ཀློང་བཤགས་བརྗོད་པ་རང་གྲོལ་

ཡོང་ཁུངས་Wikipedia
Jump to navigation Jump to search

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ཀློང་བཤགས་བརྗོད་པ་རང་གྲོལ་ཞེས་བྱ་བ་བཞུགས་སོ༔ ཀུན་བཟང་ཆེ་མཆོག་ཞི་ཁྲོའི་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་ཉམས་ཆག་དག་གྱུར་ཅིག༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ཉམས་ཆག་མ་སྤངས་གནས་སུ་དག་བྱའི་ཕྱིར༔ ཞི་ཁྲོའི་ཀློང་བཤགས་བརྗོད་པ་རང་གྲོལ་བསྟན༔ འདི་ལ་བརྩོན་པར་གྱིས་ཤིག་ཕྱི་རབས་བུ༔ ས་མ་ཡ༔ འདི་ལ་དྲུག་སྟེ་བརྗོད་མེད་དོན་བཤགས་དང་༔ ཞི་བའི་ཀློང་བཤགས་ཁྲོ་བོའི་ཀློང་བཤགས་དང་༔ ལྟ་བའི་ཀློང་བཤགས་རཱུ་ཏྲའི་སྨྲེ་བཤགས་དང་༔ བདེ་གཤེགས་སྤྱི་བཤགས་རྣམ་པ་དྲུག་གིས་བསྟན༔ དང་པོ་བརྗོད་མེད་དོན་གྱི་བཤགས་པ་ནི༔ ཨོཾ༔ ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་༔ ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་དེ༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་རུ༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན༔ འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས༔ གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག༔ སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ༔ ཆོས་ཀུན་རྣམ་དག་ཡེ་ནས་འོད་གསལ་བས༔ རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པ༔ མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད༔ ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ༔ ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་འདིར༔ སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས༔ འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས༔ གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མའི༔ མཁའ་དབྱིངས་ཀློང་ཡངས་པདྨོར་འཁྱིལ་བ་འདིར༔ གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་༔ མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ༔ ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ༔ འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར༔ བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་༔ བྱང་སེམས་ལྕམ་དྲལ་འགྲོ་འདུལ་ཐུབ་པ་དྲུག༔ སྤྲུལ་པའི་སྒོ་བ་ཡབ་ཡུམ་བརྒྱད་ལ་སོགས༔ དབྱིངས་མེད་དབྱིངས་ཉིད་སྤྲུལ་པ་མང་པོའི་ཚོགས༔ རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག༔ རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི༔ ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དག༔ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ ཕྱི་ནང་མཁའ་འགྲོ་རྣལ་འབྱོར་ཉེར་བརྒྱད་ཚོགས༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ ཧཱུྃ༔ ཐུགས་རྗེའི་གདུང་འཚོབ་རྡོ་རྗེ་རྣལ་འབྱོར་བདག༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ༔ བླ་མེད་གོ་འཕང་ཐོབ་པར་བྱ་བའི་ཕྱིར༔ བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག༔ འདའ་དཀའ་རྡོ་རྗེའི་དམ་ཆིག་གཏན་གྱི་གཉེར༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས༔ སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ༔ ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་༔ དོན་ལ་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་༔ གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས༔ ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་༔ ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ༔ བསྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ ཚོར་དང་མ་ཚོར་མ་རིག་དབང་གིས་ནི༔ སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ༔ རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་༔ སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས༔ བཀའ་ལས་བྱུང་བ་དེ་ལྟར་མ་ལྕོགས་ཏེ༔ གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང་༔ མངོན་ཤེས་ཆུང་བས་སྐྱོན་ཅན་མ་རྟོགས་ཏེ༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་༔ ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་༔ ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས༔ ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི༔ ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ༔ ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་གྱུར་རྣམས༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ འཕགས་པའི་བཀའ་ཆད་བདག་ལ་མི་གཏོང་ཞིང་༔ བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་༔ གཉིས་མེད་དབྱིངས་སུ་མི་འགྱུར་བདག་བཀོད་དེ༔ མི་དམིགས་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང་༔ གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ༔ དོན་དམ་སྤྲོས་མེད་བརྗོད་ལས་འདས་པ་ལས༔ རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ༔ ཀུན་རྫོབ་སྒྱུ་མ་ཙམ་གྱིས་དབང་གིས་ན༔ ཐུགས་དང་འགལ་བར་གྱུར་པ་མཐོལ་ལོ་བཤགས༔ ནོངས་པ་མཆིས་ན་རང་གནོང་བཟོད་པར་གསོལ༔ འཁོར་བ་ཐོག་མ་མེད་པའི་དུས་མཐའ་ནས༔ ལས་ཀྱི་དབང་གིས་བདག་ཉིད་འཁོར་བར་འཁྱམས༔ ཉོན་མོངས་ལོག་པར་ལྟ་བའི་དུག་འཐུང་སྟེ༔ སྡུག་བསྔལ་ནད་ཀྱིས་ཤིན་ཏུ་གདུང་བ་ལ༔ བདེ་གཤེགས་ཐུགས་རྗེ་སྨན་པའི་རྒྱལ་པོ་ཡིས༔ དམ་ཆོས་བདུད་རྩི་ཐར་པའི་སྨན་སྩལ་ནས༔ ཉོན་མོངས་འཁྲུལ་པའི་ནད་རྣམས་ཞི་མཛད་ཅིང་༔ བླ་མེད་བྱང་ཆུབ་སྙིང་པོར་འཚོ་མཛད་པ༔ བྱམས་མགོན་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆི༔ ཐུགས་དང་འགལ་བར་གྱུར་པ་མཐོལ་ལོ་བཤགས༔ ལྟ་བ་འཕང་དམའ་ཆོས་ཉིད་དོན་མ་རྟོགས༔ སྒོམ་པ་ཡུན་ཐུང་ཡི་དམ་ལྷ་མ་གསལ༔ བཟླས་བརྗོད་གྲངས་ཉུང་གྲྭ་ཆགས་ཟུར་ཉམས་པས༔ རྒྱལ་བ་རྒྱ་མཚོའི་ཐུགས་དང་ཅི་འགལ་བ༔ རྒྱལ་བ་ཞི་ཁྲོའི་སྤྱན་སྔར་མཐོལ་ལོ་བཤགས༔ ཐུགས་རྗེ་མངའ་བ་ཁྱེད་ལ་བཟོད་པར་གསོལ༔ ཡེ་ཤེས་ལྷ་ཚོགས་སྤྱན་སྔར་མཐོལ་ལོ་བཤགས༔ འབད་རྩོལ་ཆུང་བས་སློབ་དཔོན་ཐུགས་མ་མཉེས༔ གདུང་སེམས་ཆུང་བས་མཆེད་ལྕམ་ཐུགས་མ་ཟིན༔ འཕྱོར་ལ་གཡེམ་པས་གདམས་ངག་གཞན་ལ་ཤོར༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ ཚོར་དང་མ་ཚོར་མ་རིག་དབང་གིས་ནི༔ ལྷག་ཆད་འགལ་འཁྲུལ་གྱུར་པ་ཅི་མཆིས་པ༔ རྒྱལ་བ་ཞི་ཁྲོའི་སྤྱན་སྔར་མཐོལ་ལོ་བཤགས༔ ཐུགས་རྗེ་མངའ་བ་ཁྱེད་ལ་བཟོད་པར་གསོལ༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཐོལ་ལོ་བཤགས༔ མཐོལ་ཞིང་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ༔ ས་མ་ཡ༔ གཉིས་པ་ཆོས་ཉིད་ཞི་བའི་ཀློང་བཤགས་ནི༔ ཨོཾ༔ ཀུན་བཟང་ཡབ་ཡུམ་གསན་ཅིང་དགོངས་སུ་གསོལ༔ ཡིད་དང་ཆོས་ནི་ཡེ་ནས་མངོན་སངས་རྒྱས༔ ཀུན་བཟང་ཡབ་ཡུམ་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ ཀུན་བཟང་ཡབ་ཡུམ་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ རྒྱལ་བ་རིགས་ལྔ་གསན་ཅིང་དགོངས་སུ་གསོལ༔ ཕུང་པོ་ལྔ་ནི་ཡེ་ནས་མངོན་སངས་རྒྱས༔ རྒྱལ་བ་རིགས་ལྔའི་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ རིགས་ཀྱི་ཡབ་རྣམས་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ རིགས་ཀྱི་ཡུམ་རྣམས་གསན་ཅིང་དགོངས་སུ་གསོལ༔ འབྱུང་བ་ལྔ་ནི་ཡེ་ནས་མངོན་སངས་རྒྱས༔ རིགས་ཀྱི་ཡུམ་ལྔའི་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ རིགས་ཀྱི་ཡུམ་ལྔའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ སེམས་དཔའ་བརྒྱད་རྣམས་གསན་ཅིང་དགོངས་སུ་གསོལ༔ རྣམ་ཤེས་ཚོགས་བརྒྱད་ཡེ་ནས་མངོན་སངས་རྒྱས༔ སེམས་དཔའ་བརྒྱད་ཀྱི་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ སེམས་དཔའ་བརྒྱད་ཀྱི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ སེམས་མ་བརྒྱད་རྣམས་གསན་ཅིང་དགོངས་སུ་གསོལ༔ རྣམ་ཤེས་ཡུལ་བརྒྱད་ཡེ་ནས་མངོན་སངས་རྒྱས༔ སེམས་མ་བརྒྱད་ཀྱི་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ སེམས་མ་བརྒྱད་ཀྱི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ ཐུབ་པ་དྲུག་རྣམས་གསན་ཅིང་དགོངས་སུ་གསོལ༔ ཉོན་མོངས་དྲུག་ནི་ཡེ་ནས་མངོན་སངས་རྒྱས༔ ཐུབ་པ་དྲུག་གི་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ ཐུབ་པ་དྲུག་གི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ སྒོ་བ་བཞི་རྣམས་གསན་ཅིང་དགོངས་སུ་གསོལ༔ རྟག་ཆད་མུ་བཞི་ཡེ་ནས་མངོན་སངས་རྒྱས༔ སྒོ་བ་བཞི་ཡི་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ སྒོ་བ་བཞི་ཡི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ སྒོ་མ་བཞི་རྣམས་གསན་ཅིང་དགོངས་སུ་གསོལ༔ ཚད་མེད་བཞི་ནི་ཡེ་ནས་མངོན་སངས་རྒྱས༔ སྒོ་མ་བཞི་ཡི་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ སྒོ་མ་བཞི་ཡི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ དེ་ནས་ཞི་བའི་ལྷ་ལ་གནོང་བཤགས་བྱ་བ་ནི༔ ཨོཾ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་པས༔ བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔ ཞི་བའི་དཀྱིལ་འཁོར་ལྷ་རུ་སྦྱོར་མ་འཚལ༔ སངས་རྒྱས་བཞི་བཅུ་གཉིས་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ ཕུང་པོ་ལྔ་པོ་རིགས་ལྔར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཀུན་ཏུ་བཟང་པོའི་ཚོགས་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ འབྱུང་བ་ལྔ་རྣམས་ཡུམ་ལྔར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཀུན་ཏུ་བཟང་མོའི་ཚོགས་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ རྣམ་ཤེས་ཚོགས་བརྒྱད་སེམས་དཔར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ བྱང་ཆུབ་སེམས་དཔའི་ཚོགས་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ ཡུལ་བཞི་དུས་བཞི་སེམས་མར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ བྱང་ཆུབ་སེམས་མའི་ཚོགས་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ ཉོན་མོངས་དྲུག་པོ་ཐུབ་པར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཐུབ་དྲུག་སྤྲུལ་པའི་སྐུ་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ རིག་པ་རྟག་ཆད་སྒོ་བར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཁྲོ་བོ་ཁྲོ་མོ་རྣམས་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ ཡིད་ཆོས་ཀུན་བཟང་ཡབ་ཡུམ་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཀུན་བཟང་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ མ་རིག་འཁྲུལ་པས་ནོངས་པ་བགྱིས་ལགས་ན༔ ཉོན་མོངས་ལས་ཀྱིས་ཡི་དམ་ལྷ་སྤངས་ཏེ༔ བསླུ་བྱེད་དབང་གིས་སློབ་དཔོན་སྙིང་ནས་སྨད༔ ང་རྒྱལ་དྲེགས་པས་མཆེད་དང་ལྕམ་དྲལ་འཁྲུགས༔ སྔགས་ལ་འཕྱོར་བས་གསང་སྔགས་གཞན་ལ་སྤེལ༔ སེར་སྣའི་དབང་གིས་མཆོད་པ་དུས་ལས་འདས༔ གྲོགས་ངན་རྐྱེན་གྱིས་ཆོ་གའི་གསང་བ་ཆག༔ བརྟུལ་ཞུགས་ཆུང་བས་བགེགས་རྣམས་ཚར་མ་ཆོད༔ རྔམ་ཞིང་ཐུག་ཐུབ་ལྷག་ཕུད་ཉམས་ལ་སོགས༔ ཚེ་རབས་ཐོག་མ་མེད་པའི་དུས་མཐའ་ནས༔ ཚེ་འདིའི་ལུས་བཟུང་ད་ལྟ་ཡན་ཆད་དུ༔ སྡིག་པ་མི་དགེའི་ལས་རྣམས་ཅི་བགྱིས་པ༔ དུས་རིག་རྒྱུན་མཁྱེན་རྣམས་ལ་བཟོད་པར་གསོལ༔ འཕགས་པ་ལགས་པས་ཁྱེད་ཀྱིས་དང་དུ་བཞེས༔ སེམས་ཅན་ལགས་པས་ནོངས་ཤིང་འཁྲུལ་པ་བྱུང་༔ སྒྱུ་མ་ལགས་པས་བཤགས་པ་གནང་བར་མཛོད༔ ཐབས་ལ་མཁས་པས་ཚངས་པ་སྩལ་དུ་གསོལ༔ དེ་ནས་ཞི་བའི་ལྷ་ལ་འགྱོད་བཤགས་བྱ་བ་ནི༔ ཨོཾ༔ ཀུན་ཏུ་བཟང་པོ་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཀྱང་༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱིས༔ བདག་ལུས་རྟོག་པས་སྒྱུ་མའི་སྐུ་བསླུས་ཤིང་༔ བདག་དམ་ཉམས་པས་སེམས་ལ་འགྱོད་པ་སྐྱེས༔ ཀུན་བཟང་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ༔ རིགས་ལྔའི་སངས་རྒྱས་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཀྱང་༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱིས༔ བདག་ལུས་རྟོག་པས་སྒྱུ་མའི་སྐུ་བསླུས་ཤིང་༔ བདག་དམ་ཉམས་པས་སེམས་ལ་འགྱོད་པ་སྐྱེས༔ རིགས་ལྔ་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ༔ སེམས་དཔའ་སེམས་མ་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཀྱང་༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱིས༔ བདག་ལུས་རྟོག་པས་སྒྱུ་མའི་སྐུ་བསླུས་ཤིང་༔ བདག་དམ་ཉམས་པས་སེམས་ལ་འགྱོད་པ་སྐྱེས༔ སེམས་དཔའ་སེམས་མའི་སྐུ་ལ་བཟོད་པར་གསོལ༔ སྤྲུལ་སྐུ་ཐུབ་དྲུག་ཐུགས་མཆོག་རིན་པོ་ཆེ༔ བཅུད་ཀྱི་སེམས་ཅན་ཁམས་གསུམ་དབང་དུ་སྡུད༔ སྣོད་ཀྱི་འཇིག་རྟེན་དོན་དམ་དབྱིངས་སུ་སྒྲོལ༔ བདག་ལུས་རྟོག་པས་སྒྱུ་མའི་སྐུ་བསླུས་ཤིང་༔ བདག་དམ་ཉམས་པས་སེམས་ལ་འགྱོད་པ་སྐྱེས༔ སྤྲུལ་སྐུ་ཐུབ་པ་དྲུག་ལ་བཟོད་པར་གསོལ༔ སྒོ་བ་སྒོ་མ་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཀྱང་༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱིས༔ བདག་ལུས་རྟོག་པས་སྒྱུ་མའི་སྐུ་བསླུས་ཤིང་༔ བདག་དམ་ཉམས་པས་སེམས་ལ་འགྱོད་པ་སྐྱེས༔ སྒོ་བ་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ༔ གསུམ་པ་ཁྲོ་བོའི་ཀློང་བཤགས་བྱ་བ་ནི༔ ཨོཾ༔ དང་པོ་རང་བཞིན་མཉམ་པའི་དཀྱིལ་འཁོར་དུ༔ གཟུང་འཛིན་གཉིས་ཀྱི་བདག་དང་མ་བྲལ་བས༔ གཉིས་སུ་མེད་པའི་གནས་ལུགས་དོན་མ་རྟོགས༔ གཉིས་མེད་ཆོས་ཀྱི་སྐུ་ལ་བཟོད་པར་གསོལ༔ དོན་དམ་མི་འགག་གསལ་བའི་གོ་འབྱེད་ཅིང་༔ ཟླ་གསལ་དྭངས་པའི་དབྱིངས་སུ་སྐུ་བཞེངས་ལ༔ བྱང་ཆུབ་ཐིག་ལེའི་འོད་ཀྱིས་ཁྱབ་མཛད་པ༔ ཀུན་སྣང་དྭངས་པའི་སྐུ་ལ་བཟོད་པར་གསོལ༔ དོན་དམ་སྐྱེ་བ་མེད་པའི་མཁའ་དབྱིངས་ལས༔ འབྲས་བུ་ཡོན་ཏན་འབྱུང་བའི་སྐུར་སྣང་བ༔ དབང་ཆེན་རིམ་གྱིས་བསྐྱེད་པའི་བཞུགས་གནས་རྟེན༔ དབང་ཆེན་གཞལ་ཡས་གསལ་བར་མ་གྱུར་པ༔ ཕོ་བྲང་འབར་བའི་ཀློང་དུ་བཟོད་པར་གསོལ༔ བདེ་ཆེན་ཉིད་ལས་ཕྱག་རྒྱའི་སྐུར་བསྟན་ཞིང་༔ ཡེ་ཤེས་དྲུག་གི་ཕྱག་མཚན་རང་རང་རྣམས༔ ཇི་ལྟར་གསལ་བའི་ངང་དུ་མ་གྱུར་པ༔ ཁྲག་འཐུང་རིགས་ལྔའི་སྐུ་ལ་བཟོད་པར་གསོལ༔ གཉིས་མེད་སྐུ་ལ་འཁྲིལ་བའི་གཟུངས་མཆོག་མ༔ པདྨའི་དོན་ལ་ཆགས་པའི་མཁའ་དབྱིངས་སུ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས༔ ཀྲོ་ཏི་ཡུམ་ལྔའི་སྐུ་ལ་བཟོད་པར་གསོལ༔ ཐུགས་ལས་སྐྱེས་པའི་ཡེ་ཤེས་ཁྲོ་མོ་ནི༔ རྣམ་ཤེས་བརྒྱད་ཀྱི་ཡེ་ཤེས་མཁའ་འགྲོ་མ༔ ཀཽའུ་རཱི་ལ་སོགས་ཐུགས་དང་ཅི་འགལ་བ༔ གནས་ཀྱི་མ་མོ་བརྒྱད་ལ་བཟོད་པར་གསོལ༔ ཐུགས་རྗེ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ལོག་རྟོག་མཚན་མར་འཛིན་པ་ཞི་བའི་ཕྱིར༔ མཆེ་གཤོག་རྔམ་པ་འབར་བའི་སྐུར་སྤྲུལ་པ༔ སེངྷ་ལ་སོགས་ཐུགས་དང་ཅི་འགལ་བ༔ ཡུལ་གྱི་ཕྲ་མེན་བརྒྱད་ལ་བཟོད་པར་གསོལ༔ ཕོ་བྲང་རྒྱན་དང་ལྡན་པའི་དཀྱིལ་འཁོར་དུ༔ འགུགས་དང་འཆིང་དང་སྡོམ་དགྱེས་སྒོ་མ་བཞི༔ རྟ་གདོང་ལ་སོགས་ཐུགས་དང་ཅི་འགལ་བ༔ སྒོ་མ་ཕྱག་རྒྱ་བཞི་ལ་བཟོད་པར་གསོལ༔ མངོན་སྤྱོད་ལས་ལས་གྲུབ་པའི་དབང་ཕྱུག་མ༔ དགེ་དང་མི་དགེ་གཉིས་ཀྱི་སྟངས་འཛིན་པའི༔ མ་ཚོགས་དབང་ཕྱུག་ཐུགས་དང་ཅི་འགལ་བ༔ མ་སྲིང་རྒྱ་མཚོའི་ཚོགས་ལ་བཟོད་པར་གསོལ༔ རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ༔ ཐུགས་རྗེ་མཉམ་པའི་ངང་ལས་མ་གཡོས་ཀྱང་༔ ཕྲ་མོའི་ཏིང་འཛིན་གསལ་བར་མ་གྱུར་པ༔ ཡོན་ཏན་འཛིན་པ་རྣམས་ལ་བཟོད་པར་གསོལ༔ བདག་ནི་སྐྱེ་བ་ཐོག་མ་མ་མཆིས་ནས༔ ད་ལྟའི་ལུས་འདི་བཟུང་བ་ཡན་ཆད་དུ༔ མ་རིག་དབང་གིས་སྲིད་པའི་ཁ་འཁོར་ཞིང་༔ ཇི་སྲིད་མི་ལུས་བླངས་ནས་གར་སྐྱེས་ཀྱང་༔ མཚམས་མེད་ལྔ་དང་དེ་དང་ཉེ་བ་ལྔ་༔ སྡིག་པའི་ལས་སུ་གྱུར་པ་ཅི་མཆིས་པ༔ དངོས་སུ་བགྱིས་དང་བགྱིད་དུ་སྩལ་བ་དང་༔ དེ་ལ་རྗེས་སུ་ཡི་རང་བགྱིས་པ་རྣམས༔ བྱང་ཆུབ་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་༔ ཚངས་པར་སྩལ་ནས་དངོས་གྲུབ་སྩལ་དུ་གསོལ༔ དེ་ནས་ཁྲོ་བོའི་དཀྱིལ་འཁོར་ལ་བཤགས་པ་བཟོད་གསོལ་བྱ་བ་ནི༔ ཧཱུྃ༔ བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་དབུས༔ དུག་ལྔ་གནས་འགྱུར་ཡེ་ཤེས་ཧེ་རུ་ཀ༔ དབྱིངས་ཀྱི་ཡུམ་ཆེན་ཁྲོ་མོ་ལྔ་དང་སྦྱོར༔ ཀཽའུ་རཱི་ལ་སོགས་ནང་གི་མཁའ་འགྲོ་བཞི༔ པུསྐ་ལ་སོགས་ཕྱི་ཡི་རྣལ་འབྱོར་མ༔ སེངྷ་ལ་སོགས་ཟ་བྱེད་གདོང་ཅན་ཚོགས༔ ཀྲི་ཏ་ལ་སོགས་མཚམས་ཀྱི་གཤོག་པ་ཅན༔ འབར་བའི་བར་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད༔ སྒོ་བཞིར་འགུགས་འཆིང་སྡོམ་དགྱེས་སྒོ་མ་བཞི༔ ཁྲག་འཐུང་ལྷ་ཚོགས་སྐུ་ཡང་མ་གསལ་ཞིང་༔ སྙིང་པོ་གྲངས་ཉུང་ཕྱག་རྒྱ་གནས་མ་སོན༔ ཚོགས་དང་གཏོར་མས་གནས་སུ་མ་བསྐངས་པ༔ ཁྲོ་བོའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ དེ་ནས་ཁྲོ་བོའི་དཀྱིལ་འཁོར་ལ་བཤགས་པ་བྱེ་བྲག་ཏུ་གསོལ་བ་ནི༔ ཨོཾ༔ དང་པོ་གསང་མཆོག་སྡོམ་པ་འདི་མནོས་ནས༔ འདའ་དཀའ་ཁས་བླངས་དམ་ལས་གཡེལ་གྱུར་ཏེ༔ ཁྲག་འཐུང་རིགས་ལྔའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ གྷ་ནའི་སྦྱོར་མཆོད་རྟོག་འཛིན་བར་ཆད་ཀྱིས༔ ཀྲོ་ཏི་ཡུམ་ལྔའི་ཐུགས་དང་ཅི་འགལ་བ༔ ཁྲོ་མོ་དབྱིངས་ཕྱུག་མ་ལ་བཟོད་པར་གསོལ༔ རྫས་དང་ཕྱག་རྒྱ་མངོན་དུ་མ་གྱུར་ཏེ༔ ཤ་ཟ་ཀཽའུ་རཱིའི་ཐུགས་དང་ཅི་འགལ་བ༔ གནས་ཀྱི་མ་མོ་བརྒྱད་ལ་བཟོད་པར་གསོལ༔ ཤ་ཁྲག་མཆོད་པ་གཞུང་བཞིན་མ་བཤམས་ཏེ༔ སེངྷ་ཕྲ་མེན་ཐུགས་དང་ཅི་འགལ་བ༔ ཡུལ་གྱི་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཤར་ལྷོ་ནུབ་བྱང་སྒོ་བཞི་མ་ཕྱེད་དེ༔ རྟ་གདོང་སྒོ་མའི་ཐུགས་དང་ཅི་འགལ་བ༔ ཡེ་ཤེས་སྒོ་མ་བཞི་ལ་བཟོད་པར་གསོལ༔ འདའ་དཀའ་ཁས་བླངས་འཁོར་དྲུག་མ་ཐུལ་ཏེ༔ མ་བདུན་སྲིང་བཞིའི་ཐུགས་དང་ཅི་འགལ་བ༔ མཁའ་འགྲོ་བཅུ་གཅིག་སྐུ་ལ་བཟོད་པར་གསོལ༔ ལོངས་སྤྱོད་ཆུང་བས་ཚོགས་ཀྱི་ཕུད་ཉམས་པ༔ ཕུད་ཉུལ་དབང་ཕྱུག་ཐུགས་དང་ཅི་འགལ་བ༔ དབང་མོ་ཉི་ཤུ་བརྒྱད་ལ་བཟོད་པར་གསོལ༔ གནས་ལ་མ་བརྟེན་བྱ་བྱེད་འབྱུང་འཇུག་གིས༔ ཏི་རའི་གནས་ཉུལ་ཐུགས་དང་ཅི་འགལ་བ༔ གནས་ཉུལ་ཆེན་མོའི་སྐུ་ལ་བཟོད་པར་གསོལ༔ སྐུ་མཉེས་ཕ་མའི་ཚུལ་དུ་མ་གྱུར་ཏེ༔ རྡོ་རྗེ་སློབ་དཔོན་ཐུགས་དང་ཅི་འགལ་བ༔ རྡོ་རྗེ་རྒྱལ་པོའི་སྐུ་ལ་བཟོད་པར་གསོལ༔ ཏིང་འཛིན་མ་བརྙེས་ཞི་ཁྲོ་མ་ཕྱེད་དེ༔ རྡོ་རྗེ་རྒྱལ་ཐེབས་ཐུགས་དང་ཅི་འགལ་བ༔ སྟོན་པ་སྒྲོན་མེའི་སྐུ་ལ་བཟོད་པར་གསོལ༔ ལེ་ལོ་བྱས་པས་ཕྱག་རྒྱ་རྒྱུན་བཅད་དེ༔ ཀརྨ་ལས་མཁན་ཐུགས་དང་ཅི་འགལ་བ༔ ལས་ཀྱི་སློབ་དཔོན་སྐུ་ལ་བཟོད་པར་གསོལ༔ སྦྱོར་བའི་ཚེ་ན་ཚད་ལ་མ་ཕེབས་ཏེ༔ ཤེས་རབ་སྙེམས་མའི་ཐུགས་དང་ཅི་འགལ་བ༔ གསང་ཡུམ་རིག་མའི་སྐུ་ལ་བཟོད་པར་གསོལ༔ སྒྲོལ་བའི་ཚེ་ན་ཏིང་འཛིན་གནས་མ་སྟོབ༔ སྐྱེས་བུ་གིང་ཆེན་ཐུགས་དང་ཅི་འགལ་བ༔ སྒྲོལ་གིང་བདག་པོའི་སྐུ་ལ་བཟོད་པར་གསོལ༔ སྤྲུལ་སྐུ་ཁྲོ་མོའི་ཐུགས་སུ་མ་གྱུར་ཏེ༔ འགུགས་འདྲེན་ཕོ་ཉའི་ཐུགས་དང་ཅི་འགལ་བ༔ མགྱོགས་བྱེད་ལས་མཛད་སྐུ་ལ་བཟོད་པར་གསོལ༔ ལེ་ལོའི་དབང་གིས་བརྩེ་གདུང་རྒྱུན་ཆད་དེ༔ བྱང་ཆུབ་མཆེད་ལྕམ་ཐུགས་དང་ཅི་འགལ་བ༔ རྡོ་རྗེ་མིང་སྲིང་སྐུ་ལ་བཟོད་པར་གསོལ༔ བྲེ་མོའི་ཕྱིར་ན་དམ་ཚིག་ཉམས་ལ་སོགས༔ ཕྱི་ནང་རྗེས་གཅོད་ཐུགས་དང་ཅི་འགལ་བ༔ དམ་ཚིག་བྱ་ར་བྱེད་ལ་བཟོད་པར་གསོལ༔ ལོངས་སྤྱོད་གསོལ་ནས་ལྷག་མའི་ཕུད་ཉམས་ཏེ༔ ཕྱི་འཁོར་བརྟན་མའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ བཞི་པ་རཱུ་ཏྲའི་སྨྲེ་བཤགས་ནི༔ ཨོཾ༔ ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས༔ དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ༔ རྣམ་དག་འོད་གསལ་ཉི་ཟླ་འབུམ་བརྡལ་བཞིན༔ དཔའ་བོ་འོད་ཟེར་སྟོང་ཁམས་ལམ་མེ་བ༔ སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས༔ ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ༔ བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས༔ ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས༔ སྔོན་ཚེ་ལས་ལོག་སྡིག་པ་བྱས་པས་ནོངས༔ སྡིག་པའི་ལས་རྣམས་ཅི་སྤྱད་རབ་གནོང་འགྱོད༔ དར་ཅིག་དྲག་པོའི་ལས་དབང་དེ་བཙན་ནས༔ འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ༔ ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེག༔ གཏི་མུག་མུན་པ་འཐིབ་པས་ཤེས་རབ་རྨོངས༔ འདོད་ཆགས་རྒྱ་མཚོའི་འགྲམ་དུ་རྣམ་ཤེས་བྱིང་༔ ང་རྒྱལ་དྲག་པོའི་རི་བོས་ངན་འགྲོར་མནན༔ ཕྲག་དོག་རླུང་དམར་འཚུབ་པས་འཁོར་བར་གཡེངས༔ བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས༔ འདོད་པའི་མེ་མདག་དོང་འདྲའི་འོབས་སུ་ལྷུང་༔ སྡུག་བསྔལ་དྲག་པོ་མི་བཟད་ཆར་ལྟར་འབེབས༔ འདི་འདྲའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཞིང་༔ སྡིག་པའི་ལས་དབང་དྲག་པོའི་མེ་འབར་བས༔ རྣམ་ཤེས་དབང་པོའི་མྱུ་གུ་གདུང་གྱུར་ཏེ༔ ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན༔ བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ༔ བདག་ནི་བླུན་རྨོངས་ལས་ངན་སྡིག་པོ་ཆེ༔ ལས་ཀྱི་དབང་གིས་འདོད་ཁམས་རཱུ་ཏྲར་སྐྱེས༔ སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད༔ ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད༔ ལས་ཀྱི་ཤུགས་ནི་ཆུ་བོའི་གཞུང་དང་འདྲ༔ ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་བཟློག༔ རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང་༔ ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས༔ བདག་ནི་དེ་སྔོན་བསྐལ་པ་གྲངས་མེད་དུ༔ འཁོར་བའི་བཙོན་རྭར་མུན་པར་འཁྱམས་པ་ལས༔ བྱམས་མགོན་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ ལས་དང་ཉོན་མོངས་སྒྲིབ་པའི་གནས་སྦྱངས་ནས༔ མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟར་འཁོད༔ ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི༔ ཐུགས་རྗེའི་ཞལ་ཉིད་ལྟ་བས་མི་ངོམས་པ༔ ཐོག་མ་མེད་ནས་མ་རིག་ལིང་ཐོག་གིས༔ ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན༔ འགྲོ་བའི་མགོན་ཁྱོད་དེ་སྔ་གང་ན་བཞུགས༔ ལས་དབང་དྲག་པོ་ཤིན་ཏུ་མི་བཟོད་པས༔ ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས༔ དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཅིང་༔ ཉམ་ཐག་ཕོངས་པའི་ང་རོས་འབོད་ལགས་ན༔ བྱམས་མགོན་ཐུགས་རྗེས་དུས་འདིར་མ་དགོངས་ན༔ ནམ་ཞིག་འཆི་འཕོས་ལུས་སེམས་འབྲལ་བའི་ཚེ༔ གཉེན་བཤེས་གྲོགས་དང་བྲལ་ནས་གཤིན་རྗེས་འཁྲིད༔ དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ༔ ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་འཁྲིད༔ དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ཀྱིས༔ གང་གི་ཕྱི་བཤོལ་དུས་ལས་མི་གཡེལ་བར༔ ད་ལྟ་ཉིད་དུ་བསྟུད་དེ་མངོན་སྤྱོད་མཛོད༔ ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ༔ ཐོག་མ་མེད་པའི་དུས་ནས་ལོག་རྟོག་པས༔ ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེ༔ བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་དུ༔ གདོས་པོ་ཅན་ལུས་གྲངས་མེད་བླངས་གྱུར་ཏེ༔ ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ༔ རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ༔ ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་༔ ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང་༔ བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས༔ སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལ༔ སྐྱེ་བ་ཚེ་གཅིག་ཁོ་ན་ཙམ་གྱི་ལས༔ བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན༔ དེ་ཙམ་བྱས་པའི་ལས་ལ་དོན་ཡོད་པས༔ དོན་གྱི་ཡོང་ཡེ་མྱ་ངན་འདས་ཟིན་ཀྱང་༔ ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས༔ ཤ་ཁྲག་དྲ་བའི་ལུས་བླངས་འཁོར་བར་འཁྱམས༔ སྡུག་བསྔལ་བཟོད་དཀའ་སྲིད་པའི་བཙོན་རྭར་ཚུད༔ མི་བཟད་དྲག་པོའི་སྡུག་བསྔལ་འདི་ལྟ་བུ༔ ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་༔ ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ༔ ཉོན་མོངས་ལས་ཀྱི་རླུང་འདི་བཟློག་ཏུ་གསོལ༔ མ་རིག་ལོག་པའི་ལས་ཀྱི་དབང་བཙན་ནས༔ མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན༔ ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ༔ ཉེས་བྱས་ལས་ཀྱི་རྣམ་སྨིན་མི་བཟོད་ན༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་མི་མཛད་དམ༔ ཕྱིན་ཅི་ལོག་གི་གཡང་སར་ལྟུང་ལགས་ན༔ ཐུགས་རྗེའི་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ༔ དུག་གསུམ་བཟོད་དཀའི་ནད་ཀྱིས་གདུང་ལགས་ན༔ ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོའམ༔ ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན༔ ཐུགས་རྗེའི་བསིལ་བའི་ཆུ་རྒྱུན་མི་འབེབས་སམ༔ སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་གྱུར་ན༔ ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ༔ ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས༔ ནམ་ཞིག་རང་རིག་འབྲས་བུ་ཐོབ་པའི་ཚེ༔ འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས༔ བདག་ཉིད་ལས་འཕྲོའི་དབང་བཙན་བཞག་ན་ལྟ༔ ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི༔ དཔའ་བོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ཞིང་༔ སྔོན་བྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན༔ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར༔ སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ༔ འཁོར་བའི་འདམ་ནས་དྲངས་ཏེ་སྐུ་གསུམ་གྱི༔ གོ་འཕང་མཆོག་ལ་མྱུར་དུ་དྲང་དུ་གསོལ༔ ལྔ་པ་ལྟ་བའི་ཀློང་དུ་བཤགས་པ་ནི༔ ཨོཾ༔ ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ༔ གཟུང་འཛིན་གཉིས་སུ་ལྟ་བ་ཡོངས་རེ་གོོལ༔ དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས༔ སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ༔ བཟང་ངན་གཉིས་སུ་ལྟ་བ་ཐང་རེ་ཆད༔ གཙང་དང་རྨེ་བར་འཛིན་པ་སྙིང་རེ་རྗེ༔ བཟང་ངན་མེད་པའི་ཀློང་དུ་བཤགས་པར་བགྱི༔ མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ༔ སངས་རྒྱས་སེམས་ཅན་ལྟ་བ་ཡོངས་རེ་གོལ༔ ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས༔ མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ བྱང་ཆུབ་སེམས་ལ་སྐྱེ་འཆི་མེད་པ་ལ༔ འདི་དང་ཕྱི་མར་ལྟ་བ་ཐང་རེ་ཆད༔ སྐྱེ་འཆི་གཉིས་སུ་འཛིན་པ་ཉོན་རེ་མོངས༔ འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི༔ ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ༔ གཟུགས་དང་རྫས་སུ་ལྟ་བ་ཡོངས་རེ་གོལ༔ གྲྭ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཀུན་ཟླུམ་ཐིག་ལེའི་ཀློང་དུ་བཤགས་པར་བགྱི༔ དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལས༔ ཐོག་མ་ཐ་མར་ལྟ་བ་ཡོངས་རེ་གོལ༔ འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ དུས་གསུམ་འགྱུར་མེད་ཀློང་དུ་བཤགས་པར་བགྱི༔ རང་བྱུང་ཡེ་ཤེས་བཙལ་དུ་མེད་པ་ལ༔ རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད༔ རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས༔ རང་བྱུང་རྩོལ་མེད་ཀློང་དུ་བཤགས་པར་བགྱི༔ རིག་པ་ཡེ་ཤེས་རྟག་ཆད་མེད་པ་ལ༔ རྟག་ཆད་གཉིས་སུ་ལྟ་བ་སྙིང་རེ་རྗེ༔ གཟུང་འཛིན་གཉིས་སུ་འཛིན་པ་ཉོན་རེ་མོངས༔ རིག་པ་ཡེ་ཤེེས་ཀློང་དུ་བཤགས་པར་བགྱི༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པ་ལ༔ ཕྱོགས་རིས་གཉིས་སུ་ལྟ་བ་ཐང་རེ་ཆད༔ མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པར་བཤགས༔ གཞལ་ཡས་ཁང་ལ་ཕྱི་ནང་མེད་པ་ལ༔ ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད༔ ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཡངས་དོག་ཕྱི་ནང་མེད་པའི་ཀློང་དུ་བཤགས༔ ཡུམ་གྱི་མཁའ་དབྱིངས་མཐོ་དམན་མེད་པ་ལ༔ སྟེང་འོག་གཉིས་སུ་ལྟ་བ་སྙིང་རེ་རྗེ༔ མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས༔ བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས༔ ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པ་ལ༔ ཡུལ་དང་སེམས་སུ་ལྟ་བ་ཐང་རེ་ཆད༔ སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་སྐུ་འགྱུར་མེད་ཀློང་དུ་བཤགས་པར་བགྱི༔ ཅི་མཛད་ཅི་སྤྱོད་ཡབ་ཀྱི་རོལ་པ་ལ༔ རྣམ་རྟོག་སོ་སོར་ལྟ་བ་ཐང་རེ་ཆད༔ མིང་གི་ལོག་པར་འཛིན་པ་ཉོན་རེ་མོངས༔ རོལ་པ་འཛིན་རྟོག་མེད་པའི་ཀློང་དུ་བཤགས༔ རིག་པའི་ཡེ་ཤེས་ནང་ནས་མ་ཤར་བས༔ མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ༔ གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན༔ ཡེ་ཤེས་རང་བཞིན་ཀློང་དུ་མཐོལ་ལོ་བཤགས༔ སྐྱེ་བ་མེད་པའི་དོན་དེ་མ་རྟོགས་པས༔ གང་ཟག་འཁྲུལ་པའི་བློ་འདི་ཡོངས་རེ་སྡུག༔ སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང་༔ བདེ་ཆེན་སྐྱེ་མེད་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་དོན་དེ་བློ་ལ་མ་གསལ་བས༔ སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་ཏེ༔ ཟང་ཟིང་ནོར་ལ་སེམས་ཀྱི་ཆགས་པ་སྐྱེས༔ ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར་བཤགས༔ འཁོར་བ་རང་བཞིན་མེད་པར་མ་ཤེས་པས༔ དངོས་པོ་མཚན་མའི་ཆོས་ལ་བདག་ཏུ་བཟུང་༔ མི་དགེའི་ལས་ཀྱིས་བདེ་བ་འཚོལ་བྱེད་པ༔ བྱང་ཆུབ་སྐྱོན་བྲལ་ཀློང་དུ་མཐོལ་ལོ་བཤགས༔ མཉམ་པའི་དོན་ཉིད་མཉམ་པར་མ་རྟོགས་པས༔ གཉེན་བཤེས་འཁྲུལ་པའི་གྲོགས་ལ་རྟག་པར་བཟུང་༔ མི་ཤེས་སྐྱེ་བོའི་སེམས་འདི་ཡོངས་རེ་གོལ༔ མཉམ་ཉིད་བདེ་ཆེན་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་བདེན་པའི་དོན་དང་མ་འཕྲད་ནས༔ བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན༔ སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས༔ ཆོས་ཉིད་བདེ་ཆེན་ཀློང་དུ་མཐོལ་ལོ་བཤགས༔ རིག་པའི་ཡེ་ཤེས་རང་སར་མ་གྲོལ་བས༔ རང་རིག་དོན་བོར་གཡེང་བའི་ལས་ལ་བརྩོན༔ འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ༔ དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པར་བགྱི༔ ཡེ་ཤེས་ལྷ་ཚོགས་སྲུང་མ་དམ་ཚིག་ཅན༔ དམ་ཚིག་གཞུང་བཞིན་སྒྲུབ་པའི་རྣལ་འབྱོར་ལ༔ མ་རྟོགས་ལྟ་བའི་གོལ་སྒྲིབ་བྱུང་བ་རྣམས༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ དྲུག་པ་བདེ་གཤེགས་སྤྱི་བཤགས་འདི་སྐད་དོ༔ ཨོཾ༔ དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས༔ རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ༔ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྒྲུབ་པའི་ཕྱིར༔ ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང་༔ གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས༔ དམ་བཅས་བཀའ་ལས་འདའ་བར་མི་བགྱིད་དེ༔ ལས་དང་སྐལ་པས་དམྱལ་བར་སྐྱེ་བར་འགྱུར༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་༔ ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ༔ རྡོ་རྗེ་སློབ་དཔོན་བསྟན་པའི་སྒྲོན་མེ་ལ༔ སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང་༔ དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ༔ ངན་སེམས་ལོག་པར་ལྟ་བ་ལ་སོགས་པ༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང་༔ སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང་༔ དུས་དྲུག་ལས་ཀྱི་མཆོད་པའི་ཁྱད་པར་དུ༔ བསྙེན་སྒྲུབ་བསྐང་བའི་ཆོ་ག་མ་བགྱིས་ཏེ༔ བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ རྡོ་རྗེ་སློབ་དཔོན་བྱམས་པའི་སྐུ་དྲིན་གྱིས༔ སྙན་ཁུང་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག༔ ཐུགས་ཀྱི་མན་ངག་སྟེར་ནས་དམ་ཚིག་སྨོད༔ གསང་ཚིག་འདས་ནས་འཆོལ་བར་སྨྲ་ལ་སོགས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ༔ ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ལེ་ལོ་སྙོམས་ལས་གཉིད་ཀྱི་དབང་གྱུར་ཏེ༔ བསྙེན་སྒྲུབ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ལུས་ངག་ཡིད་ཀྱི་བསྒྲུབ་བྱ་འདས་པ་ཡི༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ༔ ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ༔ མངོན་རྟོགས་སྤོང་ལེན་བགྱིས་པ་མཐོལ་ལོ་བཤགས༔ མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ༔ ཁས་བླངས་དམ་བཅའ་ཉམས་པ་མཐོལ་ལོ་བཤགས༔ ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ༔ གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས༔ དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ༔ དྲིན་ལན་ལན་གྱིས་མ་ལོན་མཐོལ་ལོ་བཤགས༔ མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ༔ དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས༔ འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ༔ སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས༔ སོ་སོར་ཐར་པ་རྣམས་ཀྱི་སྡོམ་པ་དང་༔ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་༔ རིག་འཛིན་སྔགས་ཀྱི་དམ་ཚིག་ལ་སོགས་པ༔ འགལ་ཞིང་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས༔ མི་འཆབ་མི་སྦེད་སླན་ཆད་སྡོམ་པར་བགྱི༔ དུས་གསུམ་བསགས་པའི་སྡིག་སྒྲིབ་མཐོལ་བཤགས་ན༔ ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཞེས་སོགས་ཡི་གེ་བརྒྱ་པ་བཟླ་ཞིང་བཤགས་པ་བྱའོ༔ བསྐང་བཤགས་ཉམས་ཆག་རང་གྲོལ་ཆ་རྐྱེན་དུ༔ ཞི་ཁྲོའི་ཀློང་བཤགས་བརྗོད་པ་རང་གྲོལ་བསྟན༔ འདི་ལ་བརྩོན་པར་གྱིས་ཤིག་ཕྱི་རབས་བུ༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཞི་ཁྲོའི་དོན་གྱི་བཤགས་པ་ཀློང་བཤགས་བརྗོད་པ་རང་གྲོལ་ཞེས་བྱ་བ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས༔ དྲི་མེད་བཤགས་པའི་རྒྱུད་ནས་བཀོལ་བ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་བར༔ དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཀརྨ་གླིང་པའི་གཏེར་མའོ༔