་གཉིས་ཀྱི་འབྲེལ་སོ་མེད་ཟེར་ན། །ཆོས་ལ་འགྲོ་ཆས་སྒྲིགས་ཤིག་ཕ་ཡི་བུ། །འགྲོ་གིན་འགྲོ་གིན་ལྟད་མོ་མཐོང་ཡོང་ངོ༌། །བྱས་ཚད་ཆོས་དང་བཏང་ཚད་ལམ་ལ་འགྲོ །བསམ་ཚད་ཐོག་དང་དགོས་ཚད་ལག་ཏུ་ཐེབས། །ལབ་ཚད་གཏམ་དང་དགོས་ཚད་འབེན་ལ་ཕོག །དེ་འདྲའི་ས་རུ་འགྲོ་འདོད་ཡོད་ཟེར་ན། །དགོས་རྒྱུའི་སྙིང་པོ་དོན་གྱི་རྡོག་ཁ་གསུམ། །དང་པོ་སེམས་པ་མེ་ལོང་བཞིན་དུ་དྭངས་གཅིག་དགོས། །གཉིས་པ་དམ་ཚིག་གཙང་ཆུ་བཞིན་དུ་གཙང་གཅིག་དགོས། །གསུམ་པ་ཡག་རྒྱ་སེངྒེ་བཞིན་དུ་ཆེ་གཅིག་དགོས། །དེ་གསུམ་འཛོམ་ན་དེ་རུ་སླེབས་པ་ཡིན། །དེ་འདྲའི་ས་རུ་སླེབས་པར་ཕོ་གཞོན་ཚོ། །རང་ལ་རང་གིས་གོ་ཆ་མ་བཀོན་ན། །འཇིག་རྟེན་འདི་ཡི་འཁོར་དུ་ཐིམ་ཡོང་ངོ༌། །སང་སང་གནངས་གནངས་ཟེར་གྱིན་འགྱངས་ཡོང་ངོ༌། །དེ་འདྲའི་ངང་ནས་འབོད་མཁན་སླེབས་ཡོང་ངོ༌། །དེ་དུས་འགྱོད་པའི་གླིང་ལ་རྒྱབ་ཡོང་ངོ༌། །ཁ་བསུར་སྡོང་པོ་སྐམ་པོའི་རྡོ་ལ་སྐྱེས། །ཡལ་ག་ལོ་འདབ་དེ་མ་ཐག་ཏུ་རྒྱས། །འདབ་ལོ་རེ་རེའི་ཐོག་ཏུ་མཚན་རེ་འཁྲུངས། །མཁས་པ་ཡོངས་ཀྱི་རིག་པ་མི་ཉམས་པ། །ལྟེ་བའི་སྙན་ཞུ་ལྟེ་བའི་དྲུང་དུ་ཕུལ། །བཀའ་ཤོག་རྒྱབ་དང་དམ་ཕྲུག་སྐུ་རྒྱབ་ཏུ། །གཙུག་གི་ནོར་བུའི་དོན་གྱི་རྡོག་ཁའི་ཚིག །སྡིག་ཆེན་བདག་དང་འཁོར་བའི་སེམས་ཅན་སོང༌། །ཆོས་ཀྱི་ལམ་སྣ་ཟིན་པའི་སྙན་ཞུ་དང༌། །འདི་དང་ཕྱི་མ་གཉིས་ཀྱི་རེ་ས་དང༌། །བློ་དང་སེམས་པ་གཉིས་ཀྱི་བཞག་ས་ལ། འབྲལ་བ་མེད་པར་ཐུགས་རྗེས་རྒྱང་ནས་གཟིགས། །ཡེ་ཤེས་སྤྱན་གྱིས་གཟིགས་ནས་ཐུགས་ལ་ཞོག །བྱམས་དང་བརྩེ་བས་བསྐྱངས་ནས་ལམ་སྣ་དྲོངས། །སྐར་ཆེན་འོད་ཀྱི་གླིང་ལ་ཞལ་གཟིགས་ནས། །སྐར་ཆུང་ཆིག་བརྒྱ་ལྔ་བཅུ་ང་གཉིས་བར། །སྙུག་གུས་བཤད་པ་སྙུག་གུས་གོ་སོང་ངོ༌། །ནག་པོའི་རི་མོ་དཀར་པོའི་ཚིག་གིས་ཁེངས། །ཁ་ཆེ་ཕ་ལུའི་བརྙེས་སོ་དྲན་པོས་ཕུལ། །བསླབ་བྱ་ལེའུ་གཉིས་པའོ།། །།         ཆོས་དང་འཇིག་རྟེན་ཁག་ཁག་སོ་སོ་རེད། །སེམས་དང་ལུས་པོ་རང་རང་སོ་སོ་རེད། །སེམས་པ་དཀའ་བ་སྤྱད་ནས་འགྲོ་འདོད་ཀྱང༌། །ལུས་པོ་ཞིམ་པོ་ཟས་ནས་སྡོད་འདོད་ཆེ། །ལུས་པོ་སྐྱིད་པོ་སྡོད་པ་ཞག་གསུམ་དང༌། །སེམས་པ་སྡུག་པ་ཕུག་གི་ཕུག་ནས་སྡུག །སེམས་སྐྱིད་འདོད་ན་ལུས་ཀྱིས་དཀའ་བ་སྤྱད། །ལུས་པོ་བསམ་ན་སེམས་པ་སྡུག་ལ་སྦྱོར། །ང་ལ་ཉན་ན་ལུས་སེམས་དབྱེ་བ་ཆོད། །གསེར་དང་ར་གན་བརྗེ་མི་སྨྱོན་པ་རེད། །གཡུ་དང་དོ་ལེ་ནོར་ན་ལྐུགས་པ་རེད། །འདི་དང་ཕྱི་མ་ཁེ་གྱོང་མི་ཤེས་ན། །འཇིག་རྟེན་འཁོར་བའི་མི་ཚེ་འཁྱོལ་འགྲོ་ཟེར། །ལོ་གཅིག་ལོ་གཉིས་མི་དགོས་བརྒྱ་ཡི་བར། །ཐ་མ་ས་རྡོའི་ཕུང་པོ་ས་ལ་ཐིམ། །རྒྱལ་པོ་གསེར་ཁྲིའི་སྟེང་དུ་བཞུགས་པ་དང༌། །སྤྲང་ཕྲུག་བན་པོའི་འོག་ཏུ་སྡོད་པ་གཉིས། །མི་རྟག་འཆི་བ་བྱུང་དུས་འདྲ་འདྲ་རེད། །ཟས་ཀྱི་ཞིམ་མངར་ལྕེ་ནས་མིད་པའི་བར། །འཁོར་བའི་སྐྱིད་སྡུག་ཞག་གསུམ་འདི་ཡི་རིང༌། །སྤྲང་པོ་སྡུག་ཀྱང་མི་ཚེ་འཁྱོལ་འགྲོ་ལོ། །རྒྱལ་པོ་སྐྱིད་ཀྱང་ཐ་མ་ཤི་འགྲོ་ལོ། །དེ་སྔ་སོང་བའི་གྲངས་ཀ་མི་ཤེས་འདུག །ད་རུང་འགྲོ་རྒྱུའི་གདེང་ཚོད་སུ་ཡིས་ཤེས། །ཡོད་གིན་ཡོད་གིན་འགྲོ་གིན་འགྲོ་གིན་དུ། །དོན་དུ་ཡོང་མི་ཚང་མ་འགྲོ་མི་རེད། །འཁོར་བ་འདི་ལ་རྟག་པ་གཅིག་ཀྱང་མེད། །རྟག་པ་མེད་པར་བདེན་པ་སུ་ལ་ཡོད། །རྟག་པ་བརྟན་པ་མེད་པའི་མི་ཚེ་འདི། །ལ་འགོའི་ཁ་ཡི་ཁྲི་གདུགས་ཉི་མ་འདྲ། །བྱོན་ན་མ་གཏོགས་བཞུགས་རྒྱུ་ཡོད་དྭོགས་མེད། །ད་དུང་ཕྲུག་གུའི་སྣང་བ་མ་ཡེངས་པར། །མཁས་པ་ཡིན་ན་དོན་གྱི་རྡོ་ཁ་སྒྲིལ། །དོན་རྩ་སྒྲིལ་ན་དཔའ་བོ་ཡང་རྩེ་རེད། །འཇིག་རྟེན་འཁོར་བའི་ལས་ལ་སྙིང་པོ་མེད། །འཁོར་བ་གཏན་དུ་སྡོད་པའི་ས་མ་རེད། །འགྲུལ་པ་ཞག་གསུམ་གནས་ཚང་གནས་མགྲོན་རེད། །སོ་སོའི་བསམ་བློ་སོ་སོས་གཏང་བ་དགའ། །འགྲུལ་པ་འགྲོ་ཆས་སྔོན་ནས་མ་བསྒྲིགས་ན། །གནས་ཚང་རྒྱབ་ཏུ་འཁྱེར་ནས་འགྲོ་རྒྱུ་མེད། །གནས་མོ་རོགས་ལ་ཁྲིད་རྒྱུ་ཡོང་དོགས་མེད། །རང་ནོར་རང་ལ་བདག་དུས་བསམ་བློ་ཐོངས། །ལྡེ་མིག་མི་ལ་ཤོར་དུས་འགྱོད་པའི་རྒྱུ། །ཕ་མ་ཤི་བ་མང་པོ་བྱུང་ཡོད་འགྲོ། །ཕྲུག་གུ་བསྡད་པ་མང་པོ་མཐོང་ཡོད་འགྲོ། །ཨ་མའི་རྗེས་ལ་ཨོ་ལོ་འགྲོ་དོགས་མེད། །ཨ་མའི་མཇུག་ལ་བུ་མོ་འགྲོ་དོགས་མེད། །སོ་སོའི་ནམ་དུས་སོ་སོས་བསྐྱལ་ནས་འགྲོ། །ཁྱོད་རང་ཁྱོད་རེའི་བསམ་བློ་ཁྱེད་རང་ཐོངས། །གཅིག་པུར་འགྲོ་བའི་ལམ་གྱི་ལམ་ཆས་འདི། །སྔོན་སྔོན་སྔོན་ལ་སྤྲང་པོའི་ལག་ཏུ་བསྐུར། །ནོར་གྱི་རྟ་ལ་འགྲོ་བའི་བང་འགྲོས་སློབས། །ཕྱི་མ་འགྲོ་བའི་ལམ་ལ་ཐོན་ཆོག་གྱིས། །ཕ་རོལ་ཕྱུག་པོ་ལོངས་སྤྱོད་དགོས་འདོད་ན། །འདི་རུ་སྤྲང་པོའི་སྐྱིད་སྡུག་བལྟས་པ་བཟང༌། །ས་ཡི་འོག་ཏུ་ཁམ་བུ་ཟ་འདོད་ན། །ས་སྟེང་འདི་རུ་ཁམ་སྡོང་བཙུགས་པ་བཟང༌། །ཀུན་ལ་བདེ་བའི་རྩ་བ་བཙུགས་པ་བཟང༌། །ཆོས་ཀྱི་རྩ་བ་མི་སེམས་འཛིན་རྒྱུ་ཡིན། །ཆོས་ཀྱི་སྙིང་པོ་གཞན་དོན་འགྲིག་ལེ་རེད། །ཁྱོད་རང་ཁྱོད་རེའི་འདོད་པ་ཟིན་འདོད་ན། །ཆང་དང་ཨ་རག་དེ་ལས་ལྷག་པ་མེད། །ང་ང་ང་རྒྱལ་ཟེར་བའི་བང་རྒྱས་ཅན། །གསེར་དངུལ་བཟང་དང་གཏམ་དོན་ང་ཟེར་ཞིང༌། །ཞིམ་པོ་ང་དང་འཇམ་པོ་ང་ཟེར་གྱི། །ལེགས་པོ་ང་དང་མཛེས་པོ་ང་ཟེར་གྱི། །གནས་བཟང་སྐོར་ཀྱང་རྐང་ཆུང་ན་རོགས་ཡིན། །རི་ཁྲོད་འགྲིམས་ཀྱང་རྣ་ལྕོག་ཚ་རོགས་རེད། །རླུང་ལ་བཅུད་སྐོར་མཐོང་ཀྱང་སྟོང་པ་རེད། །རྡེའུ་བཅུད་ལེན་རང་སྡུག་རང་གིས་ཉོས། །བྱ་ལུགས་བྱེད་ལུགས་ལྡན་པའི་ཕ་རྒན་ཚོ། །འདོད་པ་ཅན་གྱི་ཆོས་པ་བརྒྱ་ལས་ལྷག །རང་འདོད་ཅན་གྱི་མི་ལ་ངོ་ཚ་མེད། །ངོ་ཚ་མེད་པའི་མི་དེ་དུད་འགྲོའི་རྒྱུད། །བུ་མོ་རྒྱན་དང་གོས་ཀྱིས་སྤུད་གྱུར་ཀྱང༌། །ནོར་བཟང་རྒྱ་ལུའི་བཙུན་མོ་ཉན་དོགས་མེད། །སེམས་གོས་མ་ཆོད་ཆོས་ཞིག་བྱས་གྱུར་ཀྱང༌། །མེ་ལོང་མུན་པའི་གླིང་དུ་གསལ་དོགས་མེད། །ཆུ་ཐག་གླང་གི་མིག་དེ་ཡོལ་བས་སྒྲིབ། །ཉིན་གང་སོང་ཡང་དགོང་མོ་ས་དེར་ལུས། །འདོད་པའི་ཞགས་ཐག་རྐང་ནས་མ་ཁྲོལ་ན། །ལྷ་ཆོས་བྱེད་སོང་ཟེར་ཀྱང་སྟོང་པ་རེད། །གཤོག་སྒྲོ་དར་གྱི་སྐུད་པས་བསྡམས་པ་ན། །རྒོད་པོ་ཡིན་ཀྱང་ནམ་འཕང་ཆོད་དོགས་མེད། །དམ་ཚིག་སེམས་དང་བརྩོན་འགྲུས་སྙིང་ནས་དགོས། །ཐུག་རྒྱུ་གང་ཡོད་ཅི་ཡོད་སེམས་ལ་ཐུག །ལམ་བུ་འདི་ནི་སེམས་པ་དྲུང་གི་ལམ། །སེམས་ལ་གད་དར་ཡང་ནས་ཡང་དུ་རྒྱོབས། །ཚང་མས་སྨོན་རྒྱུ་ཨེ་ཡོང་ལྟོས་ཤིག་ཨང༌། །གཏམ་བཟང་ཁྱེར་རྒྱུ་ཨེ་ཡོང་ལྟོས་ཤིག་ཨང༌། །སྲོལ་བཟང་ཞོག་རྒྱུ་ཨེ་ཡོང་ལྟོས་ཤིག་ཨང༌། །དེ་གསུམ་འཛོམས་ན་དང་པོའི་དང་པོ་རེད། །ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་སོ་སོའི་བསམ་བློ་རེད། །ཡིན་ཀྱང་རྒྱ་ཤོག་རི་མོས་ཁེངས་སོང་ངོ༌། །རྒྱ་སྨྱུག་སེར་པོའི་བློ་ཁ་རྫོགས་སོང་ངོ༌། །བསླབ་བྱ་ལེའུ་གསུམ་པའོ།། །།         ཁྲི་གདུགས་ཉི་ཟླ་ནམ་མཁའི་རྒྱན་ཆ་རེད། །མུན་པ་བསངས་ནས་གླིང་བཞི་འོད་ཀྱིས་ཁེངས། །ཧ་ལོའི་མེ་ཏོག་ལྡུམ་རའི་རྒྱན་ཆ་རེད། །ཞལ་ཁ་ཕྱེ་དུས་ལྡུམ་ལོ་རབ་ཏུ་རྒྱས། །རྒྱལ་པོ་ཆེན་པོ་ཡུལ་གྱི་རྒྱན་ཆ་རེད། །ཁྲིམས་དང་མཐུན་ན་རྒྱལ་གཞིས་མངའ་ཐང་ལྡན། །ཁྲིམས་འགོ་ནོན་ན་བསམ་དོན་ལྷུན་གྱིས་འགྲུབ། །ཁྲིམས་གཞུང་ལྡན་ན་བདེ་སྐྱིད་ཕུན་སུམ་ཚོགས། །མཚོ་མོ་འཁྱོམས་ན་ཉ་མོ་ལས་ཀྱིས་འཁྱོམས། །ལུང་པ་དབུལ་ན་རྒྱལ་པོ་ལས་ཀྱིས་དབུལ། །རྗེ་དཔོན་དར་ཞིང་རྒྱལ་པོའི་ས་སྡེའི་འཕྲུལ། །ཡུལ་སྡེ་མེད་པའི་རྗེ་དཔོན་རྒོད་རེ་བྲོ། །དཔོན་འབངས་ནད་པ་ཨེམ་རྗེའི་དཔེ་བཞིན་དུ། །གཙག་བུ་བཙུགས་པའི་ཤུལ་ལ་རྨ་སྨན་ཐོབ། །བཀའ་བཀྱོན་དགོངས་འཚོམས་བཞག་ལ་བྱམས་སྐྱོངས་མཛོད། །དང་པོ་ཉེས་པ་ཅན་ཡང་བབས་དང་བསྟུན། །གཉིས་པ་ཉེས་པའི་ཐོག་ཏུ་ཉེས་ཐག་ཐོངས། །གསུམ་པ་མི་ངན་རྩ་མེད་བཟོས་ཀྱང་རུང༌། །དེ་འདྲའི་མི་ལ་སྙིང་རྗེ་ལྟ་དགོས་མེད། །ལུ་གུ་མ་འཁྱེར་གོང་ལ་སྤྱང་ཀི་བཟུངས། །ཡུལ་སྡེ་མ་འཁྱོམས་གོང་ལ་མི་ངན་སྤུར། །རྒྱལ་པོ་ཞོ་ལྟར་ཆགས་པ་ཉལ་བསྡད་ན། །ཡུལ་སྡེ་ཁྲག་ལྟར་འཁྲུགས་པ་མི་ཤེས་སོ། །ལུག་རྫི་ཇ་ཆང་གཉིས་ལ་མགོ་འཁོར་ན། །ལུག་གུ་སྤྱང་ཀིས་འཁྱེར་བ་དངོས་བདེན་རེད། །གང་ལ་མཁས་པའི་མི་དེ་ལས་ལ་མངགས། །ཤིང་བཟོ་མཁས་ཀྱང་ལྷ་བྲིས་ཡོང་དོགས་མེད། །སྤྱང་ཀི་དགའ་ཡང་ལུག་རྫི་ཉན་དོགས་མེད། །ལས་འབྲས་ཅན་ལ་མི་ཡི་རྗེ་དཔོན་བསྐོས། །ལུ་གུ་སྤྱང་ཀིའི་ཁ་ལ་བཅུག་ཡོང་ངོ༌། །ཡོན་ཏན་ཅན་ལ་དོན་གྱི་རྡོ་ཁ་སྒྲིལ། །ནོར་བུ་དགོས་ན་རྒྱ་མཚོའི་གཏིང་ལ་ཡོང༌། །དམ་ཚིག་གཙང་མའི་མི་ལ་བློ་གཏད་བཅོལ། །རྡོ་རྗེ་བྲག་ལ་འགྱུར་བ་ཅི་ལ་སྲིད། །ཉིན་མཚན་མེད་པར་མཁས་པའི་མི་དང་བསྟུན། །ཚ་ཁའི་ཁྱི་རོ་ཐ་མ་ཚ་ལ་འགྲོ །ཤ་ཚ་ཅན་ལ་སྐྱོང་ཐར་རིམ་པར་སྤྲོད། །བྱས་རྗེས་བྲུས་ཤུལ་བྱུང་ན་བློ་ཁ་རྫོགས། །བྱས་པ་ཅན་གྱི་སེམས་པ་ཕམ་མ་འཇུག །བྱེད་རྒྱུ་མདུན་དུ་ཡོད་དུས་བྱེད་མཁན་མང༌། །བློ་གཏད་བཅོལ་མི་རྣམས་ཚོ་མཐའ་ནས་སྐྱོངས། །འཛམ་བུའི་གླིང་འདིར་གཏམ་བཟང་སྐད་ཀྱིས་ཁེངས། །དཔའ་རྩལ་ཅན་ལ་དལ་དུས་བདག་པོ་སྤྲོད། །འགག་རྩ་ཐུག་དུས་དགོས་པའི་དུས་ཅིག་ཡོང༌། །རྒྱུན་དུ་བང་མཛོད་ནོར་གྱིས་རྒྱོང་བར་གྱིས། །རྐྱེན་རྩ་ལྷག་ཡོང་དགྲ་བོ་མཆོང་ཡོང་ངོ༌། །དགྲ་བོ་འདུལ་བར་དགོས་རྒྱུའི་དགོས་ཆ་གཉིས། །ནོར་དང་དཔུང་གིས་དགྲ་བོ་ཆམ་ལ་ཕོབས། །ནོར་རྫས་མེད་པར་དཔུང་རོགས་མེད་ཐབས་མེད། །དཔུང་རོགས་འཚོལ་བར་ནོར་རྫས་མེད་ཐབས་མེད། །དེ་གཉིས་འཛོམས་ན་དགྲ་བོ་ལས་ཀྱིས་འཇོམས། །ནོར་ལ་ཕ་མ་བུ་ཚ་སྲོལ་སྲོལ་མཛོད། །ལོ་མང་སོང་བའི་རྒད་པོའི་ཁ་ལ་ཉོན། །སྐྱིད་སྡུག་མང་པོ་མྱོང་བའི་མི་རྒན་རེད། །ལྕགས་ཀྱི་ལྕགས་རིའི་མཚམས་ལ་སླེབས་པའི་དུས། །གཞོན་པའི་ཤེད་ལས་རྒད་པོའི་བྱུས་བྱ་བཟང༌། །དགྲ་པོ་འཕྲལ་གང་འཕྲལ་ལ་འདུལ་འདོད་ན། །སྐབས་ཐོག་གྲོགས་ལ་བཀུག་ནས་བསྡད་པ་བཟང༌། །ཐབས་ཀྱི་སྒོ་ནས་དོན་རྩ་ལོན་ཟེར་ན། །མདའ་གྲི་མདུང་གསུམ་འཕྱར་རྒྱུ་སྨྱོན་པའི་ལས། །མི་ཐུབ་དགྲ་དང་འཛིངས་འཛིངས་བཞག་པ་དགའ། །འཛོམས་རོ་རྩ་འུའི་སྟེང་ལ་རྒྱག་ཐོག་མེད། །མདན་མ་མི་དགོས་གེ་སར་དངོས་ཡིན་ཀྱང༌། །འགྲི‡་ཙམ་བྱུང་ན་འགྲིགས་པ་གཙོ་དོན་ཆེ། །གདོང་བསུ་དཔའ་བོ་རྒྱལ་ཁམས་ཉེས་སུ་ཁོག །ཐབས་རྣམ་འཕྲུལ་གྱི་མེ་མདའ་རྒྱང་ནས་གཏོང༌། །དང་པོ་ཐབས་རྣམ་དགུ་བཅུ་གོ་དགུ་བཏང༌། །དགྲ་ལ་འཁྲུག་དགོས་བྱུང་ཡང་བྱ་ཐབས་མེད། །གོ་བ་མེད་པའི་མི་དེ་ཁྱི་ལས་ལོད། །ཁྱི་ངན་བྱུང་ན་བེར་ཀ་རྣ་ལ་དཀྲིས། །ཕྱིན་ཏོ་ཟེར་ན་ཕྱིན་རྒྱུའི་ལམ་བུ་ཐོངས། །འཛིངས་ཏོ་ཟེར་ན་གོམ་གསུམ་སྔོན་ལ་སྤོས། །འཛོམ་རོ་ཁོང་ཁྲོ་སླང་དུས་མ་དྲན་ན། །རྗེས་སུ་དྲན་ན་རང་གི་ཁ་ལ་རྒྱོབས། །དོན་རྩ་འཇམ་པོའི་སྒོ་ནས་ལོན་ཟེར་ན། །ང་རྒྱལ་ཁོང་ཁྲོ་དོན་མེད་སྟོང་པ་རེད། །ཁོང་ཁྲོ་དབང་དུ་འདུས་ན་མཁས་པའི་རྟགས། །ཁོང་ཁྲོའི་རྗེས་ལ་འགྲོ་མི་གླེན་པ་རེད། །བསམ་བློ་སྔོན་ལ་ཐོངས་ན་མཁས་པ་དང༌། །རྐྱེན་རྩ་མདུན་དུ་ལྷགས་པ་སུས་ཀྱང་མཐོང༌། །དུང་དཀར་གཡས་འཁྱིལ་བཅག་པ་སུས་ཀྱང་མཐོང༌། །ཆག་པ་སྒྲིག་དགོས་བྱུང་ན་ཉས་སྒྲིག་ཡོང༌། །དགྲ་བོ་མགོ་བོ་སྒུར་ནས་སླེབས་བྱུང་ན། །སྗིང་ནས་ཁོང་ཁྲོ་སེམས་ཀྱི་གཏིང་ནས་ཐོན། །མགོ་བོ་སྒུར་བའི་དགྲ་བོ་ཕམ་མ་ཆུག །ཡིན་ཀྱང་ཁྲམ་དང་གཡོ་སྒྱུར་དོགས་གཟོན་དགོས། །གཙང་པོ་མཁར་བསྐྱིལ་ཞབས་ལ་རྒྱུགས་པ་དེ། །རག་རྒྱུ་མ་བྱུང་ཐ་མར་མཁར་ལ་གཤེད། །ངན་པ་བསྐྱངས་ན་བཟང་པོ་བརྡུང་པ་འདྲ། །རྐུན་བུ་སྲེལ་ན་ཚོང་པ་བསད་པ་འདྲ། །དུག་སྦྲུལ་བཞག་ན་མགོ་ནག་མི་ལ་ངན། །སྤྱང་ཀི་བཞག་ན་གཡང་དཀར་ལུག་ལ་ངན། །ཁྱི་ཡིས་མི་ལ་རྨུག་པ་ཡིན་མི་ཞུ། །ཁྱི་ངན་བདག་འཛིན་བྱེད་མཁན་མི་ངན་རེད། །དགྲ་མགོ་འདུལ་མཁན་གཉེན་མགོ་སྐྱོང་མཁན་དགོས། །འཇམ་རང་དྲག་ན་དགྲ་བོ་གཉའ་རེངས་ཡོང༌། །གྱོང་རང་དྲགས་ན་འགག་ལ་ཐུག་པའི་ཉེན། །འཇམ་རྩུབ་བསྲེས་ནས་ཀུན་ལ་གདོང་ལུགས་མཛོད། །དགྲ་གཉེན་ཚང་མར་ཐབས་ཀྱིས་གྲོགས་ལ་ཁུགས། །འཕྲལ་དང་ཕུགས་ཀྱི་རྒྱལ་ས་འཛིན་འདོད་ན། །ཉེ་རིང་མེད་པར་གསེར་ཁྲིའི་ཐོག་ནས་དྲོངས། །ཡུལ་བདེ་མི་བདེ་ཡོང་བའི་དགོངས་པ་དང༌། །དགོང་མོ་ས་ལ་བབས་ལ་ཆོས་ལ་འབུངས། །ལུས་ངག་ཡིད་གསུམ་ཕྱག་འཚལ་སྨོན་ལམ་ཐོབ། །གཏན་གྱི་རེ་ས་དཀོན་མཆོག་གསུམ་ལ་ཞུས། །རིན་ཆེན་སྐར་མའི་བདག་པོའི་བཀའ་དང་བསྟུན། །འདི་ཕྱི་གཉིས་ཀྱི་དབུ་འཕང་མཐོ་དགོས་ན། །མི་རྟག་འཆི་བ་མ་བརྗེད་ཐུགས་ལ་ཞོག །འདོད་འདོད་ཁ་ཆེ་ཕ་ལུའི་གྲོས་གྲོས་ཀྱི། །དོན་གྱི་སྙན་ཞུ་མུ་ཏིག་དར་ལ་བརྒྱུས། །ཁམས་གསུམ་དབང་འདུས་དྲུང་དུ་ཕུལ་ཡོད་དོ། །རིན་ཐང་སྐོར་དུས་རྒྱ་ལྟར་གྲངས་སུ་ཚུད། །བསླབ་བྱ་ལེའུ་བཞི་པའོ།། །།         འཇིག་རྟེན་འདི་རུ་སྒང་གཤོང་མང་གཅིག་འདུག །སྐྱིད་སྡུག་རིང་ཐུང་སྦོམ་ཕྲ་གྲངས་མེད་རེད། །འདྲ་འདྲ་གཅིག་ཀྱང་མེད་པ་མཐོང་གསལ་རེད། །འདི་ལ་ཆོག་ཤེས་རང་གིས་བྱས་པ་དགའ། །ཐོད་པའི་རི་མོ་བསུབ་ཀྱང་སུབ་རྒྱུ་མེད། དེ་ལས་རི་མོའི་འགྲོ་ལུགས་བསྟུན་པ་དགའ། །ལྕགས་རོང་བོང་བུ་སྡུག་ཀྱང་རང་སྡུག་རེད། །སྒལ་བའི་རྒྱབ་ཁུར་མ་འཁྱེར་ཀ་མེད་རེད། །སེམས་གོས་ཆོད་ན་ནོར་ལ་མང་ཉུང་མེད། །ཆོག་ཤེས་མེད་པས་རྒྱལ་པོ་སྤྲང་པོ་དང༌། །སེམས་གོས་ཆོད་ན་སྤྲང་པོ་དེ་ལས་ལྷག །རྒྱལ་པོ་རྒྱལ་གཞིས་ཟོས་ནས་ལྟོགས་ལྷང་ལྷང༌། །སྤྲང་ཕྲུག་ཐང་རྐྱལ་ཁེངས་ནས་སྤོ་སྒྱེད་སྒྱེད། །བཀོད་པའི་ལས་ལ་ཆོག་ཤེས་མ་བྱས་ན། རང་སྡུག་རང་གིས་ཉོས་པ་དོན་མེད་རེད། །ཆོག་ཤེས་ལྡན་ན་ཕྱུག་དང་མ་ཕྱུག་མེད། །ལས་ལ་བཀོད་ན་དགྲ་ནོ་རང་གི་ནོར། །མ་བཀོད་ཕ་ནོར་བུ་ལ་བདག་པ་དཀའ། །ལྗང་པ་རྡོ་ཡི་སྟེང་དུ་སྐྱེ་དོགས་མེད། །སྦག་སྦག་སིག་སིག་བྱས་པས་ཅི་ལ་ཕན། །སེམས་པ་ཤོར་ན་ཕ་བཟང་བུ་ལ་ཤོར། །ཆོག་ཤེས་བྱས་ནས་ལུས་སེམས་འདོད་ལ་འཇོག །ལག་ལེན་ངན་པའི་རིགས་ལ་སྤང་ཆ་གྱིས། །ཕ་བདེ་བུ་སྐྱིད་ཡོང་བའི་བསམ་བློ་ཐོངས། །འདི་ཕྱི་གཉིས་ཀྱི་གཏམ་དོན་ལག་པའི་མཐིལ། །ཁ་ཆེ་ཕ་ལུའི་སྙིང་གཏམ་ཁ་ནས་ལུད། །སྙིང་གི་བུ་ཚོ་སྙིང་ནས་རྣ་བ་ཉོན། །གོ་བ་ཡོད་ན་གོ་རྒྱུ་བྲིས་ཡོད་དོ། །མང་པོ་མེད་ཀྱང་བྲོ་བ་བཅུད་དང་ལྡན། །བསླབ་བྱ་ལེའུ་ལྔ་པའོ།། །།         དབྱར་ཁ་ལྕགས་དང་དགུན་ཁ་རྫ་ལ་ལྟོས། །དབྱར་དགུན་མེད་པར་དམར་པོའི་ལྕེ་ལ་ལྟོས། །སྙིང་གཏམ་སྙིང་གི་གྲོགས་ལ་ཤོད་ཚོད་གྱིས། །སྔ་གྲོགས་དགོང་དགྲར་སོང་བ་མང་པོ་ཡོང༌། །གསེར་དངུལ་མི་ལ་བཅོལ་དགོས་བྱུང་ཡང་བཅོལ། །བཅོལ་བ་སྟོར་ཡང་བཙལ་ནས་རྙེད་པ་རེད། །སྙིང་གཏམ་མི་ལ་བཅོལ་བཅོལ་མང་དྲགས༌། །ལག་མགོ་ཁ་ལ་བཅུག་ནས་སྡོད་དགོས་ཡོང༌། །གཏམ་གྱི་བདུད་པོ་སྙིང་གི་དོང་དུ་ཚུད། །ཁ་ལ་ལྕགས་དང་ལྕེ་ལ་སྒོ་ལྕགས་རྒྱོབ། །བདུད་པོ་གདོང་ནས་ཤོར་ན་མི་ཕོ་གསོད། །འ་རྫི་བྱས་པ་ཅན་གྱི་མི་ལ་ཕན། །མི་ཤོད་དགུ་ཤོད་ཤོད་རྒྱུ་མང་དྲགས་ན། །མི་ལ་མ་ཤོད་ཟེར་གིན་སྡོད་དགོས་ཡོང༌། །ནར་ནར་ལྕེ་ལ་བདག་པོ་མ་བརྒབ་ན། །རིལ་རིལ་དབུ་ལ་འོ་བརྒྱལ་བཟོས་ཡོང་ངོ༌། །མ་བཤད་གཏམ་དེ་ག་དུས་བཤད་བཤད་རེད། །བཤད་ནས་འགྱོད་དགོས་བྱུང་ན་ཐ་མའི་ལས། །མ་བཤད་བར་དུ་གཏམ་ལ་རང་དབང་ཐོབ། །བཤད་ནས་གཏམ་གྱི་དབང་དུ་ཤོར་མཁན་ཚོས། །བཟང་པོའི་བསླབ་བྱ་ངན་པའི་དགྲ་ལ་འགྲོ །དེ་ལས་བཟང་ངན་ཚང་མ་བཟང་པོས་སྐྱོངས། །བཟང་པོས་དགྲ་མགོ་ངན་པ་བཟློག་པས་བསྟུན། །གཏམ་ལ་དྲང་ན་ཆོས་ཀྱི་ལམ་སྣ་ཟིན། །ད་ལྟ་དེ་ལས་ཕུག་ཡུལ་སྐྱིད་ཀྱང་སྐྱིད། །འདི་ཕྱི་གཉིས་ཀྱི་བསམ་དོན་ལྷུན་གྱིས་འགྲུབ། །ཁ་ཆེའི་ཕ་ལུའི་འདོད་དང་སྣག་སྙུག་ཐུག །དཀར་པོའི་ཐོག་ཏུ་ནག་པོའི་བྲིས་ཆ་གསལ། །བྲིས་མི་ས་འོག་བྲིས་ཆ་ས་ཡི་ཐོག །འཛམ་གླིང་མིས་བརྙེད་བསམ་བློའི་དྲན་གསོས་མཛོད། །བསླབ་བྱ་ལེའུ་དྲུག་པའོ།། །།    
        འཛམ་གླིང་མེ་ལོང་ཕར་བལྟ་ཚུར་བལྟ་རེད། །འཁོར་བ་བྲག་རི་བཞིན་དུ་ཁ་ལན་བསློག །རང་གིས་གར་བལྟས་མེ་ལོང་ནང་དུ་གསལ། །རང་གིས་གར་ལབ་བྲག་རིས་ཁ་ལན་བསློག །བཟང་ན་བཟང་དང་ངན་ན་ངན་གྱི་ལན། །འདི་ནི་ཡོང་རྒྱུ་འཇིག་རྟེན་འཁོར་བའི་ལས། །ཚང་མས་སྨོན་པའི་འདོད་པ་མེད་ཟེར་ན། །གཞན་ལ་མ་ལབ་རང་ལ་དོགས་ཟོན་གྱིས། །ཚང་མ་རང་གི་མདོག་དང་མཐུན་ཡོང་ངོ༌། །གང་བྱས་ལག་པའི་མཐིལ་དུ་གསལ་ཡོང་ངོ༌། །གཞན་ལ་དགའ་ཚོད་ཁྱོད་རང་དགའ་མེད་ཡིན། །གང་ལྟར་བཟང་ལ་བཟང་དང་ངན་ལ་ངན། །དུག་ཤིང་སྡོང་པོས་ཁམ་བུ་སྟེར་དོགས་མེད། །ཁམ་བུ་དགོས་ན་ཁམ་སྡོང་འགྲམ་ལ་སོང༌། །རིན་ཆེན་གསེར་གྱི་འདོད་པ་ཡོད་ཟེར་ན། །དོན་མེད་མུན་པའི་གླིང་ལ་མ་སོང་ཞིག །གཞན་ནས་ལགས་ལགས་ལུག་ལུག་དགོས་ཟེར་ན། །རང་ལ་ལགས་ལགས་ལུག་ལུག་མ་ཉུང་དགོས། །ཆེ་འདོད་ཅན་ལ་ཆེ་བ་ཡོང་བ་དཀའ། །དེ་ཡི་ཐབས་ལ་ཆེ་འདོད་བཞག་པ་དགའ། །བྱམས་པོ་བྱས་ན་དགྲ་ཡང་གཉེན་ལ་ལོག །རྩུབ་ཚོད་མ་ཟིན་བུ་ཡང་ཞེན་པ་ལོག །ཐོད་པའི་རི་མོ་གྱེན་ལ་ཡོད་པའི་མི། །སོ་དཀར་འཛུམ་ལེགས་མི་སེམས་འཛིན་པར་མཁས། །ལས་བཟང་བྱས་ནས་ཐར་པའི་ལམ་བུ་ལ། །གཏམ་བཟང་འཁྱེར་ནས་སོང་ཞིག་ཕ་ཡི་བུ། །རི་མོ་ཐུར་ལ་ཡོད་པའི་མི་ངན་ལ། །དུག་སྦྲུལ་ཁྱི་སྨྱོན་གཉིས་ཀྱི་རྟགས་དཔྱད་ཚང༌། །ཉིན་མཚན་མེད་པར་རྨྱུག་རྒྱུ་ཁོ་ལས་མེད། །ལག་ལེན་ངན་པའི་ཐལ་བ་བསླང་ནས་འགྲོ །བཟ་ངཔོ་འོང་བའི་རྗེས་ལ་གཏམ་བཟང་ཡོད། །བཟང་པོའི་ལོ་ལ་བཟ་ངཔོའི་འབྲས་བུ་སྨིན། །ངན་པའི་འབྲས་བུ་ངན་པའི་སྐེ་ལ་འཁྲིལ། །ངན་པའི་རྗེས་ལ་ལྟས་ངན་གཏམ་ངན་སྡོད། །རྒྱ་ཤོག་དཀར་པོའི་སེམས་གསལ་ཡོང་ངོ༌། །རྒྱ་སྐད་བོད་ཀྱི་སྐད་ལ་འགྱུར་སོང་ངོ༌། །ཁ་ཆེ་ཕ་ལུའི་བློ་ཐག་ཆོད་སོང་ངོ༌། །བསླབ་བྱ་ལེའུ་བདུན་པའོ།། །།         དམའ་ས་བཟུང་ནས་གང་ཅིར་བཟོད་པ་སྒོམས། །དོན་གྱི་རྡོ་ཁ་རང་གི་སྗིང་དུ་ཞོག །མི་སེམས་འཛིན་པའི་སྐད་ཆ་ཤོད་གིན་སོང༌། །རང་དོན་སྒྲུབ་པའི་ཇུས་ཆ་གཏོང་གིན་སོང༌། །སྟོང་པ་ཁ་ཡིས་ཁེངས་པའི་དོན་རྩ་ལོངས། །དེ་འདྲའི་ཐབས་ལ་དམའ་ས་བཟུང་ན་བཟང༌། །དམའ་ས་བཟུང་བའི་མི་ལ་དགའ་མཁན་མང༌། །དེ་འདྲའི་མི་ལ་ཡིད་ནས་ཕན་མཁན་མང༌། །མི་ཚེ་ཇ་ཆང་ལོངས་སྤྱོད་ངང་ལ་འགྲོ །འདིར་བཞུགས་འདིར་བྱོན་ཟེར་མཁན་མང་པོ་ཡོང༌། །འདོད་པའི་རྟ་རྒོད་ཚོད་ཀྱི་སྲབ་ཁ་ཐེན། །གང་ས་ཅི་ཐད་རང་ཚོད་རང་གིས་བཟུངས། །འགྲོ་ཚོད་སྡོད་ཚོད་ཤོད་ཚོད་བྱེད་ཚོད་དང༌། །སྐྱིད་པོའི་བྱེད་ཚོད་སྡུག་པོའི་ཁུར་ཚོད་དང༌། ཞིམ་པོའི་ཟ་ཚོད་འཇམ་པོའི་གྱོན་ཚོད་དག །མི་ལ་ཚང་ན་མཁས་པའི་ཡང་རྩེ་ཟེར། །དེ་འདྲའི་མི་ལ་སྐར་མའི་བདག་པོ་རྙེད། །ད་ལྟ་དེ་ལས་ཕུགས་ཡུལ་ལས་གྲས་ཡང༌། །འདོད་པ་ཚོད་ཀྱི་ཕྱི་ལ་ཤོར་དང་གཅིག །ཚོད་ལ་སེམས་ཀྱི་བཀོད་པ་མེད་དང་གཉིས། །དེ་འདྲའི་མི་དང་སྡེབ་ནས་སྡད་ཞན་འདྲ། །དེ་འདྲས་ཆག་སྒོའི་ནང་ལ་འཁྲིད་ཡོང་ངོ༌། །ལས་ལ་ཚོད་མེད་ཐ་མ་ཕུང་པའི་གཞི། །ཚོང་ལ་ཚོད་མེད་མཐའ་གཞུག་ཕམ་པའི་གཞི། །ཁ་ལ་ཚོད་མེད་རྐུབ་ལ་ཉོ་བའི་གཞི། །རྒོད་ལ་ཚོད་མེད་མཐའ་གཞུག་ངུ་བའི་གཞི། །འཁོར་བའི་གཡས་གཡོན་གཡང་དང་གད་པའི་གླིང༌། །ཟགས་ན་ཟགས་ཆོག་རིལ་ན་རིལ་ཆོག་རེད། །དེ་འདྲའི་ལམ་དུ་འགྲོ་བཟོ་སྡོད་མཁས་མཛོད། །གདངས་ཕྲུག་འཁོར་བ་འབྲོག་པའི་ཤོ་དང་འདྲ། །སྤ་ར་ལྕ་མོ་གང་ཐོན་མི་ཤེས་འདུག །ཁེ་གྱོང་སྗིང་ལ་བཅངས་ནས་འགྲོ་ལུགས་མཛོད། །ཁེ་ཡི་སྒོ་མོ་དབྱེ་རྒྱུའི་ཐབས་ལ་ལྟོས། །གྱོང་གི་ལམ་བུ་དགག་རྒྱུའི་ཤུལ་ལ་ལྟོས། །ཁེགྱོང་གཉིས་ལ་སྦོམ་ཕྲ་ཤོར་བའི་དུས། །སྡུག་སྙིང་མནན་ནས་སྡུག་ཚོད་བཟུང་བ་དགའ། །ཚོད་མེད་ཁ་ཆེ་ཕ་ལུའི་ཚོད་ནས་ཤོར། །གཏམ་གྱི་ནོར་བུ་ཤོག་བུའི་ཐང་ལ་ཤོར། །རིན་ཐང་སྐོར་དུས་སྐོར་ཐང་མ་ལོག་མཛོད། །ནོམ་པ་འཛིན་ནས་ཡོད་དོ་ཕ་ཡི་བུ། །བསླབ་བྱ་ལེའུ་བརྒྱད་པའོ།། །།         ཞིམ་ཚད་མ་ཟ་འཇམ་ཚད་མ་གྱོན་ཅིག །ཁ་ལུས་གཉིས་ཀྱིས་སྡུག་ལ་སྦྱར་ཡོང་ངོ༌། །ཁོག་པ་དབུགས་དང་ལྟོ་དང་འདོན་པའི་དུས། །ཟ་མ་གཅིག་པོས་སྡོད་པ་ཡིན་དོགས་མེད། །མིག་དང་གྲོད་པ་གཉིས་ལ་ཁེངས་རྒྱུ་མེད། །ལྟོ་ཚོད་ཟ་ཚོད་རང་གིས་བྱས་པ་དགའ། །གྲོད་པ་ཐབ་ལ་བཙོས་བཙོས་མང་དྲགས་ན། །སྡུག་རྩ་ཐུག་དུས་སྒྱེད་བུ་གྲང་བ་མཐོང༌། །མི་ལ་རེ་བའི་ཇ་ཆང་ལོངས་སྤྱོད་ལས། །རང་གི་རྩ་རྐྱང་ཆུ་རྐྱང་བྲོ་བ་ཞིམ། །ལས་ངན་བཤན་པའི་ཀྲེག་ཁུར་བཟའ་བ་ལས། །དམར་དད་ལངས་ནས་ཤིག་ཀྱང་ཟ་བ་དགའ། །ཟ་རྒྱུ་ཉལ་རྒྱུ་བ་དང་བོང་བུའི་ལས། །དེ་འདྲ་བྱས་པ་ཨེ་དགའ་ཕ་ཡི་བུ། །ཁྱི་དང་གྲོད་པ་ལག་ནས་ཤོར་སོང་ན། །རྟ་རོ་བོང་རོའི་ཐོག་ལ་ཤོར་ཉེན་ཆེ། །གྲོད་པའི་སྒོ་ལ་བསྡམ་ཚོད་མ་བྱས་ན། །གཏམ་གྱི་ཕུ་ཐུང་འཇོལ་འཇོལ་དགོས་འདོད་ན། །གྲོད་པའི་ལག་མགོ་ཐུང་དུ་བཅུག་པ་དགའ། །ཆུ་ནང་ཉ་མོ་བག་ལ་དད་པས་ཕུང༌། །བྱི་བ་ཇིལ་འཇོལ་སྤད་ཁ་ཟོས་པས་ལན། །བྱི་བ་སྨུག་ཆུང་ལྟོགས་སླ་ཟ་འདོད་ཀྱིས། །ས་མདའ་སྐེ་ལ་ཟུག་པ་ཟ་མའི་སྐྱོན། །བྱང་ཐང་ཝ་མོ་རང་ཚོད་མ་ཟིན་ན། །མགོ་པགས་རྐང་ལ་བཤུས་པ་ཟ་མའི་སྐྱོན། །སྟག་དམར་ངར་བཞིམས་བུ་བཞིན་འཛིན་རྒྱུ་འདི། །སྟག་རྒན་ལུག་ལ་ཁྱི་ལྟར་མཆོང་བའི་ཉེན། །མཁས་པ་འདི་ཡིན་ཞུ་རྒྱུ་མེད་ལགས་ཀྱང༌། །དཀར་པོའི་ཐོག་ཏུ་ནག་པོའི་བྲིས་ཆ་གསལ། །ཁ་ཆེ་ཕ་ལུ་ས་འོག་སོང་ན་ཡང༌། །རྒྱ་ཤོག་ལོགས་ཀྱི་སྣག་ཚའི་རི་མོ་འདི། །ས་སྟེང་ཡུན་རིང་གནས་པའི་བཀྲིས་ཤོག །བསླབ་བྱ་ལེའུ་དགུ་པའོ།། །།         འཇིག་རྟེན་བལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས། །བལྟ་ལུགས་གཅིག་ལ་རིགས་ཀྱང་རིགས་གཅིག་འདུག །ཕ་ཡིས་བུ་དང་བུ་ཡིས་ཕ་བྱེད་པ། །དེ་འདྲ་བསམ་ན་ཐུང་ཐུང་ག་ནས་ཡིན། །མ་བསམ་གྱུར་ན་ཕ་བུའི་དམ་ཚིག་ཉམས། །དམ་ཉམས་ལག་ལེན་དགྲ་བོའི་དགྲ་ལ་བསྒྱུར། །ཕྲུག་གུ་ཕ་མ་མེད་པ་མི་སྲིད་ཀྱང༌། །ལག་ཐོག་སྟོན་རྒྱུ་ཡོད་པ་རེ་རེ་ཙམ། །ཚེ་སྟོད་ཡོད་ཀྱང་ཚེ་སྨད་མེད་པ་ཡང༌། །ཕ་བུའི་དམ་ཚིག་བསྲུང་དུས་བསྲུང་བ་དགའ། །དུས་ཚོད་ཆུ་ཚོད་མ་འགྱངས་གྲོལ་ནས་འགྲོ །འཐུས་ཤོར་མེད་པ་བུ་ལ་ཡོན་ཏན་སློབ། །ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང༌། །ཡོན་ཏན་ཡོངས་ཀྱི་རྒྱལ་པོ་ཡི་གེ་རེད། །ཕྲུག་གུའི་ཡི་གེས་གསེར་ཁྲིའི་སྟེང་དུ་སྐྱེལ། །མི་ཕོའི་ཡི་གེས་སྟག་གདན་སྟེང་དུ་འཇོག །བླ་མའི་ཆོས་རྭར་ཡི་གེ་མེ་ལོང་རེད། །རྒྱལ་པོའི་ཁྲིམས་རྭར་ཡི་གེ་འབྲས་བུ་རེད། །ཡིག་ཡོད་ཡིག་ཡོད་མཁས་པ་སྤྲུལ་པའི་རྒྱུད། །ཡིག་མེད་ཡིག་མེད་ལོང་བ་ལྐུགས་པའི་རྒྱུད། །ཀྱོག་ཀྱོག་ཡི་གེ་གཞུ་ལྟར་འཁྱོག་གྱུར་ཡང༌། །དོན་རྩ་མདའ་ལས་འདྲོངས་པ་དེ་རུ་ཚང༌། །ཡོན་ཏན་རིན་ཆེན་དགོས་འདོད་ཀུན་འབྱུང་རེད། །དགོས་འདོད་ཀུན་འབྱུང་མི་དགོས་ཐོགས་པ་མེད། །དོན་དུ་མི་ལ་ཡོན་ཏན་ཚང་བ་དགོས། །ནོར་རྫས་མཚམས་རེ་སོང་འགྲོ་མཚམས་རེ་ཡོང༌། །ནོར་ལ་བསྐྱུར་བརླག་རྐུན་མས་འཁྱེར་བའི་ཉེན། །ཡོན་ཏན་རིན་ཆེན་འཛད་མེད་ཕུགས་ཀྱི་གཏེར། །ན་སོ་གཞོན་དུས་བུ་ལ་སྦྱོང་བདར་སློབ། །ན་སོ་ལོང་ནས་བསླབ་དགོས་མེད་པ་གྱིས། །ལྕང་གསར་གཞོན་དུས་འདྲོངས་ན་འདྲོངས་པ་རེད། །ལྕང་རྒན་སོང་སོང་མང་ན་ཆག་པའི་ཉེན། །ངན་པ་མི་དང་བསྡོངས་ཤིང་འགྲོགས་ཞན་འདྲ། །དུག་དང་བསྡོང་ན་དུག་གི་ཁ་རླངས་ཕོག །ངན་པའི་ཚོགས་དང་ནག་པོའི་སོལ་བ་འདྲ། །ཚ་མོ་བསྲེགས་ཡོང་གྲང་མོ་རྫས་ཉེན་ཆེ། །ཁེ་དང་གྱོང་གི་བསྐོར་ཕྱོགས་གཏོང་གིན་སོང༌། །ཡག་དང་ཉེས་ཀྱི་སྐད་ཆ་ཤོད་ཀྱིན་སོང༌། །ཡག་ན་ཡག་པས་ངོ་བསྟོད་བདག་རྐྱེན་སྤྲོད། །ཉེས་ན་ཉེས་སོང་ཟེར་བས་ཉེས་ཐག་ཐོངས། །ཨ་མའི་ཁ་ལ་སྒོ་ལྕགས་རྒྱབ་དྲགས་ན། །ཕྲུག་གུས་ཆག་སྒོའི་རྒྱལ་སྒོ་ཕྱེད་ཉེན་ཆེ། །རྡོ་ལ་ཕྱི་བརྡར་ཐོན་ན་ནོར་བུ་དང༌། །ལྕགས་ལ་འཇམ་ཤ་ཐོན་ན་མེ་ལོང་ཡོང༌། །ཡོན་ཏན་ཕུན་སུམ་ཚོགས་ན་སྙིང་གི་བུ། །བྱ་ལུགས་བྱེད་ལུགས་ངན་ན་དགྲ་ལས་ཀྱང༌། །དེ་ཚོ་སེམས་པ་དཀར་བའི་སྐད་ཆ་རེད། །བུ་ཡོད་ཕ་ཚོ་ཐུགས་ལ་དེ་ལྟར་ཞོག །བསླབ་ལེའུ་བཅུ་པའོ།། །།         དེ་ནས་གསན་དང་ཨ་མའི་སྙིང་ཉེ་ཚོ། །བྱམས་དང་བརྩེ་བ་ཅན་གྱི་དྲིན་ཅན་མ། །ཕྲུག་གུ་ཆུང་དུས་ཨ་མའི་འགོ་རུ་སྡོད། །ལང་ལ་གཏོང་རང་གཏོང་ན་ཨ་མས་གཏོང༌། །ཁ་ལ་མི་སྟེར་དགུ་སྟེར་ཨ་མས་སྟེར། །ལུས་ལ་མི་གཡོགས་དག་གཡོགས་ཨ་མས་གཡོགས། །ཆུང་དུས་ཨ་མས་ལང་ལ་བཏང་བའི་བུ། །ལང་ཤོར་ཐ་མ་ཨ་མས་དགའ་མི་ཁུག །དེ་འདྲ་མི་གསོད་བྱས་ནས་ཕུང་བ་མང༌། །དེ་འདྲ་རྟ་འཁྱེར་བྱས་ནས་བྲོས་པ་མང༌། །ཨ་མས་སྡུག་སྙིང་མནན་ནས་མ་བསྡད་ན། །ཨ་མས་ཕྲུག་གུ་རླུང་ལ་བསྐུར་ཡོང་ངོ༌། །རྐུ་མ་རྐུ་དུས་ཐུག་ཐུག་བརྡུང་བ་དགའ། །ཧམ་གྱི་ཡོད་ན་སློག་སློག་བཏང་བ་དགའ། །སྒོ་ང་རྐུ་དུས་ཁྲིག་ཁྲིག་མ་བཟོས་ན། །བྱ་མོ་འཁྱེར་བའི་རྗེས་ལ་རྟ་ཕོ་འཁྱེར། །ཞིམ་པོ་སྟེར་སྟེར་འཇམ་པོ་གཡོ‡་གཡོ‡་ཞོག །བྱ་ལུགས་བྱེད་ལུགས་འགྲོ་ལུགས་སྡོད་ལུགས་སྦྱོངས། །བྱེད་ལུགས་མེད་ཀྱང་ཁ་ལ་ཟ་ལུགས་སློབས། །ཐ་མ་དེ་འདྲས་ཉོ་ཉོ་སུ་ཡིས་ཉོ། །ཝ་ཕྲུག་ཐང་ནས་ཐང་ལ་ཟག་རྒྱུ་མེད། །རྒོད་ཕྲུག་གཡང་ལ་ཟག་པ་སྗིང་རེ་རྗེ། །སྤྲང་ཕྲུག་རྒྱལ་ཁམས་བསྐོར་བ་སྤྲང་པོའི་ལས། །ཕྱུག་པོ་སྤྲང་ལ་འཁྱམས་པ་དགྲ་ལ་བསྒྱུར། །ཉན་མཁན་ཡོད་ན་གོ་རྒྱུ་བཤད་ཡོད་དོ། །མཐོང་མཁན་ཡོད་ན་སྟོན་རྒྱུ་བསྟན་ཡོད་དོ། །སྙུག་གུའི་ཁ་ཡི་དོན་གྱི་རྡོ་ཁའི་ཚིག །ཐུགས་ཀྱི་དཀྱིལ་དུ་ཞོག་མཛོད་ཨ་མའི་ཚོགས། །བསླབ་བྱ་ལེའུ་བཅུ་གཅིག་པའོ།། །།        དེ་ནས་ཉོན་དང་ཨ་མའི་ཨོ་ལོ་ཚོ། །སྟག་གཟིག་ནགས་ཀྱི་དཀྱིལ་ནས་ཐོན་འདྲ་རྣམས། །ཕྲུག་གུ་མ་ཡི་ཁོག་ནས་ཐོན་པའི་དུས། །ལྟེ་བ་མ་དང་འབྲེལ་ནས་ཡོང་བའི་དུས། །རྩེར་རྩེར་ཟེར་བ་ཙམ་ལས་ཤ་རྡོག་གཅིག །ནུ་ཞོ་ཁ་ལ་སྦྱར་ཡང་འཐུང་མི་ཤེས། །རྐང་པ་ཡོད་ཀྱང་གོམ་པ་སྤོ་མི་ཤེས། །རྣ་བ་ཡོད་ཀྱང་ཚིག་བརྡ་སྤྲོད་མི་ཤེས། །མིག་གཉིས་ཡོད་ཀྱང་མཐོང་རྒྱུ་མ་ལས་མེད། །སེམས་པ་ཡོད་ཀྱང་བསམ་རྒྱུ་མ་ལས་མེད། །ངོ་ལ་འཁོར་བའི་སྦྲང་མ་སྐྲོག་མི་ཤེས། །མིག་ལ་འཚང་བའི་ཐལ་བ་འདོན་མི་ཤེས། །གྲང་ངུ་འཁྱག་ངུ་ལྟོགས་༩ ངུ་རྒྱག་པའི་དུས། །ཕ་མ་གཉིས་པོའི་དགོང་མོའི་གཉིད་ཐེབས་བཅག །སྐམ་པ་བུ་དང་རློན་པ་ཕ་མས་བྱེད། །འཇམ་པ་བུ་དང་རྩུབ་པ་ཕ་མས་བྱེད། །ད་ལྟའི་དེ་འདྲ་དེ་དུས་ཡིན་དོགས་མེད། །ཕྲུག་གུ་ཆུང་དུས་ལྟ་བ་ཕ་མའི་སྲོལ། །བྱ་ལུགས་བྱེད་ལུགས་འགྲོ་ལུགས་སྡོད་ལུགས་སྦྱོངས། །གང་བྱས་ཡོང་བའི་ཡོན་ཏན་ཕ་མའི་དྲིན། །ཁ་ནས་ཕྲི་སྟེ་བསགས་ཚད་བུ་ཡི་དོན། །ལས་འབྲས་རླུང་ལ་བསྐུར་རྒྱུ་བུ་ཡི་དོན། །བསམ་རྒྱུ་བུ་དང་དྲན་རྒྱུ་བུ་ལས་མེད། །དགོས་རྒྱུ་བུ་དང་འདེམས་རྒྱུ་བུ་ལས་མེད། །བཀའ་དྲིན་ཅན་གྱི་ཕ་མ་རྣམ་པ་གཉིས། །ན་སོ་རྒས་པ་ད་ལྟ་ཨེ་ཤེས་ལགས། །དྲིན་ཅན་དྲིན་དུ་བསམ་པ་ཨེ་ཡོད་ལགས། །ཁྲེལ་དང་ངོ་ཚ་དགོས་པ་འདི་རུ་རེད། །ཚོགས་དང་བསོད་ནམས་བསགས་པའི་རྩ་བ་རེད། །གོང་ན་གོ་བརྡ་གཤམ་ན་ཕ་མ་གཉིས། །དེ་གསུམ་ལས་ལྷག་སུ་ཡང་ཡོད་པ་མིན། །ཉིན་མཚན་མེད་པར་ཕ་མའི་བཀའ་དང་བསྟུན། །སྔ་དགོང་མེད་པར་ཕ་མའི་ཞབས་ལ་བཏུད། །ཞིམ་པོ་ཕུལ་ནས་ཨེ་མཉེས་སེམས་ཀྱིས་ལྟོས། །སྙན་པོ་ཞུས་ནས་ཐུགས་སེམས་ཨེ་འགྲོ་ལྟོས། །ཡག་པོ་ཞུས་ནས་དགོངས་པ་ཨེ་སྤྲོ་ལྟོས། །ཕ་མ་མཉེས་ན་འདི་ཕྱི་གཉིས་ཡོད་རེད། །ཕ་མ་མ་མཉེས་འདི་ཕྱི་གཉིས་མེད་རེད། །ཕ་མ་ཡོད་དུས་བཀའ་དྲིན་མ་བསམ་པར། །མེད་དུས་འགྱོད་པ་སྐྱེས་པ་ཐ་མའི་ཐ། ། །འགྱོད་པ་དེ་ནི་ཕུགས་ནས་ཕུགས་སུ་འགྱོད། །ད་ལྟ་ས་སྟེང་འགྱོད་པོ་དེ་ལས་མེད། །དེ་ལྟར་ཕ་མ་འཛོམས་པའི་ཕྲུག་གུ་ཚོ། །གཏམ་གྱི་ནོར་བུ་སྙིང་གི་སྒམ་དུ་ཚུད། །བྱུང་མེད་ཁྲམ་དང་གཡོ་སྒྱུ་གྱོད་ཀྱི་གཞི། །བསླུ་བྱ་སྟེར་ནས་ཕ་བུ་འཕྲལ་ཡོང་ངོ༌། །དེ་འདྲས་དམྱལ་བའི་གཏིང་དུ་བསྐྱུར་ཡོང་ངོ༌། །དེ་འདྲའི་འཕྲོད་དུ་རྐང་པ་དྲངས་ཡོང་ངོ༌། །རི་ཐང་གཡོག་པ་རྣ་བས་ཐོས་ཡོད་འགྲོ །རྩ་མཆོག་ཟིལ་པས་སྐད་ཆ་གོ་ཚོད་འགྲོ །མི་རྒྱུད་མི་དགོས་ལྷ་རྒྱུད་ཡིན་གྱུར་ཀྱང༌། །བུད་མེད་ཡིན་ན་བདུད་ཀྱི་ཡན་ལག་རེད། །དེ་འདྲས་བཤད་ཚད་ཉན་ན་འཕོང་ལ་བཙོག །བྱས་ཚད་ལམ་ལ་གཏང་ན་རླུང་ལ་བསྐུར། །བདུད་དང་གདོང་དུས་མེ་ལ་དོགས་ཟོན་དགོས། །འདྲེ་དང་གྲོགས་པོ་བྱེད་ན་བླ་མ་སྒོམ། །གྱོན་པ་རྙིང་ན་གསར་པ་བཟོས་པས་ཆོག །མནའ་མ་མེད་ཀྱང་མནའ་མ་བསུས་པའི་ཆོག །ཚོལ་དགོས་བྱུང་ན་ཕ་མ་རྙེད་དོགས་མེད། །ཕ་མ་གཉིས་དང་མནའ་མ་བརྗེས་དོགས་མེད། །འདྲ་འདྲའི་ཁྲོད་དུ་སྡོད་པ་ངོ་ཡང་ཚ། །འཇོན་མདོག་བྱས་ཀྱང་འཇོན་རྒྱུ་དེ་ཁ་རེད། །ཕ་མ་མནའ་མའི་དབྱེ་འབྱེད་མ་ཤེས་ན། །མི་ལུས་དེ་འདྲ་ཐོབ་ཀྱང་ཁྱི་ལས་ལོད། །ཁྱི་ངན་སྨྱོ་ཡང་བདག་པོ་ངོས་ཀྱིས་འཛིན། །ཁྱི་ལས་ལོད་པའི་མི་དེ་ཡ་ཡང་ང༌། །དེ་འདྲའི་ལུས་རྟེན་སྡང་པའི་དགྲ་ལ་བསྒྱུར། །མི་ངན་གཅིག་གིས་མི་བརྒྱ་རླུང་ལ་བསྐུར། །ལམ་ངན་བཏོད་ནས་འཛམ་གླིང་ཕུང་ལ་སྦྱོར། །བ་མོ་གཅིག་གིས་མི་ཡི་ཞིང་བཟས་ནས། །བ་མོ་ཡོངས་ཀྱི་འགྲོ་བའི་ལམ་བུ་བཀག །ཅེས་པའི་དཔེ་ལྟར་སྤྱོད་ངན་འདོར་ཤེས་པ། །རིག་པ་རྣལ་དུ་ཕོབ་ཅིག་ཕ་ཡི་བུ། །བསམ་བློ་འདྲོངས་ལ་ཐོངས་ཤིག་ཇོ་ཇོའི་སྙིང༌། །རེ་དང་འཇིགས་པས་དབྱར་ས་དགུན་ས་ནས། །ཐར་བའི་གླིང་གི་ལས་སུ་སྐྱ་སེང་སེང༌། །བཟང་གི་རེ་དང་ངན་གྱི་ཉེས་ཡོད་ན། །ལམ་བུ་དེ་ག་རེད་དོ་སྐལ་ལྡན་ཚོ། །འཁོར་བའི་མི་སྲིད་སྲིད་པའི་ཁྲོན་པ་རུ། །ལས་ཉོན་མི་སྲིད་སྲིད་པས་སྐྱུར་དུས་འདིར། །དོན་རྩ་བསྒྲིལ་ནས་རྡོག་དོན་བྱེད་པའི་དུས། །རེ་ས་ལྟ་ས་གོ་བརྡའ་ཁོང་ལ་ཞུས། །ལས་འབྲས་སྙིང་ལ་བཅངས་ནས་འགྲོ་ལུགས་དང༌། །དཀར་ནག་སེམས་ལ་བཞག་ནས་བྱེད་ལུགས་མཛོད། །ལས་འབྲས་ཁ་ནས་ཤོད་མཁན་མང་པོ་ཡོང༌། །ལག་ལེན་ལག་ཏུ་ལེན་པ་གསེར་ལས་དཀོན། །དེ་ལ་བལྟས་ན་འགྱོད་པ་སྙིང་ནས་བསྐྱེད། །དེ་འདྲ་བསམ་ན་སྐྱོ་བ་གཏིང་ནས་བསྐྱེད། །དེ་རིང་བྲིས་པའི་ཡི་གེ་ནག་ཆུང་འདི། །ཁ་ཆེ་ཕ་ལུ་སྨྱོ་བའི་སྨྱོ་ལབ་རེད། །གཏི་མུག་སྙིང་གི་དཀྱིལ་ལ་རྩོལ་རྩོལ་འདི། །རང་གིས་མི་ཤེས་མི་ལཌྷ་བཤད་ལེ་འདྲ། །རང་སྐྱོན་མི་མཐོང་མི་སྐྱོན་སྟོན་ལེ་འདྲ། །ཆག་པ་གས་པའི་ཕྱོགས་ལ་ཧམ་ལེ་འདྲ། །ང་ལ་བླ་མས་ཐུགས་རྗེས་རྒྱང་ནས་གཟིགས། །ཁ་དང་ལག་ལེན་འགྲིགས་པའི་འཕྲིན་ལས་མཛོད། །མདོག་དང་བྲོ་བ་མཐུན་པའི་བཀྲ་ཤིས་ཤོག །ཁ་ཆེ་ཕ་ལུའི་བསམ་བློའི་རྒྱ་མཚོ་ནས། །བཏོན་པའི་ནོར་བུ་ཤོག་བུའི་ནང་དུ་ལྷུང༌། །རྒྱལ་སྡེ་ཁྲོན་པའི་དཀྱིལ་དུ་བཞག་ཡོད་དོ། །རྨ་བྱའི་ལུས་ལ་ཁུ་བྱུག་གསུང་སྙན་འདི། །སྐྱིད་སྐྱིད་ཟེར་བས་ཕྱོགས་ཀུན་ཁྱབ་པར་ཤོག །ཁ་ཆེ་ཕ་ལུས་ཀུན་ལ་གདམས་པའོ།། །