Jump to content

ཀླུ་སྦྱིན་དགེ་བཤེས་རིན་པོ་ཆེའི་རྣམ་ཐར་བཞུགས་སོ།། རླབས་ཕྲེང་གཉིས་པ།

ཡོང་ཁུངས་Wikipedia

བེ་རི་འཇིགས་མེད།


རླབས་ཕྲེང་གཉིས་པ། གདན་ས་ཆེན་པོར་ཆོས་ཞུགས་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུར་ གསན་བསམ་རྒྱ་ཆེ་མཛད་ཚུལ།


༡གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཆོས་ཞུགས་གནང་བ།

བྱུ་རུའི་མཚར་སྡུག་གསར་པའི་ལང་ཚོ་ལ།། གཟུང་འཛིན་སྒྲིབ་གཡོག་བྲལ་བའི་རྗེན་གཅེན་མ།། སྐྲ་གྲོལ་ཟུར་མིག་གཡོ་བའི་འཛུམ་ཞགས་ཀྱིས།། བདེ་ཆེན་དག་པའི་དབྱིངས་ནས་གཟིགས་མོར་མཛོད།། དེ་ལྟར་དབུས་འགྱུར་ཆོས་ཀྱི་ཞིང་སར་སླེབས་ཏེ་དད་པའི་མཆོད་མཇལ་སོགས་ལེགས་པར་གྲུབ་ནས༌། ཀུན་འཛིན་ཞེས་པ་རབ་བྱུང་བཅུ་དྲུག་པའི་ས་བྱི་༡༩༤༨ལོའི་ས་ག་ཟླ་བ་བཞི་པའི་ནང༌། གནམ་ལ་ཉི་ཟླ་སྐར་གསུམ་དང་ས་ལ་སེར་འབྲས་དགའ་གསུམ་ཞེས་ཡོངས་སུ་གྲགས་པའི་ནང་ཚན། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་དངོས་སློབ་མཛད་འཕྲྀན་ནམ་མཁའ་དང་མཉམ་པའི་བུ་ཆེ་བཞི་དང་གདན་ས་ཕྱག་བཏབ་པའི་བུ་ཆེན་བཞིའི་ནང་ཚན་མི་དབང་གཙུག་ན་མཛེས་པའི་བླ་ཆེན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་པའི་གདན་ས། དེ་ལའང་བྱེས་སྨད་སྔགས་ཀྱི་གྲྭ་ཚང་གསུམ་ཡོད་པའི་ནང་ནས་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྣམ་དཔྱོད་འགྲན་ཟླ་བྲལ་བའི་མཁས་པ་གཉིས་ཀྱི་ཡ་གྱལ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེངྒེས་ཕྱག་བཏབ་པ། སེར་བྱེས་མཁས་མང་གྲྭ་ཚང་ཞེས་བཤད་སྒྲུབ་རླབས་ཀྱི་གྲགས་པ་སྙན་མོས་ཕྱོགས་མེད་ནོར་འཛིན་སྒེག་པའི་ཁྱོན་ཀུན་བརྡལ་བའི་ཆོས་སྡེ་དེར་ཞབས་ཟུང་འཁོར་ལོའི་རེ་ཁ་མངོན་པར་བཀོད། གྲྭ་ཚང་ཆེན་མོ་འདིའི་སྔོན་བྱོན་དམ་པའི་རྣམ་ཐར་བཟང་པོའི་རྒྱུན་སྲོལ་ཚོགས་གཏམ་ཆེན་མོའི་དགོངས་དོན་ལྟར་ཁང་ཚན་དགེ་རྒན་ཡ་མ་རྒྱ་མཚོ་མཆོག་དང་ལྷན་ཅིག་སེར་བྱེས་མཁས་མང་གྲྭ་ཚང་གི་མཁན་རབས་རེ་གསུམ་པ་ངེས་དོན་སྨྲ་བའི་ཁྱུ་མཆོག་ཏྲེ་ཧོར་བློ་བཟང་བསམ་གཏན་ནམ། མཚན་གཞན་ཡ་མ་སྐལ་བཟང༌། ཡོངས་གྲགས་སུ་མཁན་པོ་གསེར་རྡོག་རྡོག་ཅེས་གྲགས་པ་དེ་ཉིད་ལ་ཁ་བཏགས་དང་གསོལ་ཇས་སྔུན་གསུས་ནས་གསར་མཇལ་ཞུས། དེ་ནས་རིམ་པར་བཞིན་ཚོགས་ཆེན་ཞལ་ངོ་གཉིས་དང༌། གྲྭ་ཚང་དགེ་བསྐོས། ཁང་ཚན་དགེ་རྒན་དང་ཁང་ཚན་གཉེར་པ་བཅས་ལའང་སྒོ་གསུམ་གུས་ཞབས་ལྡན་པའི་སྒོ་ནས་མཇལ་བཅར་ཞུས་ཏེ་བཤད་སྒྲུབ་རླབས་ཀྱི་བ་དན་དཀར་པོ་ཀུན་གསལ་འགྲམ་པའི་ཐིག་ལེར་འཕྱར། དགེ་ལེགས་མཚན་སྙན་དབྱིག་འཛིན་འགྲམ་པའི་ཁྱོན་ཀུན་བརྡལ་བ་གངས་ཅན་པའི་ན་ལེན་དྲ་ཆེན་པོ་སེ་ར་ཐེག་ཆེན་གླིང་བྱེས་པ་གྲྭ་ཚང་རིག་གྲོལ་ཁྲི་ཕྲག་ཚོགས་པའི་མཚན་གཞུང་གནམ་གྱི་སྐར་མ་ལྟ་བུའི་ཁྲོད་དུ་ཐོ་རེངས་ཀྱི་སྐར་ཆེན་གསར་པ་བཞིན་འཚེར་བར་གྱུར་ཏོ།། དེ་ཡང་སེ་ར་ཏྲེ་ཧོར་ཁང་ཚན་ནི་བྱམས་ཆེན་ཆོས་རྗེས་ཤཱཀྱ་ཡེ་ཤེས་པས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་འདི་ཉིད་ཕྱག་བཏབ་ནས་རིང་པོར་མ་སོང་བར་མུས་སྲོད་པ་བློ་གྲོས་རིན་ཆེན་སེངྒེ་གདན་ས་འབྲས་སྤུངས་ནས་ཕྱོགས་འདིར་ཞབས་སོར་འཁོད་པའི་སྐབས་ནས་ཡོད་པར་འདྲ་སྟེ། རྗེ་ཙོང་ཁ་པ་ཞལ་བཞུགས་སྐབས་ས་གླང་༡༤༡༠ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་བཅུ་གསུམ་ཉིན་ཏྲེ་ཧོར་ཚོང་དཔོན་དཔལ་འབྱོར་བཟང་པོས་སྣེ་འཁྲིད་དེ་སྨོན་ལམ་སྦྱིན་བདག་ཞུས་པ་དང༌། དེ་ནས་བཟུང་སྨོན་ལམ་ནམ་ཚོགས་ཀྱི་ཚེས་བཅུ་གསུམ་ཉིན་ཏྲེ་ཧོར་ཁམས་པའི་ཚོང་པའི་སྐྱིད་སྡུག་ཟུར་འཛུགས་ཀྱིས་སྦྱིན་བདག་ཞུས་པའི་ལུགས་སྲོལ་དུས་ཕྱིས་ད་ར་ཁག་ལྔར་གྱེས་པའི་རྗེས་སུའང་ཁང་གསར་མ་ཟུར་དང་བྲེ་བོ་བྲག་མགོའི་དཔོན་རྒྱུད་རིམ་བྱོན་གྱིས་སྨོན་ལམ་བཅུ་གསུམ་ཉིན་གྱི་སྦྱིན་བདག་རིམ་པར་ཞུས་འདུག་པ་དང༌། བྱུང་རིམ་དེའི་ཐོག་མ་མགོ་འཛུགས་གནང་མཁན་ཚོང་དཔོན་དཔལ་འབྱོར་བཟང་པོ་སོགས་ཀྱིས་དགའ་ལྡན་ཏྲེ་ཧོར་ཁང་ཚན་གསར་འཛུགས་ཀྱི་མཐུན་རྐྱེན་གནང་འདུག་པས་དེ་དང་ཆབས་ཅིག སེ་ར་དང་འབྲས་སྤུངས་ཏྲེ་ཧོར་གསར་འཛུགས་ཀྱི་མཐུན་རྐྱེན་ཡང་ཅིས་ཀྱང་སྦྱར་ཡོད་ངེས་སྙམ། དུས་ཕྱིས་དགའ་ལྡན་ཕོ་བྲང་དབུ་བརྙེས་པའི་རྗེས་ནས་ྋགོང་ས་ལྔ་པ་ཆེན་པོས་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ལྷ་དབང་ཕྱོགས་ལས་རྣམ་པར་རྒྱལ་བར་ཆོས་རྗེའི་ཆོ་ལོ་དང་ཏ་ཀོ་ཤཱི་ཝན་ཤི་གོ་གནས་གནང་ནས་ཏྲེ་ཤོད་རྫ་སྟོད་ག་ཡུལ་མགོ་ནས་བྲག་མགོ་ཤིང་ཁོག་བར་ཆོས་སྲིད་ཀྱི་ལུང་རྒྱུག་པའི་བཀའ་ཡིག་དམ་འབྱར་གནང་བ་དང༌། རྗེ་དེ་ཉིད་ཞི་བར་གཤེགས་པའི་རྗེས་སུའང་སྐུ་མཆེད་ཆོས་རྗེ་བློ་བཟང་བསྟན་འཛིན་གྱི་སྐྱེ་སྲིད་སྐུ་ཚ་རྫ་ཆོས་རྗེ་ངག་དབང་ཕུན་ཚོགས་སྐུ་རབས་ཕྲེང་བར་ལྔ་པ་ཆེན་པོས་ཧོར་ཁོག་དགོན་སྡེ་དུ་མར་གསར་འདེབས་དང་དགེ་བསྐུར་ཅི་རིགས་གནང་བའི་འཕྲིན་ལས་ལ་བརྟེན་ནས་ཁང་ཚན་འདིར་ཡང་གྲྭ་རྒྱུན་སྟོན་ཀའི་ཟླ་བ་དང་དབྱར་ཁའི་རྒྱ་མཚོ་ལྟར་འཕེལ་བ་བྱུང་སྣང་སྟེ། དེ་ཡང་ཁང་ཚན་འདིའི་གྲྭ་རྒྱུན་ཡོང་ཁུངས་ནི་ཧོར་སེར་ད་ར་ཁག་ལྔའི་ཁོངས་རྫ་སྟོད་ག་ཡུལ་མགོ་ནས་ཤར་དར་རྩེ་མདོ་ཡན་ཆད་དང༌། ད་དུང་ཡོངས་འཛིན་གླིང་སྤྲུལ་སྐུ་ཕྲེང་གཉིས་པ་དགེ་འདུན་བསྟན་པའི་རྒྱལ་མཚན་གྱི་གདན་ས་སྡེ་དགེ་གླིང་ཚང་འདན་ཆོས་འཁོར་གླིང་སོགས་ཡོད་པར་མ་ཟད། དེ་སྔོན་སྟོང་སྐོར་ཞབས་དྲུང་ཟླ་བ་རྒྱལ་མཚན་གྱི་གདན་ས་སྟོང་འཁོར་དགོན་པ་ཡང་ཁང་ཚན་འདིའི་གྲྭ་རྒྱུན་ཡོང་ཁུངས་སུ་བཤད། རྔོག་བློ་ལྡན་ཤེས་རབ་ཀྱི་རྣམ་འཕྲུལ་བྲག་གཡབ་སྐྱབས་མགོན་ཧོ་ཐོག་ཐུའི་གདན་ས་བྲག་གཡབ་བུ་དགོན། ལོ་ཆུང་ལེགས་པའི་ཤེས་རབ་ཀྱི་རྣམ་འཕྲུལ་བྲག་གཡབ་ཆུང་ཚང་གི་གདན་ས་བྲག་གཡབ་མ་དགོན་བཅས་ཀྱང་གྲྭ་ས་ཐོབ་ཁུངས་འདིར་ཡིན། མདོར་ན་ཤར་དར་མདོ་ལྕགས་ལ་རྒྱལ་པོ་ཡན་ཆད་དང་ལྷོ་དཔལ་ཡུལ་རྡོ་རྗེ་གདན་ཚུན་ཆད། ནུབ་སྡེ་དགེ་གླིང་ཚང་མན་ཆད། བྱང་མགོ་ལོག་གསེར་ཐར་ཕན་ཆད་ནས་ཡོང་ཐོག་ད་དུང་ལྷ་སའི་ཉེ་འཁོར་གྱི་གྲྭ་རྒྱུན་ཡང་མི་ཉུང་བ་ཞིག་ཡོད་པར་སྣང༌། འབྱུང་ཁུངས་དེ་དག་ནས་ལོ་ལྟར་སྔ་ཕྱི་རིམ་རྒྱུད་ཀྱིས་གྲྭ་རྒྱུན་གངས་ཀྱི་ཆུ་རྒྱུན་དང༌། དབྱར་ཁའི་ཆར་རྒྱུུན་ལྟར་བབས་པའི་ཁྲོད་ནས་རྗེ་འདི་ཉིད་ཀྱང་ཆུ་ཐིགས་གཅིག་ཡིན་ནོ། ཁང་ཚན་འདིའི་ནང་ཐོག་མར་ྋགོང་ས་ལྔ་པ་ཆེན་པོའི་འབྲས་སྤུངས་བཅའ་ཡིག་དང་རྒྱལ་དབང་བདུན་པའི་སེ་རའི་བཅའ་ཡིག་ལས་འབྱུང་བ་ལྟར། ལྟ་གྲུབ་མི་མཐུན་པ་རྣམས་རྐུ་ཐབས་སུ་གནས་པ་དང༌། མི་བསད་རྟ་སྒྲིལ་དང༌། རྐུན་ཁྲམ་གཡོ་ཅན་སེར་གཟུགས་སུ་བསྒྱུུར་ནས་གདན་སར་མི་འཛུལ་བའི་ཆེད། ཤག་ཚང་དང་ཁང་ཚན་མི་ཚན་གྲྭ་ཚང་བཅས་རིམ་པར་བརྒྱུད་ནས་འཛུལ་ཞུགས་བྱེད་རྒྱུ་ལས་ཁུངས་མེད་གང་བྱུང་འཛུལ་ཞུགས་མི་ཆོག་པའི་ལམ་སྲོལ་སྔར་ནས་ཡོད་པའི་ཐོག ཏྲེ་ཧོར་ཁང་ཚན་འདིར་དེ་བས་ཀྱང་ཚགས་ཚུད་བྱེད་སྲོལ་ལྟར་ཕ་ཡུལ་དང་གཞིས་དགོན་གང་ཞིག་ནས་གྲྭ་རྒྱུན་སུ་ཞིག་ཁང་ཚན་འདིར་ཁ་གཏོད་ནས་ཡོང་ན། འབྲེལ་ཡོད་སྤུན་ཉེ་སོགས་ཀྱི་འབྲེལ་འཐུད་ཡོད་ན་འབྲེལ་བ་གཞིར་བཟུང་གིས་ཁག་ཤག་དགེ་རྒན་འཚོལ་རྒྱུ་དང༌། ཁང་ཚན་ནང་འབྲེལ་ཡོད་སུ་ཡང་མེད་མཁན་ཚོས་ཁང་ཚན་ར་སྐོར་ཕྱི་མའི་རྒྱབ་ཏུ་ཉིན་གསུམ་བཞི་རིང་སྒུག་སྡོད་བྱེད་ན། ཁང་ཚན་དགེ་རྒན་དང་ཁང་གཉེར་གཉིས་ཀྱིས་གསར་དུ་འབྱོར་པའི་གྲྭ་རྒྱུན་དེའི་མིང་དང་ཕ་ཡུལ། གཞིས་དགོན། དེ་བཞིན་ཁང་ཚན་ནང་ངོ་ཤེས་རྒྱུས་ཡོད་དང༌། འབྲེལ་མཐུད་བྱ་ཡུལ་ཡོད་མེད་དྲིས་ཏེ་འབྲེལ་མཐུད་མེད་རིགས་རྣམས་ཁང་དགེ་དང་ཁང་གཉེར་གཉིས་ཀྱིས་ཤོ་དཀྲུགས་ཏེ་སུས་ཐོབ་པ་དེས་ཁག་ཤག་དགེ་རྒན་གནང་སྲོལ་ཡོད་འདུག་པ་ལྟར། ཁང་ཚན་དགེ་རྒན་ཡ་མ་རྒྱ་མཚོ་མཆོག་གིས་ཁག་ཤག་དགེ་རྒན་གནང༌། བཤད་སྲོལ་ལ་དེ་སྔོན་སྲོལ་རྒྱུན་དེའི་འོག་ནས་སྟོང་བསྐོར་ཞབས་དྲུང་རིན་པོ་ཆེ་ཏྲེ་ཧོར་བར་རའི་རྒྱབ་ཏུ་ཉིན་གསུམ་རིང་སྒུག་ཀྱང་བདག་པོ་སྤྲོད་མཁན་མ་བྱུང་བས་སེར་སྨད་རོང་པོར་མཛུལ་བ་དང༌། དགའ་ལྡན་ཁྲི་ཐོག་ཞེ་བརྒྱད་པ་ཏྲེ་ནག་པ་དོན་འགྲུབ་རྒྱ་མཚོ་འབྲས་སྤུངས་ཏྲེ་ཧོར་ཁང་ཚན་གྱི་ཉེ་འཁོར་བའི་ཁང་ཚན་དགེ་རྒན་ཞིག་གིས་བདག་སྤྲོད་མ་བྱས་པར་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཧ་གདོང་ཁང་ཚན་དུ་འཛུལ་དགོས་བྱུང་བ་སོགས་ཀྱི་ལོ་རྒྱུས་མང་པོ་བྱུང་བ་ལ་བརྟེན་ནས་དུས་ཕྱིས་ཉེ་འཁོར་གྲྭ་རྒྱུན་སུ་ཞིག་ཡིན་ཡང་ཁང་ཚན་དགེ་རྒན་ལངས་མི་ཆོག་པ་དང༌། གྲྭ་རྒྱུན་གསར་པ་སུ་ཞིག་ཁང་ཚན་བར་རྭ་ནང་སྒུག་ན་ཉིན་གསུམ་གྱི་ནང་ཚན་འབྲེལ་ཡོད་ཁག་ཤག་དགེ་རྒན་ཡོད་ན་སྨྲས་མེད་དང་མེད་ན་ཁང་དགེ་དང་ཁང་གཉེར་གང་རུང་གིས་ཉར་དགོས་པའི་སྲོལ་དེ་ཉིད་བྱུང་བ་ཡིན་ནོ། དགེ་རྒན་སུ་ཞིག་གིས་ཁག་ཤག་གནང་སྟེ་ཤག་ཚང་དུ་ཉལ་ནས་བཟུང་གྲྭ་རྒྱུན་དེ་ཉིད་དབྱུག་པ་སྐམ་པོ་ཞིག་དང་རྩམ་ཁུག་སྟོང་པ་ཞིག་མ་གཏོགས་མེད་ནའང་འདྲ། རྟ་དྲེལ་རྒྱབ་ཅ་བརྒྱ་ཕྲག་མང་པོ་ཡོད་པའི་འབྱོར་ལྡན་ཞིག་ཡིན་ནའང་རུང༌། ཉིན་དེ་ནས་བཟུང་ཁག་ཤག་དགེ་རྒན་གྱི་ཕྱག་ཏུ་བཅོལ་ནས་གྲྭ་ས་དང་ཁ་མ་གྱེས་བར་དུ་གྲྭ་ས་སྤྱི་དང་ལྷག་པར་ཏྲེ་ཧོར་ཁང་ཚན་གྱི་རྒྱུན་སྲོལ་དང་མཐུན་པའི་ཚོར་བ་ལ་བརྟེན་པ་ལས་རྒྱས་སྤྲོས་གང་ཡང་བྱེད་ས་མེད་ལ། འབྱོར་མེད་ཉམས་ཆུང་ཇི་འདྲ་ཞིག་ཡིན་ཡང་སྐུ་འགྱེད་ཁག་ཤག་དགེ་རྒན་ལ་བཅོལ་ཐོག་ཁག་ཤག་དགེ་རྒན་གྱིས་གཟིགས་སྐྱོང་གང་ནུས་གནང་སྲོལ་ཡོད་འདུག་པའང་འཕྲོས་གླེང་ཙམ་ཏེ། མདོར་ན་སེར་བྱེས་ཏྲེ་ཧོར་ཁང་ཚན་ནི་ཁང་ཚན་གཞན་དང་མི་འདྲ་བར་སྒྲིག་ལམ་ཀུན་སྤྱོད་ཤིན་ཏུ་དམ་པས་ཚོགས་སུ་རྟ་ཁྲིད་དེད་ཀྱི་སྔ་ཕྱི་དང༌། བྱ་སྤུ་ཉལ་དང༌། རྟ་སྤུ་ལངས་ཞེས་པའི་སྡོམ་ཚིག་གསུམ་ཀྱི་དྲ་རྒྱའི་འོག་མི་ལོ་གསུམ་རིང་ཚོམས་ཇའི་སྐབས་སུ་གྲལ་འཚེས་སུ་ཡོད་དང་ཚོམས་ཀྱི་གནམ་གདན་གང་ཞིག་ཡིན་མིན་ཙམ་ཡང་མི་མཐོང་བ་ནི་སྤྱི་བཏང་གི་གནས་ཚུལ་དུ་ཟད་ཅིང༌། ལོ་གསུམ་སྡོད་རྗེ་གྲྭ་ས་ཆད་ནས་ཕ་ཡུལ་ལོག་མཁན་ཚོས་དཔེ་འཁྲིད་དགེ་རྒན་གྱི་ཞལ་ལྷོད་པོ་མཇལ་རྒྱུ་རག་པ་མ་གཏོགས་རྒྱུན་ལྡན་དཔེ་ཁྲིད་དགེ་རྒན་ཕར་ཟད། རང་ལས་གྲྭ་པ་རྒན་གྲས་སུ་ཞིག་ཡིན་ནའང་སྤུས་མོ་ཡན་ཆད་ལྟ་མི་ཆོག གལ་ཏེ་སྟེས་དབང་ལྟ་བུས་ལྟ་ཤོར་ན་རིན་པ་མི་དགོས་པའི་འགྲམ་ལྕགས་རེ་ཉོ་རྐྱང་ཡིན་པས། ཁང་ཚན་འདིའི་ནང་སླེབས་པ་དང་ཕོ་རྒོད་པོ་སུ་འདྲ་ཞིག་ཡིན་ཡང༌། དབུ་ལོ་ཡག་གི་སྙེ་མ་དང་ལུས་དབྱར་དུས་ཀྱི་འཇའ་ཚོན་བཞིན་མི་གུག་མཁན་གསར་པ་སུ་ཡང་མེད། དེ་ལྟར་གྲྭ་ཚང་གི་སྒྲིགས་ཁུངས་སུ་ཞུགས་ནས་ཀྱང་གྲྭ་ཚང་འདིའི་རྟེན་གྱི་གཙོ་བོ་ཡི་དམ་རྟ་མགྲིན་ལའང་མཇལ་ཁ་དངསྦྲགས་ཐུགས་སྨོན་རྒྱ་ཆེར་གནང༌། ཁག་ཤག་དགེ་རྒན་དཀར་མཛེས་གྲྭ་ཡ་མ་རྒྱ་མཚོ་ལགས་ཀྱིས་གནང་སྟེ་ན་བཟའ་སྒྲིག་སྤྱོད་དང་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་གང་དགོས་གདན་ས་ཆེན་པོའི་སྲོལ་རྒྱུན་ལྟར་བསླབ་བྱ་དང་སློབ་སྟོན་གནང༌། ལག་དངུལ་ལྷག་མ་གང་ཡོད་དགེ་རྒན་དེ་ཉིད་ཀྱི་ཕྱག་ཏུ་རྩིས་ཕུལ་ཞུས། གྲྭ་སའི་ཁག་ཤག་དགེ་རྒན་ནི་ཁྱིམ་གྱི་ཕ་མའི་ཚབ་ལྟར་ཡིན་པས་ལེ་དབར་སྟོང་ཕྲག་ཆོད་པའི་མི་ཡུལ་ལ་འཇིག་རྟེན་ལུགས་ཀྱི་བཀའ་དྲིན་ཆེ་ཤོས་དེ་ཡིན། དེང་སང་གསར་པ་བྲིས་པའི་ཡི་གེ་མང་པོའི་ནང་ཁག་ཤག་དགེ་རྒན་ལ་ཁག་ཐེག་དགེ་རྒན་ཞེས་འདུག་པ་ནི་བརྡ་དོན་མ་དཔོག་པ་སྟེ། དོན་དུ་གྲྭ་སའི་སྐྱིད་སྡུག་ནང་བསྡད་རིང་ཁག་ཁུར་བྱེད་མཁན་ཤག་ཚང་གི་དགེ་རྒན་ཡིན་པས་དེ་ཉིད་ཚིག་སྡུད་བྱས་ཏེ་ཁག་ཤག་དགེ་རྒན་ཞེས་བཏགས་པ་ཡིན་ནོ།། གནམ་གྱི་མཐོངས་ན་ཉི་ཟླ་སྐར་གསུམ་དང༌།། འཛིན་མའི་ཁྱོན་འདིར་སེར་འབྲས་དགའ་གསུམ་ཞེས།། གྲགས་པའི་བ་དན་ལྷབ་ལྷུབ་གཡོ་བའི་རླབས།། སྲིད་པ་གསུམ་དུ་བརྡལ་བའི་འཕྲིན་ལས་ཡངས།། ཨ་ཏི་ཤ་ཡིས་ཐོག་མར་འབྱེད་པའི་སྲོལ།། འཇམ་མགོན་བླ་མས་གཙང་མར་སྤེལ་བའི་ལུགས།། ཐུབ་བསྟན་སྙིང་པོ་ཞྭ་སེར་འཆང་བའི་སྡེ།། བྱམས་ཆེན་ཆོས་ཀྱི་རྒྱལ་པོའི་གདན་ས་ཆེ།། འཛམ་གླིང་ཆོས་སྡེ་བྱེ་བའི་རབ་དང་ཕུལ།། རྨད་བྱུང་སེ་བའི་ར་བ་ཐེག་ཆེན་གླིང༌།། གྲགས་པའི་མཚན་སྙན་ཨུཏྤལ་དཀར་པོའི་འདབ།། ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་གཞད།། དགའ་ལྡན་གནས་ནས་རྒྱལ་བ་གཉིས་པ་མཇལ།། འབྲས་སྤུངས་གདན་སར་འཇམ་དབྱངས་ཆོས་རྗེ་བསྟེན།། སེ་ར་གླིང་དུ་བྱེས་སུ་འབྱོར་བའི་མགོན།། བློ་གྲོས་རིན་ཆེན་སེངྒེའི་གྲགས་པ་སྙན།། གང་དེའི་གདན་ས་བྱེས་པ་གྲྭ་ཚང་ཞེས།། ལུང་རིགས་རླབས་ཀྱི་རྩེད་འཇོ་དང་འགྲོགས་པའི།། མཁས་མང་གཉིས་སྐྱེས་སྟོང་གི་བསྟི་གནས་དེར།། པདྨའི་མཚོ་ལ་ངང་མོ་ཇི་བཞིན་འཇུག། ཕལ་གྱི་སྲིད་པའི་ས་གཞི་ལས་འཕགས་པའི།། རྨད་བྱུང་ཆོས་སྡེ་གནམ་གྱི་མཐོངས་ཡངས་པོར།། བློ་གསལ་མཁས་མང་སྐར་ཚོགས་ལྟ་བུའི་ཁྲོད།། གང་ཁྱོད་ཐོ་རང་སྐར་ཆེན་ཇི་བཞིན་ཚེས།། ཞེས་པའང་སྡོམ་ཚིག་དང་འབྲེལ་བའི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

༢བསྡུས་གྲྭ་ཆེ་ཆུང༌།

དཀྱུས་རིང་ཨུཏྤལ་མཐིང་གའི་སྤྱན་ཞགས་ཀྱིས།། ཆོས་ཀུན་སྟོང་པའི་དབྱིངས་ནས་གཟིགས་དང་ལྷན།། རིག་པའི་ཁྱེ་འུར་སྙན་འགྱུར་འདོད་རྒུའི་དཔལ།། སྩོལ་བར་མཛོད་ཅིག་ངང་པའི་བུ་མོ་ཀྱེ།། དེ་ཡང་གཞིས་ཕ་ཡུལ་ལུང་པ་ནས་ས་ནག་པོ་འདམ་ལ་འཇལ། སྤྲིན་སྐྱ་བོ་ཐད་ལ་བཙུག ཁུར་ཤིང་རྒྱབ་དུ་ཁུར། མདུང་རིང་ལག་ཏུ་ཐོགས། འུར་རྡོ་སྐེད་ལ་གཟེར། ཕ་ཡུལ་རྒྱབ་ཏུ་བཞག མི་ཡུལ་རྐང་ཐང་འགྲིམས་པའི་དགོས་དོན་ནི་བདེ་བར་བཤེགས་པའི་གསུང་རབ་དགོངས་དོན་དང་བཅས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་པས་མཐའ་རྒྱ་བཅད། བསམ་པས་གཏན་ལ་ཕབ། སྒོམ་པས་ཉམས་སུ་ལེན་པའི་ཆེད་ཁོ་ན་ཡིན་པས། དེས་ན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས། དང་པོ་རྒྱ་ཆེ་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམ་ཅད་གདམས་པར་ཤར།། མཐར་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།།ཞེས་དང༌། ཚིགས་སུ་བཅད་པའི་མཚམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར།། ཐོས་པས་སྡིག་ལས་གྲོལ་བར་འགྱུར།། ཐོས་པས་དོན་མ་ཡིན་པ་སྤང།། ཐོས་པས་མྱ་ངན་འདས་པའང་ཐོབ།། ཞེས་དང༌། བཀའ་གདམས་གོང་མ་ཚོས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན།། རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག།ཅེས་དང༌། ཐོས་པ་མེད་པའི་སྒོམ་པ་དེ།། ལག་སྡུམ་བྲག་ལ་འཛེགས་པ་འདྲ།། ཞེས་དང༌། སངས་རྒྱལ་མ་ཐོབ་བར་དུ་ཐོས་པ་དགོས་པས་བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན།། ཞེས་དང༌། དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པ།། རྟེན་འབྲེལ་ལེགས་པར་སྒྲིག་པའི་རྩ་བ་ནི།། ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས།། བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་ཡི།། ཞེས་སོགས་ཚད་མའི་ལུང་གི་དགོངས་དོན་ཇི་ལྟ་བ་བཞིན་བདེ་བར་བཤེགས་པའི་གསུང་རབ་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་སྒོམ་པས་ཉམས་སུ་མྱོང་བའི་ཆེད་དུ། ཆེས་ཐོག་མར་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ལ་མཁས་ཤིང༌། དེ་དོན་གོམས་པའི་མྱོང་བ་གྲུབ་པ་དཀར་མཛེས་ཁོག་རྩེ་འོ་ནང་ལྟག་ཚང་གི་དགེ་བའི་བཤེས་གཉེན་ཆེན་པོ་མཁས་གྲུབ་དཔལ་བཟང་པོ་མཆོག་གི་ཞབས་ཀྱི་པདྨོའི་ཟེའུ་འབྲུ་གཙུག་ཏུ་བླངས་ཏེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་ལ་ཐོས་པའི་འཇུག་ངོགས་ཐོག་མ་འཚོལ་བར་མཛད་སྣང་ངོ༌།། དེ་ཡང་རྗེ་འདི་ཉིད་ཀྱིས་ཐོག་མ་གང་ལ་བསྟེན་པའི་དགེ་བའི་བཤེས་གཉེན་ཆེན་པོ་མཁས་གྲུབ་དཔལ་བཟང་པོ་ནི། རབ་བྱུང་བཅོ་ལྔ་པའི་དཀྱིལ་ཙམ་ན་མདོ་ཁམས་དཀར་མཛེས་ཁུལ་གྱི་ཁོག་རྩེ་རྨེ་རུང་འདབ་འོ་ནང་ལྟག་ཚང་ཞེས་རིགས་རུས་མངོན་པར་གཙང་བའི་དུད་ཁྱིམ་ཞིག་ཏུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་དཀར་མཛེས་དར་རྒྱས་བཤད་སྒྲུབ་ནོར་བུའི་གླིང་གི་མཚན་ཉིད་གྲྭ་ཚང་གི་ཆོས་སྒོར་ཞུགས། ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཆོ་ག་སོགས་ལ་བསླབ། ན་སོན་པ་དང་ལྷ་སར་ཕེབས་ཏེ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་བྱེས་པ་གྲྭ་ཚང་དུ་ཆོས་ཞུགས་ཞུས། མདོ་ཁམས་ཏྲེ་ཤོད་ཁུལ་དུ་ཤིང་སཱ་ལ་ལྟ་བུའི་རིགས་རུས་མངོན་པར་འཕགས་ཤིང་གཞུང་ལུགས་རྒྱ་མཚོ་ལ་མི་འཇིགས་པའི་གདེངས་ཐོབ་པ་བེ་རི་བརྒྱ་དཔོན་ཆོས་མཛད་ངག་དབང་འཇིགས་མེད་རྡོ་རྗེ་ལ་བསྟེན་ནས་བསྡུ་གྲྭ་ནས་བཟུང་གཞུང་ཆེན་ཁག་ལ་བསླབ། བེ་རི་རྒྱ་དཔོན་ཆོས་མཛོད་སྡེ་པ་གཞུང་གིས་གྲིབ་ནག་འདྲེ་མཐོང་ལྟ་བུའི་སྐྱུགས་བྲོ་བའི་བྱེད་བབ་རིམ་པར་སྤེལ་བ་ལ་བརྟེན་ནས་ལྷ་ས་དང་ཁ་བྲལ་ཏེ་གཞིས་ཕྱོགས་སུ་ཕེབས་དགོས་བྱུང་བའི་རྗེས། དགེ་བའི་བཤེས་གཉེན་ཆེན་པོ་མ་འདུ་ཁག་ཚང་མཐུ་སྟོབས་ཀྱི་ཞབས་ལ་གཏུགས་ནས་སློབ་གཉེན་འཕྲོ་འཐུད་གནང༌། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཆོས་གསུངས་སྐབས་སོགས་བླ་མ་འདིའི་དྲུང་ནས་མདོ་སྔགས་ཀྱི་གསེར་ཆོས་མང་པོ་ཞུས། འཛིན་གྲྭ་དབུ་མ་ལ་སླེབས་པའི་སྐབས་ཤིག་པྲ་སྟི་ཁང་ཚན་དུ་ཕེབས་ཏེ། དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལས་རུང་རིམ་པ་བཞིན་བཏང༌། ཏྲེ་ཧོར་ཁང་ཚན་དགེ་རྒན་ལངས་པའི་སྐབས་དེ་སྔོན་ཤག་ཚང་ཆེ་ཁག་ཚོས་གྲྭ་ཤག་མང་པོ་བདག་བཟུང་བྱས་རྐྱེན་གྲྭ་རྐྱང་གསར་པ་ཚོ་བཞུགས་ཤག་མི་རག་པའི་དཀའ་ངལ་ཅི་ཆེ་མཐོང་ཆོས་སུ་ཡོད་ནའང་ཁང་དགེ་རྙིང་པ་ཚོས་བདག་སྤྲོད་མཛད་མ་ཕོད་པར་རྒྱུན་འབྱམས་སུ་ལུས་ཡོད་པ་རྣམས། དམ་པ་འདིས་འཛེམ་ཟོན་མེད་པའི་ཐོག་ནས་ངན་ཤུགས་ཆེ་བའི་ཤག་ཚང་ཆེ་ཁག་དུ་མར་ཁ་གཏད་བཅལ་བས་སྔ་ཕྱིར་མཛད་དཀའ་དུ་མར་འཕྲོད་ནའང༌། མཐའ་མར་ཤག་ཚང་ཆེ་ཆུང་འདྲ་མཉམ་གྱིས་གྲྭ་ཤག་མཉམ་སྤྱོད་ཆོག་པ་བྱུང་བ་སོགས། མདོར་ན་ཁང་ཚན་དགེ་རྒན་གནང་བའི་རིང་བཙན་པོའི་དཔུང་དང་ཕྱུག་པོའི་ནོར་ལ་མ་རེ་བར་ཁང་ཚན་འདིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གཞིར་བཅས་ཏེ། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་ཁང་ཚན་འདིར་འཕྲིན་ལས་རྒྱ་ཆེར་བསྐྱངས། བསྡུས་གཞུང་ནས་དབུ་ཚད་ཕར་གསུམ་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་གོ་སར་འགྱིངས་ཤིང༌། གཞན་ཕན་གྱི་ལྷག་བསམ་དང༌། བདག་པས་གཞན་གཅེས་པའི་ཉམས་ལེན་ལ་ངང་གིས་གོམས་པའི་སྐྱེས་ཆེན་དམ་པ་བཀའ་གདམས་གོང་མའི་བུད་སྙེགས་ཐོབ་གསུམ་དང༌། བརྟེན་པ་རྣམ་བཞི། རྡོ་རྗེ་གསུམ་བཅས་ཕུག་ནོར་བཅུ་པོ་བདག་གིར་མཛད་པ། ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།།ཡོན་ཏན་ལྷག་པར་བརྩོན་ཅིང་ལུང་གིས་ཕྱུག།དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན།།བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན།། ཞེས་གསུང་པའི་ཡོན་ཏན་རྣམས་ལྷུན་གྱིས་རྫོགས་པ་ཞིག་ཏུ་མངོན་ཏེ། སྐུ་སྙུན་པའི་སྐབས་ཀྱང་ཉལ་ཁྲི་ལ་ཉལ་བཞིན་དཔེ་འཁྲིད་གནང་བས་མཚོན་བཤད་སྒྲུབ་འཆད་ཉན་གྱིས་སྐུ་ཚེ་ཡོངས་སུ་འདའ་བར་བྱས། ༡༩༥༦ ལོའི་དགུན་ཐོག་ཏུ་སེ་ར་ཐེག་ཆེན་གླིང་དུ་དགོངས་པ་ཆོས་དབྱིངས་ཐིམ། གསུང་ལས་སྐྱེས་པའི་སློབ་མ་ཡང་མདོ་ཁམས་བསྟན་པའི་སྒྲོན་མེ་རྗེ་བླ་མ་ཉིད་དང༌། ཉག་རྩ་ཆོས་མཛད། དགེ་བཤེས་སྐལ་དབྱངས་སོགས་བསྟན་འགྲོ་ལ་སྨན་པའི་སྐྱེས་ཆེན་དུ་མས་མདོ་དབུས་ཁམས་གསུམ་ན་ཡོངས་སུ་ཁྱབ། སྐྱེས་མཆོག་འདི་ཉིད་སྙུན་གཞི་དྲག་པོའི་ཚུལ་བཞེས་ནས་ཞིང་གཞན་དུ་མ་གཤེགས་བར་དུ་རྗེ་བླ་མས་ཇི་ལྟར་འབྲོམ་གྱིས་བླ་མ་སེ་བཙུན་ཇི་བཞིན་ཡུན་རིང་སྙུུན་གཡོག་ཚུལ་བཞིན་ཞུས་པ་ལ་བརྟེན་ནས་ས་ཁྱི་༡༩༥༨་ལོར་དབུ་མའི་བཀའ་གནད་རྣམས་ཐོལ་གྱིས་མཁྱེན་པ་དང༌། སེ་ར་ཐེག་ཆེན་གླིང་དུ་བློ་བཟང་འཇམ་དབྱངས་འདྲ་པའི་བཤེས་གཉེན་བསྟེན་ཚུལ་ཁག་པོ་རེད་ཅེས་ཡོངས་སུ་གྲགས་པ། དུས་ཕྱིས་བསྟན་འགྲོའི་དོན་ཆེན་འདི་ལྟ་བུ་སྒྲུབ་ནུས་པ་ཡང་བླ་མ་འདིའི་བཀའ་དྲིན་ཡིན་ཞེས་ཡང་ཡང་གསུངས་ཏེ་མཚན་ནས་བོས་པ་ཙམ་ལའང་ཕྱག་གཉིས་ཐལ་མོ་སྦྱར་བར་མཛད། དེ་ལྟར་ཐེག་པ་མཆོག་གི་བཤེས་གཉེན་དམ་པ་དེ་ཉིད་ལས་ཇི་སྐད་དུ་རྗེ་ཙོང་ཁ་པ་ཆེན་པོས། རིགས་ལམ་རྣམ་པར་འབྱེད་པའི་རྣམ་དཔྱོད་དང༌།། གཞུང་ལུགས་གདམ་པར་ཤར་པའི་ཉམས་ལེན་དང༌།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌།། ཞེས་གསུངས་པ་ལྟར། ཐོག་མར་རིགས་ལམ་སྒོ་བརྒྱ་འབྱེད་པའི་གསེར་གྱི་ལྡེ་མིག ཕུར་ལྕོག་ཡོངས་འཛིན་བྱམས་པ་ཚུལ་ཁྲིམས་པས་གོང་ས་བཅུ་གསུམ་པའི་གསན་བསམ་མཛད་སྐབས་ཆེད་དུ་ལྗགས་སྒྲིག་གནང་པ་ཡོངས་འཛིན་བསྡུས་གྲྭ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ནས་མགོ་འཛུགས་ཏེ་དཔེ་འཁྲིད་ཞུས། ཐོག་མར་རྟེན་འབྲེལ་གྱི་ཆེད་ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ།། སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ལོ།། ཞེས་པའི་ཚིག་རྐང་གཉིས་པོ་དེ་ཉིད་སློབ་པར་མཛད་ཅིང༌། རྗེ་བླ་མ་འདིས་ཀྱང་དུས་ཕྱིས་སློབ་མ་རྣམས་ལ་གཞུང་ལུགས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་བསྡུས་གྲྭའི་གཞུང་ཚན་འཁྲིད་པའི་སྐབས་ཐོག་མ་ཚིག་རྐང་འདི་གཉིས་སློབ་པར་མཛད་པ་ནི་དམ་པ་གོང་མའི་རྣམ་ཐར་དང་འབྲེལ་བའི་རྟེན་འབྲེལ་གྱི་གནད་ཅིག་ཏུ་ངེས་སོ།།

དེ་ཡང་བསྡུས་གྲྭ་ནི་གཞུང་ཆེན་པོད་ལྔའི་ནང་ནས་ཚད་མ་རིག་པའི་ཁོངས་སུ་གཏོགས་ཤིང༌། སེར་བྱེས་མཁས་མང་གྲྭ་ཚང་གི་ཡོངས་འཛིན་བསྡུས་གྲྭ་འདི་བཞིན་རྩ་འཛིན་ཡིག་ཆར་བྱེད་པར་སྣང་སྟེ། འདི་ཉིད་རྭ་སྟོད་བསྡུས་གྲྭ་ལ་ཁུངས་བྱས་ནས་བསྡུས་ཚན་ཕྱེ་སྟངས་དང༌། དགག་བཞག་གི་སྤྲོས་བཤད་རྒྱས་བསྡུས་འཚམས་པ། ཚད་མ་རིག་པའི་སྔོན་འགྲོའི་གནད་མཐའ་དག་འདུ་ཆེ་བ། ལྷག་པར་བློ་རྟགས་གཉིས་འཇམ་པའི་དབྱངས་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་བཤད་པ་དང་མཐུན་པས་སོ།། ཏྲེ་ཧོར་ཁམས་པའི་ཁ་རྒྱུན་ལ་འདིའི་དྲུང་ནས་བསྙེན་རྫོགས་སྒྲུབ་ན་དགའ་ལྡན་ཡིད་དགའ་ཆོས་འཛིན་ལ་སྐྱེ་ངེས་སུ་གྲགས་པས་གདན་ས་གསུམ་གྱི་ཏྲེ་ཧོར་གྲྭ་རྒྱུན་ཕལ་ཆེ་བས་རྗེ་འདིའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་སྲོལ་དར། 

དེ་ལྟར་རྗེ་དེ་ཉིད་ཀྱིས་རྩོམ་པའི་ཡོངས་འཛིན་བསྡུས་གྲྭ་ལ་ཐོག་མར་མཁན་རིན་པོ་ཆེ་ཡ་མ་སྐལ་བཟང་ལས་བརྩི་ཞག་གསན། དེ་ཡང་མཁན་ཆེན་དམ་པ་འདི་ཉིད་ནི་ཁམས་དཀར་མཛེས་ཁུལ་དུ་འཁྲུངས། ནར་སོན་པ་དང་རང་གི་ཞང་པོ་མཆོག་གི་མཐུན་རྐྱེན་འོག་དབུས་འགྱུར་ལྷ་སར་ཞབས་སོར་འཁོད། གདན་ས་ཆེན་པོ་སེར་བྱེས་མཁས་མང་གྲྭ་ཚང་དུ་ཆོས་ཞུགས་གནང་ཐོག དགའ་ལྡན་ཁྲི་ཆེན་བློ་བཟང་ལྷུན་གྲུབ་དང་གཙང་པ་མཁན་ཆེན་ལྷུན་གྲུབ་ཐབས་མཁས་སོགས་ལ་བསྟེན་ནས་གཞུང་ཆེན་པོད་ལྔར་ཐོས་བསམ་སློབ་གཉེར་རྒྱ་ཆེར་གནང་མཐར་རབ་འབྱམས་པའི་གྲྭ་སྐོར་མཛད། ཕྱོགས་ཞེན་འཐེན་ཁྱེར་དང་ངོ་ལྐོག་གཡོ་ཁྲམ་གྱིས་གཞར་ཡང་མ་གོས་པར་མི་གཤིས་གསེར་ལྟར་བཟང་ཞེས་རྒན་རབས་པ་ཚོའི་ངག་རྒྱུན་ནས་ཐོས། བར་ལམ་ཞིག་ནས་ས་བྱ་༡༩༤༥ ལོའི་སྟོན་ཁ་འཕན་པོ་ལྷུན་གྲུབ་རྫོང་ཁོངས་སེ་ར་བྱེས་པའི་གཞིས་ཀ་ཞིག་གི་དོན་སྐྱོན་ལ་བརྟེན་ནས་གཞུང་དང་སེར་བྱེས་དབར་འཁོན་འཛིན་ཤོར་བས། ཆོས་སྲིད་གཉིས་ཀར་གཟིགས་པ་བླ་ན་ཡངས་པའི་མཁན་པོ་ལས་ཐོབ་པ་ཏྲེ་ཧོར་དགེ་བཤེས་ངག་དབང་རྒྱ་མཚོ་གློ་བུར་དུ་གནས་དབྱུང་བཏང་བར་མ་ཟད་འཛིན་བཟུང་བྱེད་ཉེར་སྐབས་བྲོས་བྱོལ་དུ་ཕེབས་དགོས་བྱུང་བའི་རྗེས། སྡེ་པ་གཞུང་གི་དམག་མི་ཚོ་གཅིག་རྗེས་དེད་སོང་ནས་དོན་མེད་སྤྲང་པོ་གནས་སྐོར་བ་ཞིག་བསད་དེ། དེའི་མགོ་བཅད་ནས་མཁན་པོ་ངག་དབང་རྒྱ་མཚོའི་དབུ་ཡིན་ལུགས་བཤད་དེ་ཀུན་རིག་ཟམ་ཁར་ཉིན་མང་རིང་བཀལ་ནས་བཞག མཁན་པོའི་ཕྱག་མཛོད་སྐུ་མཆེད་པདྨ་རྡོ་རྗེ་ཟེར་བའི་ཉམ་ཆུང་ཞིག་ཡོད་པ་དེ་ཉིད་སྨིན་དྲུག་རྫ་རིར་རྒྱང་འབུད་བྱས། ཕྱིས་སུ་འདི་ཉིད་འབྲུག་གསང་སྔགས་ཆོས་གླིང་དུ་བསྡད་ནས་བྱ་བ་ལས་ཀྱི་འཁོར་ལོའི་ཐོག་སྙན་གྲགས་ཡོད་པའི་མི་སྣར་ཞིག་ཏུ་གྱུར་ཚུལ་ཀྱང་ཐོས། མཁན་པོ་འདིའི་སྐོར་འོག་ཏུ་འཆད་པར་འགྱུར་བས་དེར་གཟིགས་དགོས། མཁན་ཆེན་དེ་ཉིད་གནས་དབྱུང་བཏང་པའི་རྗེས་ཁྱི་༡༩༤༦ལོར་སོག་པོ་བསམ་བློ་དགེ་བཤེས་བློ་བཟང་བསྟན་དར་དང་སྟག་བྲག་ཕྱག་མཛོད་གཉིས་འབྲེལ་བ་ཆེན་པོ་ཡོད་སྟབས་སེར་བྱེས་མཁན་ཁྲིར་མངའ་གསོལ་བྱས། ལོ་དེར་སེར་བྱེས་གྲྭ་ཚང་གི་འདུ་ཁང་གསར་རྒྱག་ལེགས་གྲུབ་བྱུང་བའི་རབ་གནས་སུ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་གདན་ཞུས་ལྟར་ཕེབས་ནས་ཕྱིར་ལོགས་ཞོར་སྔོན་གྱི་དུས་བཀག་བཞིན་རྒྱལ་སྲིད་ཕྱིར་འབུལ་ཡོང་རེས་སྟག་བྲག་ཚང་གི་སྐུ་མདུན་ལ་བཅར་ནའང་སྣེ་ལཻན་གྲ་རྒྱས་ཙམ་ལས་ཐུགས་ཀྱི་དགོངས་བཞེད་འགྲུབ་པ་ཞིག་མ་གནང་བས། རྭ་སྟག་བར་གྱི་འཁོན་པའི་མྱུ་གུ་ལ་འཐབ་རྩོད་ཀྱི་འབྲས་བུ་སྨིན་རྒྱུའི་མགོ་ཚུགས་ཏེ། ལོ་དེའི་ཟླ་བ་དགུ་པའི་ནང་རྩིས་དཔོན་ལུང་ཤར་གྱི་བུ་ལྷ་ལུང་ཚེ་དབང་རྡོ་རྗེ་ལྷ་ས་ནས་མཚན་མོ་རང་ཤག་ཏུ་ལོགས་དུས་རྫོང་རྒྱབ་ཀླུ་ཁང་ནས་སེར་བྱེས་ཏྲེ་ཧོར་དར་གྲྭ་བྱམས་ཆེན་ཟེར་བས་ལྐོག་མདའ་འཕངས་ནས་རྟ་བསད་ཀྱང་མི་ལ་སྲོག་སྐྱོན་མ་ཐུབ་པར་ཤོར། མེ་ཕག་༡༩༤༧་ ཧོར་ཟླ་ ༢ ཚེས་ ༢༣ ཉིནལོར་རྒྱལ་བའི་དགུང་སྐེག་ལ་སྡེ་བ་གཞུང་གིས་རྒྱལ་ཟུར་རྭ་སྒྲེང་རིན་པོ་ཆེ་བཙན་འཁྲིད་འཇུ་གཟུང་བྱས་ཐོག་མ་ཉེས་ཁ་གཡོག་གིས་རྩེ་ཤར་ཆེན་ལྕོག་ཏུ་ཟླ་བ་གཅིག་ལྷག་རིང་བཙོན་འཇུག་བཅར་འདྲི་བྱས་ཤིང༌། སྐབས་དེར་སེར་བྱེས་མཁན་པོ་བསྟན་དར་གྱིས་དེ་སྔོན་ལུའུ་ཅི་རྒྱ་དམག་བོད་ནས་ཕྱིར་འབུད་བྱས་སྐབས་སེ་ར་བྱེས་པས་དཔའ་རྟགས་བཞག་པའི་གཟེངས་བསྟོད་དང༌། ཕྱིས་ནས་ད་དུང་མཐའ་དམག་དེ་འདྲ་བྱུང་ན་ཉེན་སྲུང་བྱེད་ཆེད་སེ་ར་བྱེས་པ་ལ་དབྱིན་ཇི་མེ་མདའ་ལྔ་བརྒྱ་བཞག་ཡོད་པ་དེ་ཚོ་མཁན་པོ་འདིས་ཚོགས་སུ་ཆོས་འདུལ་བ་དང་མི་མཐུན་ལུགས་དང་དེ་དག་ཕྱིར་བསྡུ་བྱེད་ན་དགེ་མཚན་ཆེ་སྐོར་ཡང་ཡང་གསུངས། ཉིན་འགའ་ཞིག་གི་རྗེས་སུ་བོད་དམག་ཚོ་གཅིག་སེ་རར་ཡོང༌། མེ་མདའ་རྣམས་ཐན་ཀན་ཐོག་དབོར་ནས་གཞུང་གི་གོ་མཛོད་ནང་ཕྱིར་བསྡུ་བྱས་རྐྱེན། སེ་ར་བྱེས་པའི་གྲྭ་པ་རྣམས་མི་དགའ་བ་ཆེན་པོར་གྱུར་པས་རྡག་རྡག་ལྔ་ཙམ་ཞིག་གིས་ཧོར་ཟླ་གཉིས་པའི་ཚེས་ཉེར་ལྔའི་མཚན་མོར་ལྐོག་འཇབ་ཀྱིས་མཁན་པོའི་གཟིམས་ཆུང་དུ་འཛུལ་ནས་ལག་རུབ་རྒྱབ་སྟེ་གྲི་བཙགས་བྱེད་ཞོར་སེར་བྱེས་འདུ་ཁང་ཐོག་ཀ་ནས་གཡུགས་ཏེ་བཀྲོངས། དེ་ནས་མགོ་བཙུགས་ཏེ་སེ་ར་བྱེས་པས་སྡེ་པ་གཞུང་ལ་གྱེན་ལོག་མི་བྱེད་ཀ་མེད་བྱུང༌། ཧོར་ཟླ ༣ ཚེས་ ༢༨ མཚན་མོ་ཆུ་ཚོད་ ༡་༡༠ ཐོག་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་སྡེ་བ་གཞུང་གིས་རླིག་འབྲས་བཙིར་ནས་ལྐོག་བསད་བཏང༌། ཞོགས་པ་ལྐོག་གསོད་བྱེད་མཁན་ཚོའི་འཚུབ་ཆ་ལ་བརྟེན་ནས་གད་པ་རྒན་པོ་ཞིག་གིས་གནས་ཚུལ་ཐབས་སྡུག་པོ་དེ་ཤེས་ནས་སྐད་བརྒྱབ་པས་གད་པ་དེ་ཡང་བསད་དགོས་བྱུང༌། དོན་སྐྱོན་དེ་ཤེས་པ་དང་རྭ་སྒྲེང་གྲྭ་བ་ཚོས་རྭ་སྒྲེང་དགོན་དུ་བསྐོར་སྲུང་ཡོད་པའི་གཞུང་དམག་ཡོངས་རྫོགས་བསད། རྭ་སྒྲེང་སྲོག་ཉེས་བྱུང་བའི་གནས་ཚུལ་དེ་སེ་ར་བྱེས་པས་ཐོས་མ་ཐག་དེ་བས་ལྷག་པར་ངར་ཏེ། རྩེ་ཉ་སྤྲུལ་སྐུས་རྒྱུན་ལྡན་ལོ་གཅིག་ལ་མཇལ་ཁ་ཐེངས་གཅིག་མ་གཏོགས་མེད་པའི་གྲུབ་ཐོབ་མདའ་འཕྱར་བའི་ཕུར་བུ་དེ་ཉིད་སྐུ་སྐེད་ལ་གཟེར་ནས་སྣེ་འཁྲིད་པའི་གྲྭ་དམངས་མ་སྐུལ་དང་བླངས་ཀྱིས། སངས་རྒྱས་བསྟན་ལ་དགྲ་བྱུང་ན།།ཉན་ཐོས་རྣམས་ཀྱིས་གོ་ཆ་གོན།།ཟེར་བ་རེད། དགོན་པ་ལ་དགྲ་བྱུང་ན་ལྷུང་གཟེད་རྨོག་དང་མཁར་བསིལ་མདུང་བྱེད་དགོས་བྱུང་ནའང་བྱེད་རྒྱུ་རེད་ཟེར་ནས་སྡེབ་ལངས་བྱས། སེ་རའི་རྒྱ་རི་ངོས་དར་ཆ་སེར་པོ་བཙུགས། གྲྭ་ཚང་འདུ་ཁང་གསར་པའི་ནང་སེར་བྱེས་བསམ་བློ་གྲྭ་འགར་བ་འཕགས་སྡིག་གིས་ལམ་སྟོན་ལྟར་རྒྱུ་ཆ་མཁོ་སྒྲུག་གིས་རྫས་སྨན་བཟོ་བར་གྲྭ་ཚང་ཕྱག་མཛོད་ཚོས་རྩམ་པ་དང་མངའ་རིས་ཁམ་བུ་སོགས་འགྱེད་ནས་ལས་གྲྭ་བཙུགས། གྲྭ་ཚང་དང་ཁང་ཚན་མི་ཚན་བཅས་པའི་ཇ་བསྲུབ་འདོང་མོ་ཡོངས་རྫོགས་རུགས་ནས་མེ་སྒྱོགས་ཀྱི་ཚབ་བྱས། ཆེ་ཆུང་རན་པའི་རྡོ་ལོག་མང་པོ་བསྒྲུགས་པ་རྣམས་འདོང་མོ་ནང་རྫས་སྨན་དང་བསྡེབས་ནས་བླུགས་ཏེ་གཞུང་དམག་ཐོག་འཕངས་སྐབས་རགས་ཤན་ཅན་གྱི་འདོང་མོ་ཚོས་རྡོ་ལོག་ཐེངས་གསུམ་བཞི་རེ་འཕེན་ཐུབ་པ་དང༌། འདོང་མོ་དཀྱུས་མ་ཚོས་རྡོ་ལོག་ཐེངས་རེ་གཉིས་ལས་འཕེན་མི་ཐུབ་ཚུལ་བཤད་དེ། འདི་ཉིད་ལོ་རྒྱུས་ཐོག་བོད་པ་ཁོ་ན་ལས་གཞན་སུས་ཀྱང་འཕེན་མ་མྱོང་བའི་མེ་སྒྱོགས་དཔེ་གསར་གྱི་གྲས་ལ་བཞག་ནའང་འགྲིགས་སམ་སྙམ་སྟེ་ཉམས་མཚར་བ་ཙམ་མོ།།གཞུང་དགོན་གཉིས་ཉིན་མཚན་བཅུ་བཞི་ཙམ་དམག་འཐབ་བྱས་མཐར་གཞུང་དམག་རྒྱལ་ཁ་ཐོབ་སྟེ། སེ་ར་བྱེས་པའི་བྱེད་གཏེ་རྩེ་ཉ་སྤྲུལ་སྐུ་དང་མཁར་རྡོ་སྤྲུལ་སྐུ་ཐུབ་བསྟན་སྙན་གྲགས་སོགས་བཙོན་འཇུག་མནའ་གཅོད་ཚད་མེད་བཏང་མཐར་ས་བྱི་༡༩༥༠ལོར་གོང་ས་མཆོག་གིས་ཆོས་སྲིད་ཀྱི་མཛད་འགན་བཞེས་སྐབས་ལུགས་སྲོལ་ལྟར་བཙོན་གྲོལ་བྱུང༌། གཞུང་དམག་གིས་སེར་བྱེས་གྲྭ་ཚང་གཏོར་སྐྱོན་ཚད་མེད་བྱས་པར་མ་ཟད། དམག་ཐག་ཆོད་རྗེས་སུའང་འཕྲོག་བཅོམ་དང་རྡུང་བརྡེགས་ཚད་མེད་བཏང༌། ས་འདུ་ཨ་ཕོ་བསོད་ཆོས་ཀྱིས་སེར་རར་གོ་ལག་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་ས་འདུ་ཚང་གི་ཁང་པར་སྒོ་ཐེལ་བརྒྱབ་པ་ནསོགས་བྱས། དེ་དུས་སེར་བྱེས་ཏྲེ་ཧོར་མེ་མདའ་ཡོད་མཁན་ཚོས་གོ་ལག་རྣམས་གསང་སྤྱོད་ནང་གཡུགས་པས་གཞུང་དམག་གིས་སྐྱག་པའི་གསེབ་ནས་ལེན་དགོས་བྱུང་འདུག གཞུང་དམག་གིས་རྭ་སྒྲེང་དགོན་པའི་གྲྭ་བརྒྱ་ཕྲག་ལྷག་ཙམ་བསད། གསེར་དངུལ་རིགས་དང་སྐུ་གསུང་ཐུགས་རྟེན་མང་པོ་རྐུ་འཕྲོགས་བྱས། གསུང་རབ་གླེགས་བམ་ཚོ་ཐང་ལ་བཀྲམས་ཏེ་གོས་ཆེན་དཔེ་རས་རྣམས་བཤུས་ནས་ཁུར། འདུ་ཁང་ནང་དུ་བུད་མེད་བཙན་འཁྲིད་དང་ལྷུང་གཟེད་ནང་གཅིན་སྐྱག་བཏང་བ་སོགས་རྒྱ་གར་གྱི་མུ་སྟེགས་དང་རྒྱ་ནག་གི་ཀླ་ཀློ་སུས་ཀྱང་མི་བྱེད་པའི་བྱ་ངན་འདྲ་མིན་བྱས། ཆོས་ལྡན་ཞིང་གི་ལྷ་དམག་དང༌།། ཆོས་མེད་ཀླ་ཀློའི་འདྲེ་དམག་གཉིས།། གདོང་རིས་རྗེན་པར་བཏོན་པའི་སྐབས།། ཁྱད་པར་འདུག་གམ་འདི་ན་གཟིགས།།ཞེས་ཀྱང་སྨྲས་སོ།། ད་དུང་ལུང་ཤར་སྲས་ལྷ་སའི་སྣང་རྩེ་ཤག་གི་མི་དཔོན་བསྐོས་པས། ར་ཕོ་བསད་པའི་སྡིག་གླ།། རྫཽང་དང་མི་དཔོན་བསྐོས་སོང༌།། ཞེས་པའི་གཞས་ཚིག་འདི་ལྷ་སའི་གླིང་ལ་ཁྱབ། རྐྱེན་དེ་དག་ལ་བརྟེན་ནས་མདོ་ཁམས་སོག་རིགས་དང་བཅས་པའི་གྲྭ་རྒྱུན་དབུས་སུ་ཕེབས་དུས་སེ་ར་ལ་ཞུགས་རྒྱུ་ཡིན་ལུགས་བཤད་ན་གཞུང་དམག་གིས་བཀག་འགོག་བྱེད་པ་སོགས་ཡ་ང་ཞིང་སྐྱུགས་བྲོ་བའི་བྱེད་བབ་སྣ་ཚོགས་ལ་བརྟེན་ནས་གྲྭ་ཚང་འདི་ཉིད་བཤད་སྒྲུབ་ལས་གསུམ་ག་ཤིན་ཏུ་ཉམས་ཉེས་པར་གྱུར་པའི་སྐབས་དེར། རྒྱལ་ཚབ་སྟག་བྲག་ཚང་གིས་ཐུགས་བློ་འཁེལ་བ་དང་སེར་བྱེས་གྲྭ་དམངས་ཀྱིས་ཆ་འཇོག་ཞུ་སའི་མཁན་པོ་ཞིག་བསྐོ་བཞག་དགོས་དོན་བཞིན། དཀར་མཛེས་ཚོང་དཔོན་བསོད་ནམས་སྟོབས་ཅན་དང་སྟག་བྲག་རྒྱལ་ཚབ་དབར་འབྲེལ་བ་ཤིན་ཏུ་ཟབ་པས་ཚོང་དཔོན་འདི་ཉིད་འཆི་ཁར་སྟག་ལུང་བྲག་སྐུ་དངོས་པོ་སྔས་མགོར་ཕེབས་ནས་ཁྱོད་ལ་རེ་བ་བཅོལ་རྒྱུ་གང་ཡོད་ནའང་ཞུ་རྐྱང་གནོངས་དང་ངས་སྒྲུབ་ངེས་ཡིན་ཞེས་སྐབས་དབྱེ་བར། ང་ལ་གཞན་དགོས་རྒྱུ་གང་ཡང་མེད། ཁྱོད་ཀྱིས་ངའི་ཚ་བོ་དེ་འགྲོ་སྟངས་ཤིག་བཟོ་རོགས་ཞེས་ཕྱག་ཏུ་འཇུས་ནས་མངགས་པ་དང༌། སེར་བྱེས་གྲྭ་ཚང་ནང་ནས་རྗེ་འདི་ཉིད་འགྲན་ཟླ་མེད་པའི་མཁས་པ་བགྲང་ས་ཞིག་མིན་ཡང་ཀུན་སྤྱོད་དང་བཟོད་གསན་ལྷག་བསམ་གང་ཐད་ནས་གྲྭ་ཚང་འདུས་མང་ཁྲོད་ཀུན་གྱིས་རྩོད་མེད་བཀུར་ས་ཞིག་ཡིན་པ་ལྟར། རྒྱལ་ཚབ་སྟག་བྲག་ཚང་གིས་ལོ་དེའི་བོད་ཟླ་གསུམ་པའི་ནང་མཁན་པོ་བཀའ་བསྒྱུར་ཕྱག་རྟགས་གནང༌། འདིའི་ཞང་པོ་ཚོང་དཔོན་དེ་ཉིད་འབྱོར་པ་ཤིན་ཏུ་ཆེ་བ་དང༌། ཁོང་གི་ཕྱག་མཛོད་དེ་ཉིད་ཀྱང་གཏོང་ཕོད་ཤིན་ཏུ་ཆེ་བར་བརྟེན། དེ་སྔོན་སྡེ་བ་གཞུང་གིས་མེ་སྒྱོགས་རྒྱབ་ནས་གཏོར་སྐྱོན་བཏང་པའི་གྲྭ་ཤག་དང་གཙུག་ལག་ཁང་སོགས་འགྲོ་གྲོན་འཕང་མེད་ཀྱིས་ཉམས་གསོ་ཐོག་གཞུང་དགོན་མཆོད་ཡོན་གཉིས་དབར་འཁོན་རྩོད་ལྷིངས་འཇགས་དང་ཚོགས་ཆོས་སློབ་གཉེར་སོགས། མདོར་ན་གྲྭ་ཚང་འདིར་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རླབས་པོ་ཆེའི་མཛད་པ་རྒྱ་ཆེར་བསྐྱངས་པས། མཁན་པོ་གསེར་རྡོག་རྡོག་དང༌། ཕྱག་མཛོད་དངུལ་རྡོག་རྡོག་ཅེས་ཡོངས་སུ་གྲགས་པས། གྲྭ་དམངས་ཀྱིས་མཚན་འདི་ཉིད་མ་གཏོགས་དངོས་མིང་ཤེས་མཁན་ཤིན་ཏུ་དཀོན། དེ་ལྟར་བསྟན་སྲིད་སྤྱི་དང་སྒོས་སུ་སེ་ར་བྱེས་པ་གྲྭ་ཚང་འདི་བཞིན་རི་བོ་ཉིལ་བ་དང་རྒྱ་མཚོ་འཁྲུག་པ་ལྟ་བུའི་དུས་འགྱུར་མི་བཟད་པའི་ཁྲོད་མཁན་ཆེན་དམ་པ་འདི་ཉིད་ཐུགས་བསྐྱེད་རྒྱ་མཚོའི་རླབས་ལྟར་དུས་ལས་མི་གཡོལ་བར་སེ་ར་བྱེས་པའི་མཁན་ཁྲིར་ཕེབས་ཏེ། གཞུང་དགོན་བསྟན་སྲིད་སྤྱི་ཕན་གྱི་མཛད་པ་རྒྱ་ཆེར་བསྐྱངས་པའི་བཀའ་དྲིན་གཞལ་བར་དཀའ་སྟེ། མཁན་པོ་སྔ་མ་རྣམས་ཀྱིས་མ་ཐུལ་པའི།། མ་རུང་འདུལ་དཀའི་གཞུང་དགོན་དམ་ཉམས་ཚོར།། ཞི་འཇམ་ལམ་བཟང་ཇི་བཞིན་བསྟན་མཛད་པའི།། མཁན་ཆེན་གསེར་རྡོག་རྡོག་ལ་གསོལ་བ་འདེབས།། ཞེས་བསྒྱུར་ནའང་མི་འཚམས་པ་མེད་དོ་སྙམ་མོ།།དེ་ལྟར་ཆོས་སྲིད་གཉིས་ཀར་གཟིགས་པ་ཡངས་པའི་མཁན་ཆེན་དམ་པ་བཀའ་དྲིན་ཅན་དེའི་དྲུང་ནས་བསྡུས་གྲྭའི་རྩི་བཞག་གསན་ནས་ཀྱང་ཉིན་མཚན་དུས་དྲུག་ཏུ་ཇི་སྐད་དུ་རྗེ་གུང་ཐང་པའི་བསླབ་བྱའི་སྡོམ་ཚིག་ལས་མི་འགོངས་པར་སེར་བྱེས་མཁས་མང་གྲྭ་ཚང་གི་བཞེད་རྒྱུན་ཐོས་བསམ་བཤད་རྩོད་ཀྱི་རིམ་པ་དང་པོ་བསྡུས་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་འཛིན་གྲྭའི་ནང་ཞུགས་ནས་དུས་ཡུན་ལོ་ངོ་གསུམ་གྱི་རིང་རྩོད་སྒྲུབ་རིགས་པའི་ལམ་ནས་འགྲུས་པར་བྱས་སྣང་སྟེ། དེ་ཡང་གྲྭ་སར་ཞུགས་པའི་ལོ་དང་པོ་སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་འཁོར་ཐོག་མར་བསྐོར་བའི་དུས་བཟང་ཆུ་སྟོད་ཟླ་བ་དྲུག་པའི་ཚེས་བཞི་ནས་བསྡུས་ཆུང་འཛིན་གྲྭ་དངོས་སུ་ཚུགས་པའི་ནང་དུ་ཞུགས་ཏེ། རིགས་ལམ་ཆུང་བའི་རྣམ་བཞག་ཁ་དོག་དཀར་དམར་དང༌། གཞི་གྲུབ། ལྡོག་པ་ངེས་འཛིན། ཡིན་ལོག་མིན་ལོག རྒྱུ་འབྲས་ཆུང་བ། སྤྱི་བྱེ་བྲག རྫས་ལྡོག་སྟེ་བསྡུས་ཚན་བདུན་དང༌། འབྲིང་བའི་རྣམ་བཞག་ལ་འགལ་འབྲེལ་དང༌། ཡོད་རྟོག་མེད་རྟོག་བར་ཤུན་དང་བཅས་པ། མཚན་མཚོན། རྒྱུ་འབྲས་ཆེ་བ། དུས་གསུམ། རྗེས་འགྲོ་ལྡོག་ཁྱབ། ཐལ་འགྱུར་ཁྱབ་པ་སྒོ་བརྒྱད། ཞར་བྱུང་དགག་གཤག་སྒྲུབ་གཤག་བཅས་བསྡུས་ཚན་བརྒྱད་ལ་རྩོད་སྒྲུབ་རིག་པའི་ལམ་ནས་བསླབས། དེ་ནས་རིམ་བཞིན་རིགས་ལམ་ཆེ་བའི་རྣམ་གཞག་ལས། ཐལ་འགྱུར་ཆེ་ཆུང་དང༌། གཞན་སེལ་དགག་སྒྲུབ། སེལ་འཇུག་སྒྲུབ་འཇུག བློ་རིག་བདུན། ཞར་ལ་རྟག་འཛིན་སེལ་དང་གྲུབ་མཐའི་འདོད་ཚུལ། འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ། འགལ་མ་ངེས་མ་གྲུབ་ཀྱི་གཏན་ཚིགས། ཞར་བྱུང་མཚོན་སྦྱོར་གྱི་རྣམ་གཞག་བཅས་ལ་རྭ་སྟོད་བསྡུས་གྲྭ་དང་ཡོངས་འཛིན་བསྡུ་གྲྭ་ཟུང་དུ་འབྲེལ་ཏེ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་བསླབས་པས་འཛིན་གྲྭ་གཅིག་པའི་ནང་ནས་དྲག་ཤོས་སུ་གྱུར། བསྡུས་གྲྭ་ཆེན་ཆུང་སློབ་པའི་ཞོར་ལ་རྒྱན་འཇུག་གཉིས་དང་རྣམ་འགྲེལ་རྩ་བ་སོགས་གཞུང་ཆེན་ཁག་གི་རྩ་བ་དང༌། གྲུབ་དོན་ས་གསུམ་སོགས་ཉེར་མཁོའི་ཡིག་ཆ་དག་ཀྱང་སྐྱོར་སྦྱོང་དང་ཐུགས་འཛིན་གནང༌། དགུན་དུས་ཚོགས་ཆེན་མང་ཇ་ཞིག་གི་སྐབས་ཚོགས་སུ་སེ་ར་ཏྲེ་ཧོར་གྲལ་དང་རྡག་རྡག་གྲལ་གཉིས་གྲལ་མཚེས་ཡིན་པས་མང་ཇ་གྲོལ་དུས་རྡག་རྡག་གཉིས་ཀྱིས་གྲུ་མོས་ཕུད་ཕྱགས་ཡང་ཡང་བརྒྱབ་པར་ཚོགས་ཕོར་གཡུགས་ཐེངས་གཅིག་གིས་རྡག་རྡག་གཅིག་གི་དཔྲལ་བ་ལ་རྨ་རྟགས་བཟོས་པས། ཚོགས་ཆེན་འདུ་ཁང་ཕྱི་ལ་སླེབས་པ་དང་རྡག་རྡག་གཉིས་ཀྱིས་རྗེ་དམ་པའི་ལྐོག་ནས་དབུ་ཐོད་ངོས་སུ་ལྡེ་འདྲ་ལྐོག་བྱུགས་བྱས་ནས་ཁྲག་ཐོན་པར་ཏྲེ་ཧོར་ཁང་ཚན་གྱི་རྡག་རྡག་ཚོས་ནན་མ་ཆག་ནས་ལག་རུབ་བརྒྱབ་ཏེ་རྡག་རྡག་དེ་གཉིས་ཉེས་བརྡུང་བཏང༌། རྡག་རྡག་དེ་ཚོས་སྨོན་ལམ་ཆེན་པོའི་སྐབས་ལམ་སྒུག་རྒྱབ་ནས་ལྐོག་བསད་བཏང་རྒྱུའི་གྲོས་ངན་གཤམ་བཞིན་ཡོད་ཚུལ་ཏྲེ་ཧོར་གྲྭ་པ་རྒན་གྲས་ཚོའི་ངག་ནས་གོ་སོན་བྱུང༌། དེ་ནས་མི་རིང་བར་དགུང་ལོ་ཉེར་གཅིག་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་གླང་༡༩༤༩ལོའི་གནམ་ལོ་གསར་དུ་བཞད་ནས་ཆོ་འཕྲུལ་སྨོན་ལམ་ཆེན་པོ་ཚོགས་པའི་དུས་ཚིགས་ཟིན་པ་ན་ཐུགས་དོགས་ལྟ་བུས་རྒྱུན་ལྡན་གནས་ཚང་དུ་ཏྲེ་ཧོར་གྲྭ་དམངས་དང་མཉམ་བཞུགས་མ་གནང་བར་དགེ་བའི་བཤེས་གཉེན་ཆེན་པོ་བླ་མ་བཀྲ་ཤིས་དུས་ཕྱིས་དཀར་དགོན་མཁན་པོ་གནང་དང༌། ཐེག་མཆོག་སོགས་བློ་ཐུབ་གྲྭ་གྲོགས་འགའ་ཞིག་དང་མཉམ་དུ་གནས་ཚང་གཞན་ཞིག་ཏུ་བཞུགས་པའི་ནུབ་ཅིག་གི་གཟིམས་ལམ་དུ། གྲྭ་པ་རྩེ་ཞྭ་གོན་པ་ཞིག་གི་ཕྱག་ཏུ་ལྕགས་རྒྱུགས་ཤིག་བསྣམས་ནས་དགེ་རྒན་དམ་པའི་འཁྲིས་སུ་ཕེབས་ཏེ་མདུན་དུ་ཡོད་པའི་རྡོ་ལེབ་ཀྱི་མདུན་ཅོག་དེའི་སྟེང་དུ་ལྕགས་རྒྱུགས་དེ་ལན་གསུམ་བརྡབས་ནས། གྲྭ་དམངས་ཀྱི་གནས་ཚང་གང་དུ་ཡོད་པ་དེར་སོང༌། འདིར་སྡོད་མི་ཆོག་གྲྭ་དམངས་དང་མཉམ་དུ་བསྡད་ན་སྐྱོན་མེད། ངས་ཁྱོད་ལ་ཉིན་མཚན་དུས་དྲུག་ཏུ་བྱ་ར་དང་མེལ་ཚེ་བྱེད་ཆོག ཟེར་བ་ཞིག་རྨིས། ཞོགས་པར་གྲྭ་གྲོགས་དག་ལ་དེ་དོན་གསུངས་པ་དང་འབྲེལ་གྲྭ་དམངས་བྱིང་གི་གནས་ཚང་དུ་ཕྱིར་ཕེབས་རྩིས་བྱས་པར་རོགས་པ་ཚོས། རྨི་ལམ་ལ་བལྟ་རྒྱུ་ཅི་ཡོད། གྲྭ་ས་ཆད་ཁར་སྲོག་གོག་བསྐྱལ་ཡོང༌། དེ་བས་འདི་ག་རང་ན་སྡོད། ཕར་མི་སྤོ་ཟེར་ཡང༌། རྗེ་འདིས་རྨི་ལམ་དེ་བསྟན་སྲུང་བྱ་ཁྲི་པའི་ལུང་བསྟན་ཡིན་ངེས། སླུ་བ་དང་འཁྲུལ་བ་ཡོད་སྲིད་རྒྱུ་མ་རེད་གསུངས་ནས་ཐག་གཅོད་དེ་ཏྲེ་ཧོར་གནས་ཚང་མང་མ་ནང་དུ་ཕྱིར་སྤོས། སྨོན་ལམ་ཆེན་པོའི་སྐབས་ཏྲེ་ཧོར་ཁང་ཚན་ལ་ས་འདུ་གནས་ཚང་དང༌། གནས་ཚང་མང་མ། ༈༈བཅས་གསུམ་ཡོད་འདུག དེའི་ཕྱི་ཉིན་ཡང་ཉིན་ཡན་མན་ནས་ཁ་སང་འཁྲུག་པ་ཤོར་སའི་བྱ་བྲལ་ཁང་ཚན་གྱི་རྡག་རྡག་དེ་ཚོ་འབྲས་སྤུངས་དགེ་གཡོག་ཚོས་བླ་ཆེན་ཞིག་གདན་འདྲེན་ཞུ་བའི་སྐབས་ཕེབས་ལམ་ནས་གཟུར་རོགས་མ་བྱས་པས་ཕན་ཚུན་འཁྲུག་རྩོད་ཚབ་ཆེ་ཤོར་ནས་མཐར་ཚོགས་ཆེན་ཞལ་ངོ་ལ་ཐུག་ཉེ་སྐབས་ཆོས་ཁྲིམས་དར་གྱི་མདུད་པའི་འོག་ནས་རྟ་ལྕག་ཚ་བོའི་བྲོ་བ་མྱོང་འདོད་མེད་པས་བྲོས་བྱོལ་གྱིས་ག་སོང་ཆ་མེད་དུ་གྱུར་པས། དེ་ནས་བཟུང་རྩོད་རྙོག་སློང་མཁན་སུ་ཡང་མ་བྱུང༌། འདི་ཉིད་དམིགས་བསལ་ཡ་མཚན་པའི་གཏམ་རྒྱུད་གང་ཡང་མ་ཡིན་ཏེ། དེ་སྔོན་སེ་ར་བྱེས་པའི་གྲྭ་པ་ཚད་ལྡན་ཞིག་ནུབ་གཅིག་གནལ་ལམ་དུ་ལྷ་སའི་བར་སྐོར་ལ་འགྲོ་བཞིན་པའི་སྐབས་རྟ་རྐྱང་བུ་ཞིག་བདག་མེད་དུ་རྒྱུག་བྱུང་བ་དེ་ཉིད་དེད་དེད་པའི་མཐར་གླིང་སྐོར་ལམ་སྣེ་ནས་ཟིན་རྗེས། རྟ་དེ་ཉིད་ལ་ཞོན་གྲབས་བྱེད་པའི་སྐབས་རྡག་རྡག་ཅིག་གིས་འགྲམ་ལྕགས་མེ་འབར་བ་འདྲ་ཞིག་བཞུས་ཏེ། འདི་རྟ་རེད་འདུག་གམ་ལྟོས་ཤིག ཅེས་བརྗོད་མ་ཐག་གཉིད་སད་པ་དང་བལྟས་པས། ཡར་ཀླུང་གཙང་པོའི་ནང་རྡོ་ཕ་ཝང་ཞིག་གི་སྒང་ནས་གཙང་པོའི་ནང་མཆོང་གྲབས་བྱེད་བཞིན་ཡོད་པར་མཐོང་བས་ཞེད་སྣང་དང་བཅས་ཕྱིན་ལོག དེ་དང་དེས་མཚོན་པའི་བསྟན་སྲུང་བྱ་ཁྲི་མིག་གཅིག་པ་འདིས་སྒྲིགས་ལམ་ཀུན་སྤྱོད་དང་བཤད་སྒྲུབ་འཆད་ཉན་ཚུལ་བཞིན་སྐྱོང་པའི་གྲྭ་རྒྱུན་ཚོར་འཕྲིན་ལས་རྣམ་བཞིའི་དངོས་གྲུབ་མྱུར་བའི་ལོ་རྒྱུས་ཤིན་ཏུའང་མང༌།

ཟླ་བ་བརྒྱད་པའི་ཚེས་གཉིས་ཉིན་ནས་གུར་རྒྱབ་ཆབ་ཞུགས་གནང་ཆེན་དང་སྦྲགས་བསྡུས་ཆེན་འཛིན་གྲྭ་ལ་འཕར། དེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་ལྷ་རམས་པ་མཐུ་སྟོབས་དཔལ་བཟང་པོ་མཆོག་གི་དྲུང་ནས་ཀྱང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆའི་ཐོག་ནས་གྲུབ་དོན་ས་གསུམ་སོགས་ཀྱི་དཔེ་འཁྲིད་ཞུ་མགོ་ཚུགས། རྗེ་འདི་ནི་མདོ་ཁམས་དཀར་མཛེས་ཤར་ཤོག་འབྲོག་ཞིང་ནང་མ་འདུ་ཁག་ཚང་ཞེས་རིགས་རུས་ཆོས་འབྲངས་མངོན་པར་མཐོ་བའི་ཁྱིམ་ཞིག་ཏུ་རབ་བྱུང་བཅོ་ལྔ་པའི་ནང་སྐུ་འཁྲུངས། ཆུང་དུས་དཀར་མཛེས་བཤད་སྒྲུབ་ནོར་གླིང་དུ་ཆོས་ཞུགས་དང་དགོན་དེའི་ཆོས་སྤྱོད་ཆོ་ག་ཡང་གང་འཚམས་ཐུགས་འཛིན་མཛད། དེ་ནས་དབུས་གྱུར་ལྷ་སའི་ཞིང་དུ་ཕེབས། གངས་ཅན་གྱི་ན་ལེན་དྲ་སེར་བྱེས་མཁས་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། དགའ་ལྡན་ཁྲི་ཆེན་བློ་བཟང་ལྷུན་གྲུབ། གཙང་པ་མཁན་པོ་ལྷུན་གྲུབ་ཐབས་མཁས་སོགས་ཀྱི་ཞབས་པད་རིང་དུ་བསྟེན་ནས་གསུང་རབ་རྒྱ་མཚོ་ལྟ་བུ་ལ་གསན་བསམ་རྒྱ་ཆེར་མཛད་དེ་ལྷ་ལྡན་དུ་གདན་གསུམ་མཁས་མང་ཁྲི་ཁྲག་ཚོགས་པའི་དབུས་ལྷ་རམས་པའི་གྲྭ་སྐོར་ཨང་བཞིའི་མཚན་གནས་བཞེས། ྋགོང་ས་སྐྱབས་མགོན་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་དང༌། བྲག་རི་བློ་བཟང་ལུང་རིགས་རྒྱ་མཚོ། སྐྱབས་རྗེ་ལྷ་བཙུན་རིན་པོ་ཆེ། སྐྱབས་རྗེ་ཕ་བོང་ཁ་བ་བདེ་ཆེན་སྙིང་པོ། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་སོགས་དགེ་ལྡན་བསྟན་པའི་སྲོག་ཤིང་འཛིན་པའི་སྐྱེས་ཆེན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཀླས་པ་ཞུས། གདན་སར་མཁན་ཆེན་བཀའ་འགྱུར་བ་བློ་བཟང་ཐུབ་བསྟན་སོགས་བློ་གསལ་དོན་གཉེར་ཅན་གྱི་གྲྭ་རྒྱུན་བརྒྱ་ཕྲག་བརྒལ་བར་གཞུང་ཆེན་ཁག་གི་འཆད་ཉན་རྒྱ་ཆེར་སྤེལ། དུས་ཕྱིས་གཞུང་ལ་དགོངས་ཁྲོལ་ཞུས་ཏེ་རང་ཡུལ་དཀར་མཛེས་དགོན་དུ་ཕེབས་ནས་ཀྱང་སེར་སྐྱ་སྟོང་ཕྲག་བརྒལ་སར་ཆོས་འབྲེལ་གནང༌། གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་ཡོངས་འཛིན་སྟོན་འཁོར་དང་བཅས་པ་ཤར་ཕྱོགས་རྒྱ་ནག་ནས་ཕྱིར་ཕེབས་སྐབས་དཀར་མཛེས་དགོན་དུ་བོད་དབུས་ལུགས་ལྟར་གྱིས་ཕེབས་བསུ་སྣེ་ལེན་གྲ་རྒྱས་ཞུས། སྐྱབས་མགོན་རྒྱལ་བ་ཡབ་སྲས་ཀྱིས་ཐུགས་ཧ་ཅང་མཉེས་པོ་གནང༌། སྐུ་ཚེ་གང་པོར་འཆད་རྩོད་རྩོམ་གསུམ་དང༌། མཁས་བཙུན་བཟང་གསུམ། ཐོས་བསམ་སྒོ་གསུམ་གྱིས་དུས་འདའ་བའི་སྐྱེས་ཆེན་དམ་པ་ཚད་ལྡན་ཞིག་ཏུ་ངེས་སོ།།

དེ་ལྟར་སྙིགས་དུས་ཀྱི་སྨྲ་བའི་ཁྱུ་མཆོག་དམ་པ་དེ་དག་ལས་ཇི་སྐད་དུ་རྒྱལ་བ་མ་ཕམ་པས། ཐོས་པས་མི་ངོམས་ཉིད་དང་ནི།།ཞཻས་ས་གསུམ་པའི་ཡོངས་སུ་སྦྱངས་པའི་སྐབས་ཀྱི་ཁྱད་པར་དང་མཚུངས་པར་གཞུང་ལུགས་ལ་ཐོས་བརྩོན་རྒྱ་ཆེར་མཛད།

བཤད་རྒྱུན་དུ་བྱེས་པ་གྲྭ་ཚང་དང་སྒོས་སུ་ཏྲེ་ཧོར་ཁང་ཚན་དུ་མི་ཤི་འདྲེར་སྐྱེས་ཀྱི་གྲིབ་གཟུགས་འདྲ་མིན་ཡོད་ཚུལ་གྲགས་ཆེ་བ་ལྟར། ཐེངས་གཅིག་དགུང་མོ་ཁང་ཚན་བར་ར་ཚོགས་སྐབས་ཤིག་ལ་ཁང་ཚན་སྤྱི་ཁང་ཐོག་བརྩེགས་གཉིས་པའི་བར་འཁྱམས་སུ་རྒྱ་སེ་སྟོད་འགག་སེར་ལྷམ་མེ་བ་ཞིག་གོན་པའི་བླ་རྒན་ཞིག་ལངས་ནས་བསྡད་པའི་འཁྲིས་ནས་ཁང་ཚན་དགེ་རྒན་གྱིས་ཞུར་མར་ཁུར་ནས་འགྲོ་བའི་སྐབས་ཁོ་ཡར་ཙམ་གཡེལ་ནས་བསྡད་པའི་ངོ་གདོང་དང་བཅས་པ་ཞུར་མའི་འོད་མདངས་ལ་རྟེན་ནས་གསལ་པོར་མཐོང་ཚུལ་དང༌། དེ་ཉིད་དེ་སྔོན་ཏྲེ་ཧོར་ཁང་དམར་དགོན་ནས་ཡིན་པ་དང་སེར་བྱེས་གྲྭ་ཚང་གི་དབུ་མཛད་གནང་ཞིང༌། དེ་སྐབས་ཁང་ཚན་དགེ་རྒན་དང་ཁང་གཉེར་ལ་ཁྱད་བསད་ཀྱིས་ཁང་ཚན་སྤྱི་སྒྲིག་ཚུལ་མཐུན་ཞིག་མ་ཁུར་པས་དབུ་མཛད་ཚར་བ་དང་མཛེ་ནད་ཀྱིས་ཟིན་པ། དེ་སྐབས་ཀྱང་མཛེ་ནད་ཅན་བསྡད་སར་མ་སོང་བར་ཁང་ཚན་སྤྱི་ཁང་དུ་ཡ་མེད་བྱས་ནས་བསྡད་མཐར་ཚེའི་དུས་བྱས་པ་དེ་ཉིད་ཀྱི་རྣམ་ཤེས་འཆལ་བ་རེད་ཅེས་བཤད་སྲོལ་ཡོད་ཚུལ་ཡང་གསུངས། ད་དུང་བྱེས་པ་གྲྭ་ཚང་འདིར་དེ་སྔོན་ཆུ་བྱི་དམག་འཁྲུགས་སྐབས་མན་ཆིང་རྒྱ་དཔོན་ཞིག་གིས་གཙོས་རྒྱ་དམག་མང་པོ་བསད་པ་དེ་དག་གཤིན་འདྲེར་སྐྱེས་ཏེ་རྒྱ་དཔོན་དེ་མཚན་མོར་དམར་ཧྲིལ་བྱས་ནས་དགོན་གསེབ་ཏུ་རྒྱུག་པ་དང༌། སྐབས་འགར་གྲྭ་ཤག་གི་སྒེ་ཁུངས་ནས་ལྟ་བ་སོགས་ཀྱི་འཇིགས་སྣང་ཡང་ཡང་བསྟན་ཚུལ་དང༌། དེ་རྗེས་སོག་པོ་བསྟན་དར་སེར་བྱེས་འདུ་ཁང་ཐོག་ཀ་ནས་གཡུགས་ཏེ་བཀྲོངས་པ་དེ་ཉིད་ཀྱི་འཚུབ་དང་ཆོ་འཕྲུལ་ཡ་མ་ཟུང་དུ་མ་བྱུང་བ་ལ་བརྟེན་ནས་ས་སྐྱ་གོང་མ་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་དུ་མ་གདན་དྲངས་ཏེ་གནན་བསྲེགས་འཕངས་གསུམ་བྱས་ཚུལ་གྱི་ལོ་རྒྱུས་གྲགས་ཆེ་བ་ཡང་འཕྲོས་གླེང་ཙམ་མོ།།

དགུང་ལོ་ཉེར་གཅིག་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག༡༩༥༠གནམ་ལོ་གསར་ཚེས་ཀྱི་དུས་སྟོན་གྲུབ་ནས་རྒྱུན་ལྡན་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་པོའི་ཚོགས་སྒོར་ཞུགས་ནས་ཐུགས་སྨོན་རྒྱ་ཆེར་གནང༌། ཏྲེ་ཧོར་ཁང་ཚན་གྱི་ཁོངས་སུ་གཏོགས་པའི་བསྡུས་ཆེ་པ་རྣམས་དཔྱིད་ཆོས་ཆེན་མོ་མ་ཚོགས་གོང་རྩི་བཞག་དགེ་རྒན་གྱི་ཞབས་བརྟན་ཚོགས་སྲོལ་ཡོད་པ་ལྟར་ཁང་ཚན་བསྡུས་ཆེན་སྐྱོར་དཔོན་ད་ལྟར་ཀོ་ལེ་གྷར་ཞབས་བཞུགས་ཡོད་པ་དར་གྲྭ་དགེ་བཤེས་བློ་དབྱངས་དང༌། གཉེར་པ་གཉིས་ཀྱིས་ཞལ་ཏ་གནང་ནས་ཁང་ཚན་དུ་གནས་བརྟན་ཕྱག་མཆོད་དང༌། བློ་བཟང་རྒྱལ་བསྟན། མཎྜལ་བཤད་པ། དཀོན་མཆོག་རྗེས་དྲན། སྒྲོལ་ཆོག །ཤིས་བརྗོད་སོགས་འདོན་ནས་ཚོམས་ཇ་ཉིན་གསུམ་དང་དེ་ཡང་ཉིན་རེར་ཚོམས་ཇ་ཐེངས་གསུམ་བཏང་ཞིང༌། དེའི་རིང་འཛིན་གྲྭའི་དཔེ་ཆ་ཡག་གྲས་རྣམས་ཚོགས་ལངས་གནང་སྲོལ་ཡོད་པ་གཞིར་བཟུང་གིས་ཁང་ཚན་སྐྱོར་དཔོན་གྱི་བཀའ་ལྟར་རྗེ་དམ་པ་འདི་ཉིད་ཚོམས་ཇའི་ནང་ཚོགས་ལངས་གནང༌། ཧོར་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ནས་གནམ་སྟོང་བར་ཉིན་བཅུ་གཉིས་རིང་ལྷ་ས་ཚོགས་མཆོད་ཆེན་པོའི་ཚོགས་སྒོར་ཞུགས་ནས་ཐུགས་སྨོན་རྒྱ་ཆེར་གནང༌། ཁང་ཚན་འདིར་གཞན་དང་མི་འདྲ་བར་གྲྭ་ས་ལོ་ངོ་གསུམ་ཚང་ནས་བསྡུས་ཆེ་ནས་གཞུང་གསར་ལ་འཕོ་ཉེ་སྐབས་དོན་བདུན་ཅུའི་དམ་བཅའ་དང༌། གཞུང་གསར་སྐབས་བྱམས་གཞུང་དང༌། ཆོས་འཁོར་བཅས་ཀྱི་དམ་བཅའ་བཞག་དགོས་པ་ལྟར། ལོ་དེའི་དཔྱིད་ཆོས་ཆེན་པོའི་མཇུག་དབྱར་ཆོས་ཆེན་མོ་མ་ཚོགས་པའི་བར་དེར། སེར་བྱེ་ཏྲེ་ཧོར་ཁང་ཚན་བར་རའི་ནང་དབུ་མ་རྙིང་པ་ནས་གཞུང་གསར་འཛིན་གྲྭའི་བར་གྱི་གྲྭ་རྒྱུན་སྟོང་ཕྲག་ཉེ་བའི་དབུས་སུ། མཁྱེན་པ་གསུམ་དངསྦྱོར་བ་བཞི། འབྲས་བུ་ཆོས་སྐུ་སྟེ་དངོས་པོ་བརྒྱད་མཚོན་པའི་ཆོས་རིམ་པར་བཞིན། འཇམ་པའི་དབྱངས་ཆོས་ཀྱི་རྒྱལ་མཚན་གྱིས། བཅུ་དང་བཅུ་གཅིག་དགུ་བཅུ་གཅིག།བརྒྱད་དང་བཅུ་གསུམ་བཞི་དང་བཞི།།ཞེས་གསུངས་པ་དང་མཐུན་པར་ཕར་ཕྱིན་གཞུང་གི་སྙིང་དོན་གཅིག་ཏུ་བསྡུས་པ་དོན་བདུན་བཅུའི་དམ་བཅའ་བཞག དེ་ཡང་རྒྱུན་ལྡན་དཔེ་ཆ་ལྟ་དང་མི་ལྟས་ཁྱད་པར་མེད་པར་གྲྭ་ས་ཆད་པའི་ཁོངས་བྱེད་དགོས་པ་ནས་དམ་བཅའ་འདི་ངེས་པར་དུ་བཞག་དགོས། ལོ་དེའི་བསྡུས་ཆེན་པ་ཀུན་མིང་གཞུང་གོ་རིམ་ལྟར་དམ་བཅའ་གཞག་རྒྱུ་ལས་སུ་ལའང་དམིགས་བསལ་མེད་ཅིང༌། དམ་བཅའ་རབ་འབྲིང་ཐ་གསུམ་ཕྱེས་ཏེ་རབ་ཀྱིས་རྩོད་གཞུང་གང་ཞིག་བཙུགས་པ་དེའི་རིགས་པའི་ཕུལ་མཚམས་དང༌། ལུང་གི་རྒྱབ་བརྟེན་བཅས་པར་ངེས་ཤེས་རྙེད་པ་ཞིག་དགོས་ཤིང༌། འབྲིང་རྣམས་ས་བཅད་གོ་རིམ་ཤེས་ངེས། མ་མཐའ་ཡང་ཤོག་ངོས་བཅུ་བློ་ཐོག་ཡོད་དགོས་པར་བཤད། འདིའི་སྐབས་རྒྱུན་ལྡན་རིག་པ་ཡོད་ནའང་བརྩོན་འགྲུས་མི་བྱེད་མཁན་ཚོར་བར་བྱ་ར་ཚོས་དམིགས་སུ་བཀར་ནས་བཙིར་བར་མ་ཟད་གྲྭ་པ་རྒན་གྲས་ཚོས་རྟ་སྤུ་ལངས་དང༌། བྱ་སྤུ་ཉལ་ཞེས་པའི་རྒན་གཞོན་བརྩི་འཇོག་གི་གནའ་དཔེ་ཡ་མཚན་པ་དེ་དག་ཁ་ལ་ཁྱེར་ནས་ཁ་བརྡུང་དང་ལག་བརྡུང་ཅི་རིགས་བྱེད་སྲོལ་དར། ད་དུང་ལན་ཡག་པོ་མ་བྱུང་བ་དང༌། གཞུང་ཚན་མ་ངེས་པ་བྱུང་ཚེ་གདིངས་བ་ནས་འཇུས་ཏེ་དམ་ཁྲིའི་ཐོག་ནས་ཐང་ལ་འཕེན་པ་དང༌། དེ་སྔོན་དམ་འཇོག་གིས་གོ་མི་ཆོད་པར་སླར་ཡང་བསྐྱར་དུ་དམ་བཅའ་བཞག་དགོས་པ། ལྷག་པར་རྒྱུན་ལྡན་གཤིས་སྤྱོད་རྩུབ་རིགས་དང༌། རྒན་པ་ལ་རྩི་འཇོག་དེ་ཙམ་མི་བྱེད་མཁན་ཚོས་དམ་བཅའ་འདི་དམྱལ་བའི་འགག་འཕྲང་ལྟ་བུ་དང་དེང་སང་བལ་བོད་བར་གྱི་ས་མཚམས་འགྲམ་གྱི་འགག་སྒོ་ལྟ་བུའི་གཉན་འཕྲང་ཆེ་བ་ཞིག་ཏུ་རྩི་སྲོལ་ཡོད་པ་མ་ཟད། རྒན་གྲས་ཁག་གཅིག་གིས་གོ་སྐབས་འདི་རིན་ཆེན་གསེར་བཞིན་དམ་འཛིན་བྱས་ནས། དམིགས་སུ་བཟུང་སའི་དམ་བཅའ་བ་དེ་རྒྱུ་མཚན་འདི་ཡིན་གསལ་བཤད་མེད་པར་དམ་ཁྲི་ལས་ཕབ་ནས་ཉེས་རྡུང་ཚབ་ཆེན་བཏང་སྟེ་ཉིན་མང་པོའི་རིང་ཉལ་སའི་ནང་བསྡད་དགོས་པ་དེ་འདྲ་བཟོ་མཁན་ཡང་ཡོད་པ་སྟེ། དེ་སྔོན་དར་གྲྭ་སྐལ་བ་ཟེར་བ་ཞིག་དམ་འཇོག་སྐབས་རྒན་རབས་པ་མིང་འདོགས་ལ་ཤྭ་བོ་ཟེར་བ་ཞིག་དང་སྐྱ་ཀ་ཁྲ་ལི་ཟེར་བའི་གྲྭ་རྒན་གཉིས་ཀྱིས་ཞེ་འཁོན་གྱིས་དམ་ཁྲིའི་འོག་ལ་འཕངས་པར་མ་ཟད་ལྕགས་ཀྱི་ལྡེ་འདྲས་ཡང་ཡང་བཙགས་པས་ཁོང་གིས། ཤྭ་བོས་རྭ་གསིགས་བྱས་བྱུང༌།། དམ་ཁྲིའི་འོག་ལ་རྒྱངས་བྱུང༌།། སྐྱ་ཀ་ཁྲ་ལི་སླེབས་བྱུང༌།། ལྕགས་ཀྱི་མཆུ་ཏོ་རྒྱབ་ཀྱང༌།། སྐལ་བ་སྣང་བ་སྐྱིད་པོ།། ལུས་ལ་ན་ཟུག་བཏང་བྱུང༌།། སེམས་ལ་གནོད་པ་མ་བྱུང༌།། ཞེས་པའི་གྲྭ་གཞས་ཤིག་རྩོམ་མྱོང་བ་དེས་སྐབས་དེའི་གྲྭ་སའི་གྲྭ་པ་ཁག་གཅིག་གི་བྱེད་སྟངས་དང་འབྲེལ་བའི་ལོ་རྒྱུས་ཀྱི་སྡོམ་ཚིག་དོན་སྙིང་ལྡན་པ་ཤིག་ཀྱང་རེད་སྙམ། འོན་ཀྱང་གྲྭ་རྒན་མང་ཆེ་ཤོས་ཞིག་གིས་གྲྭ་གསར་ཚོ་སློབ་གཉེར་ལ་བསྐུལ་བའི་ཆེད་ཁོ་ན་ཡིན་པས་མཐའ་གཅིག་ཏུ་བྱ་སྤྱོད་འདིར་མིག་ལོག་དང་ཞེན་ལོག་བྱེད་པ་མི་རིགས་སོ་སྙམ། གོང་གསལ་དོན་བདུན་ཅུ་དམ་བཅའ་བཞག་དོན་ནི་ཕར་ཕྱིན་གཞུང་ལུགས་རྒྱ་མཚོ་ལྟར་ཆེ་བའི་སྙིང་པོ་བསྡུས་ན་དོན་བདུན་ཅུའི་ནང་འདུ་བ་དང༌། འདིའི་གཞི་རྐང་བརྟན་པོ་ཞིག་མ་ཚུགས་ན་ཕར་ཕྱིན་སྤྱི་མཐའ་དཔྱོད་ཀྱི་གོང་འོག་བློ་ངོར་སྒྲིག་རྒྱུ་ཁག་པོ་ཡིན་པས་ཧ་ཅང་དོན་ཆེ་བ་སེམས་ཏེ། གདན་ས་ཁག་གཞན་འགའ་ཞིག་ཏུ་དོན་བདུན་ཅུའི་དཔེ་ཆ་ཡོད་པ་ཙམ་ལས་ལོགས་སུ་འཛིན་གྲྭ་ཚུགས་ནས་ལྟ་སྲོལ་མེད་སྟབས། ཕར་ཕྱིན་སྐབས་བཞི་པར་སླེབས་དུས་ཀྱང་མངོན་རྟོགས་རྒྱན་གྱི་སྤྱི་ཁོག་ལེན་མི་ཐུབ་པའི་ཚུལ་ཁོ་བོ་ཅག་གིས་ཀྱང་དངོས་སུ་མཐོང་ཐོས་བྱུང་ལ། དེ་སྔོན་བཤད་རྒྱུན་དུའང་སེ་ར་ཏྲེ་ཧོར་ཁམས་པའི་གསར་བུ་ཚོའི་དོན་བདུན་ཅུའི་མུ་བཞི་ལ་གདན་ས་གཞན་གྱི་ལྷ་རམས་པ་ཡང་མགོ་འཁོར་ཟེར་སྲོལ་ཡོད་པ་དོན་ལ་གནས་པར་སེམས། གཞུང་བཟང་སྒོ་བརྒྱ་འབྱེད་པ་ལ།། དྲི་མེད་རིགས་ལམ་གཙང་མའི་འཕྲུལ།། རྨད་བྱུང་གསེར་གྱི་ལྡེ་མིག་ནི།། ཕྱོགས་གླང་གྲགས་པའི་རིང་ལུགས་བསྔགས།། རྔོག་ལོའི་ཐུགས་བསྐྱེད་རལ་ཀླུང་ལས།། ཆ་པའི་སྲོལ་བཟང་རླབས་ཀྱི་ཕྲེང༌།། རྩོད་སྒྲུབ་ལམ་གསུམ་འབབ་པའི་རྒྱུན།། ཁྱོད་ཐུགས་ཛནྷུའི་ལྟོ་བར་འཁྱིལ།། མི་ཕམ་རྒྱལ་བའི་གན་མཛོད་ལས།། དངོས་བརྒྱད་བདུན་བཅུའི་སྦས་དོན་གྱི།། རྣམ་བཞག་བསམ་འཕེལ་ནོར་བུའི་ཟོང༌།། མཁས་མང་ཚོགས་པའི་དབུས་ན་འགྲེམས།། མཁྱེན་རབ་འོད་ཞགས་གཅིག་གིས་ཀྱང༌།། མཐའ་དག་ཆོས་ཀུན་འཆིངས་བྱེད་ཅིང༌།། དོན་བཟང་བསམ་འཕེལ་ནོར་བུའི་མཛོད།། ཁྱོད་ཐུགས་རོལ་བའི་ཀློང་ན་གཏམས།། མི་སྲུན་བརླང་པོ་སྤྱོད་པ་དག། ཁྱོད་ལ་བཙེས་པ་ཙམ་གྱིས་ཀྱང༌།། བཀའ་སྲུང་དྲག་པའི་ཉེས་ཆད་ཀྱིས།། ཞོགས་པའི་མུན་པ་ཇི་བཞིན་བསྐྲོད།། ཞེས་པའང་གདན་ས་ཆེན་མོའི་མཁས་མང་སྟོང་ཕྲག་ཚོགས་པའི་གསེབ་ཏུ་གཞུང་ལུགས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཕྱོགས་གླང་གྲགས་པའི་རིང་ལུགས་ལ་ཐོག་མར་ཇི་ལྟར་འཇུག་པའི་ཚུལ་ལས་བརྩམ་པའི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

༣གཞུང་གསར་རྙིང༌།

ཐུགས་བསྐྱེད་སྤྱན་སྟོང་གཡོ་བའི་ཞགས་པ་ཡིས།། འཛམ་གླིང་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་འཆིངས།། འགྲོ་བའི་སྡུག་བསྔལ་སྐྱོབ་པའི་ཕྱག་སྟོང་གིས།། སྐྱབས་སྦྱིན་ཕྱག་རྒྱས་དགེ་ལེགས་གཡོ་གྱུར་ཅིག། ལོ་དེའི་ཆུ་སྟོད་ཟླ་བ་དྲུག་པའི་ཚེས་བཞིར་ཐུབ་པ་ཆེན་པོས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཁྱད་པར་ཅན་དང་སྒོ་བསྟུན་ནས་འཛིན་གྲྭ་གཞུང་གསར་ལ་འཕར། ཁང་ཚན་འཛིན་གྲྭའི་སྐྱོར་དཔོན་གྱིས་ཁང་ཚན་དགེ་རྒན་ལ་འཛིན་གྲྭ་གཞུང་གསར་དུ་འཕོས་པའི་གྲྭ་རྒྱུན་ཚོའི་མཚན་གཞུང་ཁང་ཚན་དགེ་རྒན་ལ་ཕུལ་ཐོག གཟན་མཇུག་གྱོན་ཆོག་པ་དང་དགའ་འབྲས་གཉིས་སུ་བག་ཡངས་གནང་ཆེན་དང་སྦྲགས་མཆོད་མཇལ་དུ་འགྲོ་ཆོག་པའི་གནང་བ་ཞུ་སྲོལ་ཡོད་པ་ལྟར། ཐུགས་སྣང་སྤྲོ་བའི་ངང་ནས་དགའ་འབྲས་གཉིས་སུ་མཆོད་མཇལ་ལ་ཕེབས་ཏེ། རྒྱལ་བ་གཉིས་པའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་རྟེན་གཙོ་རྗེ་བླ་མའི་སྐུ་དམར་གདུང་ལ་དངུལ་བྲེ་ཆེ་བཅོ་བརྒྱད་ཀྱིས་བཏུམས་པའི་མཆོད་རྟེན་དུས་ཕྱིས་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་ཀྱིས་དངུལ་གདུང་གི་ཕྱི་ནས་གསེར་ནག་འཇང་རྡུང་གིས་བཏུམས་པའི་རྗེའི་གསེར་གདུང་ཆེན་མོ། དེའི་གཡས་གཡོན་རྣམས་སུ་རིམ་པར་བཞིན་འཇམ་དབྱངས་གཙང་པ་བདུན་བརྒྱུད་སོགས་དགའ་ལྡན་ཁྲི་ཆེན་རིམ་བྱོན་དུ་མའི་དངུལ་གདུང་དང༌། གཞན་ཡང་རྗེ་བླ་མའི་ལྷུང་གཟེད་དང་ཞལ་དཀར། ཡངས་པ་ཅན་དང༌། འདུ་ཁང་དཀར་པོ། གསར་མ་ལྷ་ཁང༌། བླ་མ་ལྷ་ཁང༌། བདེ་གཤེགས་ལྷ་ཁང༌། སྟེང་གི་བླ་མ་ལྷ་ཁང༌། གསེར་ཁྲི་ཁང༌། ལྔ་མཆོད་ཁང༌། བྱང་རྩེ་གཟིམས་ཁང༌། པར་ཁང༌། ཡངས་པ་ཅན་གྱི་འོག་ཁང༌། གླིང་བསྐོར་གྱི་མཐའ་བསྐོར་བཅས་དང༌། བྱང་རྩེ་གྲྭ་ཚང་གི་སྟེང་ཁང་དང་འདུ་ཁང་གསར་རྙིང༌། དགའ་ཤར་གྲྭ་ཚང་གི་འདུ་ཁང་དང༌། སྟེང་གི་གཟིམས་ཆུང་ཤོད། སྨན་བླ་ལྷ་ཁང་སོགས་སུ་བྱིན་རླབས་ཚན་ཁ་འབར་བཞིན་བཞུགས་པའི་རྟེན་གསུམ་ཁག་ལ་དད་པའི་གུས་ཕྱག་དང་གསོལ་འདེབས་གདུང་དབྱངས་འཐེན་ནས་བསྟན་འགྲོར་སྨན་པའི་ཐུགས་སྨོན་རྒྱ་ཆེར་གནང༌། དེ་བཞིན་གདན་ས་འབྲས་སྤུངས་སུ་ཕེབས་ཏེ་གཙུག་ལག་ཁང་དབུས་མའི་སྦུགས་སུ་དུས་གསུམ་སངས་རྒྱས་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་དང་རྗེ་ཙོང་ཁ་པ་ཆེན་པོ། རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་ཆིབས་རྟ་ངང་པ་གསེར་ལྡན་གྱི་སྒ་སྒོར་གཟུངས་ཞུགས་སུ་བྱས་པའི་རྗེ་བཙུན་བྱམས་མགོན་གྱི་སྐུ། རྗེ་ཙོང་ཁ་པ་ཆེན་པོས་འཇམ་དབྱངས་ཆོས་རྗེ་ལ་གནང་བའི་དུང་དཀར་གཡས་འཁྱིལ། དེ་བཞིན་འཇམ་དབྱངས་ལྷ་ཁང༌། བྱམས་ཁང་གཉིས་པ། དངུལ་གདུང་ལྷ་ཁང༌། འཁྲུངས་རབས་ལྷ་ཁང༌། ཇོ་བོ་ལྷ་ཁང༌། བཀའ་འགྱུར་ལྷ་ཁང༌། བསྐལ་བཟང་ལྷ་ཁང༌། སྒོ་མང་འདུ་ཁང་དང་ལྷ་ཁང་ཁག བློ་གསལ་གླིང་གི་འདུ་ཁང་དང་ལྷ་ཁང་ཁག བདེ་ཡངས་དང་སྔགས་པའི་འདུ་ཁང་དང་ལྷ་ཁང་ཁག་བཅས་ལ་བཞུགས་པའི་རྟེན་གསུམ་ལ་མཇལ་ཕྱག་དང་གསོལ་འདེབས་ཐུགས་སྨོན་རྒྱ་ཆེར་གནང༌། དེ་ནས་གཞུང་ལུགས་ཆེན་པོ་ཕར་ཚད་དབུ་མ་འདུལ་མཛོད་དང་བཅས་པའི་བཀའ་པོད་ཆེན་པོ་རྣམ་ལྔའི་ཐོག་མ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ། ཆོས་རྗེ་དོན་རིན་པས་ཞལ་གདམས་སུ་གནང་བ་ལས། ཡུམ་ཆེན་རྒྱས་འབྲིང་བསྡུས་གསུམ་གྱི། ། རྒྱན་དུ་གྱུར་པའི་མངོན་རྟོགས་རྒྱན། ། ཐོག་མར་བསླབ་ཅིང་ནན་ལྡན་བྱ། ། དེ་ལ་མཁས་པར་གྱུར་པ་ན། ། ལུང་ཆོས་ཀུན་ལ་ཁྲིགས་ཚུད་འགྱུར། ། ཞེས་གསུངས་པ་ལྟར། བཀའ་པོད་ལྔའི་ནང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལ་དང་པོར་སློབ་དགོས་པས་དེ་ལ་གྲྭ་ཚང་རིན་པོ་ཆེ་འདིའི་སྔར་གྱི་ཕྱག་སྲོལ་བཟང་པོའི་རྒྱུན་བཞིན། གཞུང་གསར་པའི་འཛིན་གྲྭར་ཐོག་མར་འཕོས་ཤྀང༌། དེ་ནས་བཟུང་བདེ་བར་གཤེགས་པའི་གསུང་རབ་རྒྱ་མཚོ་ལྟ་བུའི་སྙིང་ནོར། ཇི་སྐད་དུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི་རང་གི་རྟོགས་པ་བརྗོད་པ་ལས། བླང་དོར་གནས་ལ་ཀུན་ནས་འཐོམས་པའི་མུན།། ཡང་དག་ཐོས་པའི་སྒྲོན་མེ་མ་བསལ་བར།། ལམ་མི་ཤེས་ན་ཐར་པའི་གྲོང་མཆོག་ཏུ།། འཇུག་པར་འགྱུར་བ་སྨོས་ཀྱང་ཅི་ཞིག་དགོས།། དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང༌།། འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི།། གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས།། ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས།། ཚུལ་འདི་བསམ་ཤིང་མདུན་མ་ལོན་ནས་གདའ།། བཀའ་དྲིན་ཆེན་འོ་རྗེ་བཙུན་མཁྱེན་པའི་གཏེར།། ཞེས་དང༌། འཕགས་ཡུལ་གྱི་མཁས་པ་ཚོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ཤེས་ན་པཎྜིཏ་ཀུན་གྱི་གྲལ་མགོར་དབང༌། དཔལ་གསང་བ་འདུས་པའི་རྒྱུད་ཤེས་ན་གྲུབ་ཐོབ་ཀུན་གྱི་གྲལ་མགོར་དབང༌། ཞེས་དང༌། གདན་ས་ཆེན་པོའི་མཁས་པ་ཚོས། ཆོས་ཆེན་པོ་ཕར་ཕྱིན་ནང་དུ་ཡོད།། ཉ་ཆེན་པོ་རྒྱ་མཚོའི་ནང་དུ་ཡོད།། ཞེས་པའི་གསུང་རྒྱུན་ལྟར་རྒྱལ་བ་བྱམས་པས་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་སྦས་དོན་མངོན་པར་རྟོགས་པའི་ལམ་གྱི་གནད་རྣམས་གང་ཟག་གཅིག་འཚང་རྒྱ་བའི་ཐབས་སུ་བསྒྲིལ་ནས་དངོས་བརྒྱད་དོན་བདུན་ཅུའི་སྒོ་ནས་གཏན་ལ་འབེབས་པའི་མན་ངག་བསྟན་བཅོས་མངོན་རྟོགས་རྒྱན་རྩ་བར་བཟུང་སྟེ། དེའི་དགོངས་འགྲེལ་འཛམ་གླིང་མཛེས་བྱེད་འཕགས་བོད་ལོ་པཎ་མཁས་གྲུབ་དུ་མའི་བཞེད་གཞུང་སྤྱི་དང༌། ཁྱད་པར་ཕར་ཕྱིན་འགྲེལ་པ་རྗེའི་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་སྔོན་རྗེ་བདག་ཉིད་ཆེན་པོས་སྐྱིད་ཤོད་ཚལ་གུང་ཐང་དུ་མཛད་པས་མཁས་པ་རྣམས་ཡིད་རབ་ཏུ་འཕྲོག་པར་གྱུར་ཏེ། སྟག་ཚང་ལོ་ཙཱ་བས་ཀྱང་ལེགས་བཤད་འདིར་གཟིགས་ནས། ང་རྒྱལ་གྱི་རི་བོ་བསྙིལ་ཞིང་རྗེ་བླ་མ་ལ་ཆོས་ཀྱི་རྗེས་སུ་འབྲངས་པའི་དད་པ་ཐོབ་སྟེ། ཁྱོད་བློ་ཉི་མ་གཞོན་ནུའི་དུས་ཀྱི་ཚེ།།མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། །བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ། །ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །ཞེས་གཟུ་བོའི་བློས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བའི་ལེགས་བཤད་ཁྱད་དུ་འཕགས་པར་བོད་སྔ་ཕྱི་ཀུན་གྱིས་རྩོད་མེད་དུ་ཁས་ལེན་པ་དེ་ཉིད་དང༌། དེ་བཞིན་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་ཕར་ཕྱིན་བཤད་ཊིཀ་རྣམ་བཤད་སྙིང་པོའི་རྒྱན་ཞེས་བྱ་བའི་བསྟན་བཅོས་འདི་ཉིད་ཀྱང་རྗེ་བདག་ཉིད་ཆེན་པོས་རྭ་སྒྲེང་ཡང་དགོན་དུ་མདོ་རྒྱན་སྦྱར་བའི་བཀའ་བཤད་གནང་བའི་ཚེ། ཚིག་དོན་གྱི་གནད་འགག་དང༌། གོ་བའི་སྐྱེད་ལུགས། ཁས་ལེན་འཛིན་མཚམས། ཉམས་ལེན་གྱི་ཐོག་ཏུ་གཏན་ལ་འབེབས་ཚུལ་སོགས་གསེར་ཕྲེང་དུ་བྱུང་བ་ལས་ཀྱང་མཐའ་ཆོད་པའི་ཚུལ་གྱིས་གསུངས་པ་ན། ཞལ་སློབ་རྣམས་ཀྱིས་རྗེ་ལ་མཐའ་ཆོད་པའི་ཕར་ཊིཀ་མཛད་དགོས་པའི་གསོལ་བ་བཏབ་པར། རྗེ་བདག་ཉིད་ཆེན་པོས། ཚིག་སྐྱོན་གཅོད་ལུགས་སོགས་ཀྱི་ལེགས་བཤད་གསུང་བཤད་དུ་གནང་བ་རྣམས། དཀའ་བཅུ་དར་མ་རིན་ཆེན་པས་ཟིན་བྲིས་སུ་ཐོབ། སླར་ཁྱོད་ཀྱིས་མཐའ་ཆོད་པའི་ཊཱིཀྐ་རྩོམས་ཤིག་གསུངས་ཏེ་གནང་བ་སྩལ་ཞིང༌། དོན་གྱིས་བསྟན་པ་གཏད་པ་བཞིན་དུ་རྒྱལ་ཚབ་ཐམས་ཅད་མཁྱེན་པས་དོན་དེ་ཐུགས་ལ་དགོངས་ཏེ། ཤེར་ཕྱིན་གྱི་དོན་རྣལ་འབྱོར་པའི་ཉམས་ལེན་དང་སྦྱོར་ཚུལ་རྗེ་བདག་ཉིན་ཆེན་པོའི་བཞེད་དགོངས་མཐར་ཐུག་རྩལ་དུ་བཏོན་ཅིང༌། སྔོན་བྱོན་མཁས་པ་སུས་ཀྱང་མ་ཐོན་པའི་ཕར་ཕྱིན་གྱི་བཤད་ཊིཀ་རྣམ་བཤད་སྙིང་པོའི་རྒྱན་ཞེས་བྱ་བ་འདིས་མཚོན། གཞན་ཡང་རྗེ་ཡབ་སྲས་ཀྱི་གསུང་རྣམས་དང༌། རང་གཞུང་ཕར་ཕྱིན་མཐའ་དཔྱོད་སོགས་མདོར་ན་རྗེའི་བརྒྱུད་འཛིན་རིགས་པ་སྨྲ་བའི་ཁྱུ་མཆོག་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་རྗེས་འབྲངས་དང་བཅས་པའི་གཞུང་རྣམས་གུང་བསྒྲིགས་ནས་ཞིབ་ཏུ་དཔྱོད་པའི་དཔེ་ཁྲིད་ཉན་བསམ་དང་འབྲེལ་སྤྱི་དོན་སྐལ་བཟང་ཀླུ་དབང་དགའ་བའི་རོལ་མཚོ་སོགས་ཀྱི་གཞུང་བློ་འཛིན་ཡང་མི་ཉུང་བ་གནང་ཐོག །འདིའི་གཞུང་དོན་མཆོད་བརྗོད་ནས་དབུ་བརྩམས། ཤིང་རྟའི་སྲོལ་འབྱེད། བྱམས་གཞུང༌། ཉན་ཐོས་ཞི་ཚོགས་མ། གཅིག་ཏུ་བྲལ། མཁྱེན་གསུམ། མྱང་འདས། ཆོས་འཁོར། ཡང་དག་མཐའ། བཀའ་བསྟན་བཅོས་བར་གྱི་རྩོད་གཞུང་ལ་རྩོད་སྒྲུབ་རིགས་པའི་ལམ་ནས་ལོ་གཅིག་གི་རིང་ཞིབ་ཏུ་གསན་བསམ་གནང༌།

དགེ་ལྡན་བསྟན་པའི་མཛེས་རྒྱན་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐའ་

ཤེལ་གྱི་མེ་ལོང་དུ། དུས་ཕྱིས་འཇམ་དབྱངས་བཞད་པའི་རྡོ་རྗེ་ཞེས་རྒྱ་གར་གྱི་འཛམ་གླིང་མཛེས་རྒྱན་རྣམས་དང་མཚུངས་པའི་མཁས་གྲུབ་ཆེན་པོ་དེས་མདོ་སྔགས་ཐམས་ཅད་དང༌། ཁྱད་པར་དུ་པོ་ཏི་ལྔ་ཀ་ལ་མཐའ་དཔྱོད་ཀྱི་ཡིག་ཆ་སྔོན་མེད་ལེགས་བཤད་ཀྱི་གཏེར་དུ་གྱུར་པ་མཛད་པས་དེང་སང་སྒོ་མང་གི་འཛིན་ཆོས་ཀྱང་འཇམ་དབྱངས་བཞད་པའི་ཡིག་ཆ་ཁོ་ན་ལ་བྱེད་ལ། སྒོ་མང་བར་མ་ཟད་མཐའ་དབུས་ཀྱི་རིགས་པ་སྨྲ་བ་མཐའ་དག་གི་ཐོས་བསམ་གྱི་གཞིར་བྱེད་པར་བརྟེན། ཡིག་ཆ་གཞན་ཕལ་ཆེར་ངལ་གསོ་མཛད་པར་སྣང་ངོ༌། ཞེས་བྲིས་འདུག་པ་ནི་གནས་ལྔ་རིག་པའི་དབང་ཕྱུག་མཁས་གྲུབ་བྱེ་བའི་གཙུག་རྒྱན་ཀུན་མཁྱེན་འཇམ་དབྱངས་བཞེད་པའི་ལེགས་བཤད་ཡིག་ཆ་རྣམས་འཆད་ཉན་ཀྱི་སྲོལ་དར་བ་ནས། བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་དེ་སྔོན་འཆད་མཉན་གྱི་སྲོལ་དར་བའི་གུང་རི་ཆོས་ཀྱི་འབྱུང་གནས་པའི་ཕར་ཕྱིན་ཐལ་ཕྲེང་དང༌། རྩེད་ཐང་དངོས་གྲུབ་རྒྱ་མཚོའི་མཛོད་འགྲེལ། རྗེ་བཙུན་པའི་འདུལ་བ་བློ་གསལ་ཐེམ་སྐས་རྣམས་གྲྭ་ཚང་དེའི་འཆད་མཉན་གྱི་སྲོལ་རྒྱུན་ཆད་པ་ལ་དགོངས་པའམ། ཡང་ན་རིན་པོ་ཆེ་ཉིད་དབུས་གཙང་དང་མདོ་ཁམས་སྟོད་ཀྱི་ཆ་ལ་དེ་ཙམ་ཆ་རྒྱུས་མེད་པ་དང༌། ལྷ་སར་ཡང་བསྟན་འགྲོའི་མཛད་བྲེལ་ཤིན་ཏུ་ཆེ་བས་གདན་ས་གསུམ་དུ་དུས་ཡུན་རིང་པོར་བསྡད་པའི་ལོང་མ་བྱུང་བས་ཐུགས་རྒྱུས་དེ་ཙམ་མེད་པས་ཡིན་ན་མ་གཏོགས། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ལེགས་བཤད་ཡིག་ཆ་རྣམས་མཁས་མང་ཁྲི་ཕྲག་ཚོགས་ས་བྱེས་པ་གྲྭ་ཚང་དང༌། འཇམ་མགོན་རྒྱལ་བ་གཉིས་པའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་སྤྱིའི་རྒྱུན་ལྡན་ཡིག་ཆར་སྤྱོད་པ་རྩོད་མེད་ཐོག ད་དུང་གཙང་གི་ཁུལ་གྱི་གཞིས་དགོན་ཆེ་གྲས་དུ་མ་དང༌། ལྷག་པར་མདོ་ཁམས་འཛིན་མའི་རྒྱན་གཅིག་མཉམ་མེད་ཞྭ་སེར་རིང་ལུགས་པའི་རྣམ་ཐར་གཙང་མར་འཆང་བ་བྱང་སེམས་ཤེས་རབ་བཟང་པོའི་གདན་ས་ཆབ་མདོ་བྱམས་པ་གླིང༌། དེ་བཞིན་དགེ་ལྡན་བསྟན་པའི་ཆུ་མགོ་ཆོས་རྗེ་དོན་འགྲུབ་རིན་ཆེན་གྱི་གདན་ས་བྱ་ཁྱུང་དགོན་དང་དེའི་བུ་དགོན་བཅོ་བརྒྱད། ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ལྷ་དབང་ཕྱོགས་ལས་རྣམ་པར་རྒྱལ་བའི་གདན་ས་དཀར་མཛེས་བཤད་སྒྲུབ་ནོར་བུའི་གླིང་དང་བཀྲ་ཤིས་དར་རྒྱས་དགོན་སོགས་རིག་གྲོལ་འདུས་པ་སྟོང་ཕྲག་དུ་མ་ཚོགས་པའི་འདུས་སྡེ་ཤིན་ཏུའང་མང་པོས་ཡིག་ཆ་འདི་ཉིད་འཆད་ཉན་གྱིས་འཛིན་སྐྱོང་བྱས་དང་བྱེད་བཞིན་པ་ལགས་པས། དྲང་པོར་བཤད་ན་དགེ་ལྡན་པའི་ཡིག་ཆའི་ཁྲོད་ནས་ཡིག་ཆ་འདི་ཉིད་རྙིང་ཤོས་དང་འཕྲིན་ལས་རྒྱས་ཤོས་སུ་མཐོང་ཞིང༌། དེ་བཞིན་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་རྣམ་དཔྱོད་མཆོག་གི་སྡེ་དཔལ་བཟང་པོའི་མདོ་སྔགས་ཀྱི་ལེགས་བཤད་འགྲན་ཟླ་བྲལ་བ་དེ་དག་ཀྱང་བློ་གསལ་མཁས་མང་བྱེ་བའི་གླིང་གྲྭ་ཚང་དང་དགའ་ཤར་ཐོས་བསམ་ནོར་གླིང་གྲྭ་ཚང༌། དེ་བཞིན་ཁམས་གྱི་བྲག་གཡབ་མ་དགོན་དང་བུ་དགོན། མདོ་སྨད་ཀྱི་རོང་པོ་ཀིརྟི་སྟག་ཚང་ལྷ་མོ་བློ་གསལ་གླིང་སོགས། འདུས་སྡེ་སྟོང་ཕྲག་དང་མཁས་གྲུབ་བརྒྱ་ཕྲག་ཚོགས་པའི་ཆོས་སྡེ་དུ་མ་དང༌། ལྷག་པར་དེང་སང་ནི་བཙན་བྱོལ་ཁྲོད་ཀྱི་ས་དགེ་བཀའ་རྙིང་གི་དགོན་སྡེ་དུ་མ་དང་དྷ་ས་མཚན་ཉིད་གྲྭ་ཚང༌། ཕྱོགས་མཐའི་བཙུན་དགོན་སོགས་གཅིག་མཐུན་གྱིས་ཡིག་ཆ་འདི་ཉིད་ཁོ་ན་འཆད་ཉན་བྱེད་བཞིན་པ་ལགས་པས། དེས་ན་ཡིག་ཆ་གཞན་དང་གཞན་རྣམས་ད་དུང་ངལ་གསོ་ཐོབ་རྒྱུ་ལྟ་ཞོག །ལས་བྲེལ་ཇེ་ཆེར་འགྲོ་བཞིན་ཡོད་པས། གོང་གི་གསུང་དེ་ཉིད་རྣམ་པ་གཅིག་ཏུ་ན་གསུང་རྩོམ་འདི་ཉིད་འཇུག་མ་སྒྲིལ་བའི་མཚམས་སུ་རྩོམ་པ་པོ་ཞི་བར་གཤེགས་པས་ཞུ་དག་པ་ཞིག་གིས་བཟོ་བཅོས་བཟོས་པའང་ཡིན་སྲིད་སྙམ་སྟེ་འཕྲོས་གླེང་ཙམ་མོ།། ཆོས་མཚམས་ཀྱི་སྐབས་ཤིག་གངས་ཅན་མཁས་རྒུའི་ཡང་རྩེ་སྨྲ་བའི་སྐྱེས་མཆོག་དམ་པ་དགེ་བའི་བཤེས་གཉེན་བློ་བཟང་དབང་ཕྱུག་མཆོག་གི་ཞལ་སྔ་ནས་ཁྱེད་ཀྱིས་ད་རེས་ཆོས་མཚམས་འདིའི་ནང་དྲང་ངེས་ལེགས་བཤད་སྙིང་པོ་བློ་འཛིན་བྱེད་དགོས། འདི་ལ་དགོས་པ་ཆེན་པོ་ཡོད་ཅེས་གསུངས་པ་ལྟར་རྗེ་འདི་ཉིད་དང་མཆེད་གྲོགས་རིག་པ་སྨྲ་བ་བླ་མ་བཀྲ་ཤིས་དུས་ཕྱིས་དཀར་དགོན་མཁན་པོ་མཛད་ཅིང་བབ་བརླིང་བརྟན་གསུམ་དང༌། མཁས་བཙུན་བཟང་གསུམ་ལྡན་པའི་སྐྱེས་ཆེན་ཞིག་ཡིན་ལ་ལོ་རྒྱུས་མདོར་ཙམ་འོག་ཏུ་འཆད་པར་འདོད་པས་དེར་གཟིགས་དགོས། དེ་ཉིད་དང་ལྷན་ཅིག་ཏུ་དཔེ་མཚམས་ལ་ཕེབས་ནས་ཕལ་ཆེར་སེམས་ཙམ་པའི་སྐབས་ཡན་ཆད་བློ་འཛིན་ཟིན་མཚམས། རྩམ་པ་ཆད་གྲབས་ཡིན་པའི་སྐབས། དཔེ་མཚམས་བསྡད་སའི་ཕར་ཕྱོགས་སྦྱར་སྡོང་འགའ་ཞིག་ཡོད་པའི་སྟེང་དུ་ཕོ་རོག་གཉིས་ཀྱིས་རེས་མོས་བྱས་ནས་ཤ་སྐམ་རྭ་གཉིས་མ་མང་པོ་ཞིག་དབོར་ནས་གྲོགས་སྐད་དང་བཅས་སར་གཡུག དེ་དག་སྒྲུག་སྟེ་ཞིབ་འཐག་གིས་རྩམ་པ་ཅུང་ཟད་རེ་མཉམ་དུ་ཆུ་ལ་བསྐོལ་ནས་གསོལ་ཚིགས་ཀྱི་ཚབ་ཏུ་མཛད་པས་ཁོང་གཉིས་ཀས་དྲང་ངེས་རྣམ་འབྱེད་བློ་འཛིན་ལེགས་གྲུབ་བྱུང་ཞིང༌། རྗེས་མར་བརྩད་བཅད་དུས་ཤ་སྐམ་དེ་དག་ནི་སེར་བྱེས་ཤག་ཚང་ཆེ་ཁག་གཅིག་གི་གཟན་ཤ་སྐོམ་རློན་ཕབ་འདེགས་བྱེད་སྐབས་ཕོ་རོག་གིས་ཁྱེར་བ་རེད་འདུག ཤ་སྐམ་དབོར་འདྲེན་བྱེད་པ་དེ་ཉིད་ཆོས་སྐྱོང་སྲུང་མའི་འཕྲིན་ལས་རང་ཡིན་ཞེས་བཞེད་མོ་དང་བཅས་ཡང་ཡང་གསུངས། ལོ་དེར་གྲྭ་ཚང་རྒྱུགས་སྤྲོད་སྐབས་དྲང་ངེས་ལེགས་བཤད་སྙིང་པོ་བློ་རྒྱུགས་ཕུལ། དེ་བཞིན་ལོ་ལྟར་བྱེས་གྲ་ཚང་གི་བློ་རྒྱུགས་སྐབས་གྲུབ་དོན་ས་གསུམ་དང༌། རྗེ་བཙུན་པའི་ཕར་ཕྱིན་སྤྱི་དོན་ལེགས་བཤད་སྐབས་བཟང་ཀླུ་དབང་གི་རོལ་མཚོ་དང་དབུ་མའི་སྤྱིདོན་སྐལ་བཟང་མགུ་རྒྱན། རྗེའི་དབུ་མ་དགོངས་པ་རབ་གསལ་སོགས་རྩོད་གཞུང་གང་འཁེལ་དང་འབྲེལ་ནས་ཐུགས་འཛིན་རྒྱུགས་འབུལ་གནང་སྟེ། གྲྭ་ཚང་གིས་ལོ་ལྟར་བློ་རྒྱུགས་ཤོག་གྲངས་ཉུང་གྲས་ལ་ཁ་བཏགས་ཟུད་ཆུ་རེ་དང༌། འབྲིང་བར་ཨ་ཤེ། མང་བར་ཉི་མོ་བདེ་ལེགས། ཆེས་ཤིན་ཏུ་མང་བར་ཨ་ཤེ་ཤིན་ཏུ་རིང་པོ་རེ་དང་གནང་སྦྱིན་གསོ་རས་ཀྱང་གང་འཚམས་སྩལ་སྲོལ་ཡོད་པའི་ཁྲོད་ནས་རྗེ་བླ་མ་འདི་ཉིད་ཁ་བཏགས་ཉིན་མོ་བདེ་ལེགས་བཞེས་མཁན་གྱི་གྲས་ཡིན་གསུངས། གྲྭ་ཚང་བློ་རྒྱུགས་སྐབས་ལོ་ལྟར་བྲག་མགོ་ཀེའུ་ཚང་སྐུ་གོང་མ་དེ་ཉིད་ཞབས་ཞུ་གཉིས་ཙམ་རེ་ལ་གླེགས་བམ་དྲངས་བཅུག་སྟེ་ལོ་རྟག་པར་གླེགས་བམ་གཉིས་གསུམ་ཙམ་རེ་བློ་རྒྱུགས་འབུལ་གནང་གིས་བློ་རྒྱུགས་རྩེ་ཕུད་ཀྱི་གཟེངས་བསྟོད་གཞེས་རྐྱང་གནང་ཚུལ་དང༌། གཞན་དང་མི་འདྲ་བའི་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་ཡིན་ཚུལ་ཡང་ཡང་གསུངས་ཤིང༌། ད་དུང་གསུང་འཕྲོས་སུ་ཀེའུ་ཚང་རིན་པོ་ཆེ་སྐུ་གོང་མ་དེ་ཉིད་གྲྭ་སར་ཐོག་མར་ཕེབས་སྐབས་སེར་འབྲས་ཀྱི་ཏྲེ་ཧོར་ཁང་ཚན་གཉིས་གྲྭ་ས་ཐོབ་ཐང་གི་རྩོད་སྙོག་བྱུང་མཐར་འབྲེལ་ཡོད་སེར་འབྲས་མཁན་པོ་གཉིས་ཀྱིས་ཤོ་རྒྱན་འཕེན་རྒྱུའི་ཐག་གཅོད་བྱུང༌། དེའི་ཆེད་ཕྱི་ཉིན་ཞོགས་པ་སྔ་བོར་སེར་ཏྲེ་གྲྭ་བ་ཁག་གཅིག་ལྕགས་པོ་རི་ལ་བསངས་གསོལ་བཏང་ནས་ཕྱིན་ཡོང་བ་དང་འབྲས་ཏྲེ་བྲག་གྲྭ་འགའ་ཞིག་གཞི་ནས་བསངས་གསོལ་ལ་འགྲོ་བ་དང་ལམ་ཐུག་རྒྱབ་པས་ལག་འཛིངས་ཀྱང་ཤོར། དངོས་གཞི་ཤོ་འཕེན་སྐབས་ཕུར་ལྕོག་བྱམས་མགོན་རིན་པོ་ཆེ་ཏྲེ་ཧོར་གྲྭ་བ་མང་ཆེ་བའི་བསྙེན་རྫོགས་མཁན་པོ་ཡིན་པ་དང་བྱམས་མགོན་གྱི་སྤྲུལ་པར་གྲགས་ཆེ་བ་ལྟར་བར་དཔང་དུ་གདན་དྲངས་ནས། དང་པོ་བློ་གླིང་མཁན་པོས་ཤོ་འཕེན་པར་ཤོ་མིག་བཅུ་གཉིས་པ་བབ། དེ་རྗེས་བྱེས་མཁན་པོས་ཤོ་འཕེན་པས་ཤོ་གཅིག་ལ་ཤོ་མིག་དྲུག་དང༌། གཅིག་ཤོས་ཤོ་ཕོར་ནང་ཡུན་རིང་འཁོར་རྗེས་དུམ་བུ་གཉིས་སུ་ཆགས་ཏེ་གཅིག་དང་དྲུག་ཁྱད་པར་གཉིས་བབ་པ་བསྡོམས་པས་ཤོ་མིག་བཅུ་གསུམ་བྱུང་བ། ཕུར་ལྕོག་བྱམས་མགོན་རིན་པོ་ཆེས་སེར་འབྲས་ཀྱི་མཁན་པོ་གཉིས་ཀ་བསོད་ནམས་ཆེ་བས་ཤོ་མིག་མཐོ་པོ་མ་གཏོགས་མི་བབ་ཀྱང་བདེན་པར་བསླུ་བ་ནམ་ཡང་མེད་པའི་དཔང་རྟགས་འདི་ལས་གསལ་བ་མི་དགོས་ཞེས་གསུངས་པ་ལྟར་རིན་པོ་ཆེ་ཉིད་སྔར་སྲོལ་བཞིན་སེ་ར་ཏྲེ་ཧོར་རང་དུ་གཞིས་ཕབ་ནས་བཞུགས་ཚུལ་ཡང་འཕྲོས་གླེང་གི་ཚུལ་དུ་ཡང་ཡང་གསུངས། ལོ་དེར་གདན་གསུམ་མཁས་པའི་གཙུག་རྒྱན། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་དབང་ཕྱུག་དཔལ་བཟང་པོ་མཆོག་མཁས་བཙུན་བཟང་པོའི་ཡོན་ཏན་འགྲན་ཟླ་མེད་པ་དེ་ཉིད་རང་ཁོངས་གཞིས་དགོན་ནས་སེར་སྐྱ་ཡོངས་རྫོགས་ཀྱིས་མགྲིན་གཅིག་དབྱངས་གཅིག་གིས་བསྐུལ་དོན་ལྟར་གཞིས་དགོན་དུ་ཕེབས་པར་སེར་བྱེས་མཁན་པོ་གྲུབ་དབང་བློ་བཟང་ནོར་བུའི་མཆོག་སྤྲུལ་ཁང་དམར་རིན་པོ་ཆེ་བློ་བཟང་མཐུ་བསྟན་དཔལ་ལྡན་རྒྱ་མཚོ་སོགས་དགེ་ཕྲུག་དང་སྐུ་ཁམས་ལྷན་ཅིག་ཕེབས་པར། དགེ་བའི་བཤེས་གཉེན་ཆེན་པོ་ལྷ་རམས་པ་བློ་བཟང་མཐུ་སྟོབས་དང༌། དགེ་རྒན་མཁས་གྲུབ། རྗེ་འདི་ཉིད་བཅས་ཕེབས་སྐྱེལ་དུ་བཅར། དམ་པ་དེ་ཉིད་ཀྱིས་གཞིས་དགོན་དུ་ཕེབས་ཁར་དཔེ་ཆར་ཧུར་ཐག་བསླབ་དགོས་པའི་བསླབ་བྱ་ནན་ཏན་དུ་གནང་ནས་གྱེས་མཇལ་ཞུས། དབྱར་སྟོད་དུ་ལྷ་སའི་ལྷོ་ཕྱོགས་བུམ་པ་རིའི་ཐད་ནས་ཞོགས་པ་འཆར་ཅན་ཟླ་བ་གཅིག་གི་རིང་ལ་སྐར་མ་དུ་བ་མཇུག་རིང་ཤར་བ་དང༌། སེ་རའི་ལྷོ་ཕྱོགས་གྲྭ་བཞི་དམག་སྒར་ཀྱི་ཐད་ནམ་མཁའ་ནས་གློ་བུར་དུ་མེ་མདའ་མང་པོ་རྒྱབ་པའི་སྒྲ་རྒྱུན་མར་གྲགས་ཤིང༌། ས་གཡོ་བ་སོགས་ཀྱི་རྟགས་མཚན་མི་འདྲ་བ་དུ་མ་བྱུང་གསུངས། ད་དུང་མིག་མཐོང་པ་འགའ་ཞིག་གིས་བཤད་པར་ལྟར་ན༌། ནམ་མཁའ་ནས་ལ་ཐོད་སྔོན་པོ་བཅིངས་པའི་དམག་དཔུང་ཁག་གཅིག་དང༌། ལྭ་བ་དཀར་པོ་གྱོན་པའིདཔུང་དམག་ཁག་གཅིག་ཕན་ཚུན་དམག་འཁྲུགས་བྱས་མཐར་ལྭ་བ་དཀར་པོ་གྱོན་མཁན་དེ་རིགས་ཕམ་ནས་ཕྱིར་བྲོས་བྱེད་དགོས་བྱུང་བ་དང༌། དེ་བཞིན་བོད་ཁམས་སྟོད་སྨད་གང་ས་ནས་འདི་དང་ཕྱོགས་འདྲ་པའི་རྟགས་དང་མཚན་མ་ཁྱད་མཚར་བ་དུ་མ་བྱུང་བ་དང༌། རྙིང་མའི་གཏེར་ལུང་ཁག་གིས་མཚོན་སྐྱེས་ཆེན་དམ་པ་དུ་མས་མ་འོངས་ལུང་བསྟན་མང་པོའི་ནང་གསལ་བ་ལྟར་ཀླ་ཀློ་ཁ་རྒྱལ་བའི་ངན་ལྟས་སུ་ཤེས་ནས་རང་གཞུང་དང་གདན་ས་ཁག་གི་ཆོས་རྒྱུད་རིས་མེད་ཀྱིས་ཟློག་རིམ་འདྲ་མིན་བྱས་ནའང༌། མ་ཚང་མེད་རྒྱུ་དེ་ལས་ནི། །འབྲས་བུ་གང་གིས་ཟློག་ནུས་མིན། །ཞེས་པ་ལྟར་འབྲས་བུ་དུས་སུ་སྨིན་ཏེ་ལོ་དེའི་སྟོན་ཁར་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་བདག་གིར་བཞེས་པའི་ཏྲེ་ཧོར་དགེ་རྟག་བླ་མ་སྐུ་ཕྲེང་ལྔ་པ་གྲགས་པ་མཐའ་ཡས་རིན་པོ་ཆེ་ཉིད་ད་ལྟའི་རང་གཞུང་གི་ཆབ་སྲིད་ལམ་སྟོན་དང་ཁབ་འགྲོ་འབིགས་འགྲོ་དང་ཁུག་ནང་ཁུག་རྒྱབ་ལྟ་བུའི་བོད་རྒྱལ་ཞི་མོལ་གྱི་ལམ་ནས་སྐྱེ་འགྲོ་ཁྲི་ཕྲག་མང་པོའི་ཚེ་སྲོག་གི་གད་ཆག་སྔོན་འགོག་ཆེད། བོད་རྒྱ་གཉིས་ཕན་ལ་དགོངས་ནས། དཀར་མཛེས་དགེ་བཤེས་སངས་རྒྱས་ཐུབ་དབང་ཞེས་ཇོ་བོ་བཀའ་གདམས་པའི་རྣམ་ཐར་གཙང་མ་བདག་གིེར་སྤྱོད་ཅིང་རྟོགས་པའི་ཡོན་ཏན་བུམ་ནང་གི་མར་མེ་ལྟར་སྦར་བ་དེས་མོ་ལུང་ཞུས་པའི་ཕྱིེར་ཕེབས་སུ་སྐུ་སྲོག་ལ་ཉེན་ཁ་ཡོད་ཚུལ་གསུངས་ཀྱང་བསྟན་འགྲོའི་དོན་དུ་སྐུ་སྲོག་ལ་མ་འཛེམས་པར་དབུས་ལམ་དུ་ཕེབས་ནས་ཆབ་མདོར་སླེབས་པ་དང༌། ཆབ་མདོ་ས་དབང་ཆེན་པོས་གྲིབ་ནག་འདྲེ་མཐོང་གིས་མགོ་སེར་མི་ལ་རྒྱུད་བསྐུལ་བྱས་ཏེ་དུག་ཕུལ་ནས་བོད་ཟླ་ཚེས་ལ་བཀྲོངས། ལོ་དེ་རང་ལ་ཆབ་མདོ་མན་ཆད་རྒྱ་ལག་ཏུ་ཤོར་བས་རྒྱལ་ཚབ་སྟག་བྲག་ཚང་གིས་ཐུགས་འགན་མ་ཟིན་པར་བོད་ཟླ་བཅུ་པའི་ཚེས་བཅུ་བདུན་ལ་རྒྱལ་ཚབ་དགོངས་པ་ཞུས། དེའི་ཕྱི་ཉིན་བོད་ཟླ་བཅུ་པའི་ཚེས་བརྒྱད་ལ་ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པས་བོད་བསྟན་སྲིད་ཀྱི་ཐུགས་འགན་ཡོངས་སུ་བཞེས་ཏེ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་མངའ་གསོལ་བའི་སྐལ་བཟང་དགའ་སྟོན་གྱི་མཛད་སྒོར་མཚན་དཔེའི་ཞལ་བཟང་དངོས་སུ་མཇལ་བའི་སྐལ་བཟང་ཐོབ། བོད་ཟླ་བདུན་པའི་ཚེས་ཤར་ལ་སྔ་སྲོལ་ལྟར་ཏྲེ་ཧོར་ཁང་ཚན་དུ་བྱམས་གཞུང་གི་དམ་བཅའ་བཞག བྱམས་གཞུང་དམ་བཅའ་མཛད་དོན་ནི། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སྐུ་ཚེ་སྟོད་ལ། རྣམ་བཤད་ལས་རྗེ་བཙུན་ལ་རང་དོན་དོན་གཉེར་གྱི་བློ་མེད་པ་འདོད་པ་སོགས་ནི་ཐེག་པ་ཆེན་པོའི་གཞུང་ལ་ངལ་བ་ཞིབ་ཏུ་མ་ཡིན་པའི་སྐྱོན་ཡིན་ཏེ། ཞེས་པ་ནས་འཕྲོས་ཏེ་རྗེ་བཙུན་ལ་རང་དོན་དོན་གཉེར་གྱི་བློ་ཡོད་པའི་སྒྲུབ་བྱེད་དུ། རྗེ་བཙུན་ས་བཅུའི་སེམས་དཔའ་ཡིན་པ་དང་གནས་ཚད་ལ་སངས་རྒྱས་མིན་པ་ལུང་རིགས་དུ་མས་སྒྲུབ་པ་ན་སྐབས་ཤིག་གནལ་ལམ་དུ། རྗེ་བཙུན་མ་ཕམ་པས་ཞལ་གཟིགས་ནས་ཐུགས་མི་དགྱེས་པའི་རྣམ་པས་ཁྱོད་ཀྱིས་ང་སངས་རྒྱས་མིན་པ་དེ་ཙམ་ཨུ་ཚུགས་བྱས་ནས་སྒྲུབ་དགོས་པའི་རྒྱུ་མཚན་གང་ཡིན་ཞེས་གསུངས་པ་ཞིག་རྨིས་པ། དེ་ནས་བཟུང་དམ་བཅའ་དེར་རྗེ་བཙུན་བྱམས་མགོན་ཐུགས་མི་མཉེས་པར་དགོངས་ཏེ། དེ་ལས་ལྡོག་ནས་རྗེ་བཙུན་སངས་རྒྱས་ཡིན་པ་དང༌། སངས་རྒྱས་ཡིན་ཀྱང་རང་དོན་གཉེར་བློ་ཡོད་པ་མི་འགལ་བའི་ཚུལ་ལུང་རིགས་ཀྱི་སྤྲོས་པ་ཤིན་ཏུ་མང་པོས་སྒྲུབ་པར་མ་ཟད། གཞུང་ཚན་དེ་ལས་འཕྲོས་ཏེ་བྱམས་གཞུང་ཞེས་འབུར་དུ་བཏོན་པར་མཛད་པས་དུས་ཕྱིས་སླར་ཡང་གནལ་ལམ་དུ་རྒྱལ་བ་མ་ཕམ་པས་ཞལ་གཟིགས་ནས་ཐུགས་མཉེས་པའི་ཚུལ་བསྟན་པ་རྨིས་པས་ཕར་ཕྱིན་སྤྱི་དང་བྱམས་ཆོས་ལ་རྗེ་བཙུན་པ་ཁོ་ན་འགྲན་ཟླ་མེད་པ་བྱུང་བས། དེའི་རྟེན་འབྲེལ་གྱི་གནད་ལ་དགོངས་ནས་ཁང་ཚན་འདིས་ཀྱང་ཆེད་དུ་མངགས་ནས་བྱམས་གཞུང་གི་དམ་བཅའ་ཚོགས་སྲོལ་བྱུང་བ་ཡིན་སྲིད་སྙམ། ལོ་དེའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཤར་ལ། སེར་བྱེས་ཏྲེ་ཧོར་ཁང་ཚན་གྱི་གྲྭ་རྒྱུན་ཁག་གཅིག་གྲྭ་ས་ཆད་ནས་ཕ་ཡུལ་དུ་ཕེབས་ཁར། དམ་བཅའ་གཅིག་བཞག་གཉིས་བཞག། ཆོས་འཁོར་དམ་བཅའ་བཞག་ཡོད།། དྲིན་ཅན་ཕ་མའི་དྲིན་ལན།། དམ་ཁྲིའི་ཐོག་ནས་བསབ་ཡོད།། ཅེས་པའི་དོན་སྙིང་ལྡན་པའི་གྲྭ་གཞས་དེའི་བརྗོད་དོན་ལྟར་ཆོས་འཁོར་དམ་བཅའ་བཞག དེ་ཡང་རྒྱན་གྱི་མཆོད་བརྗོད་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཞེས་པའི་ཐད་ཀྱི་རྒྱན་འགྲེལ་དོན་གསལ་ལས། ཆོས་ཀྱི་འཁོར་ལོ་མ་ལུས་པ་རྣམ་པ་ཐམས་ཅད་དུ་བསྐོར་བར་མཛད་པ་ཞེས་པ་ལས་འཕྲོས་ནས། འཇམ་པའི་དབྱངས་ཆོས་ཀྱི་རྒྱལ་མཚན་གྱི་ཕར་ཊིཀ་ལེགས་བཤད་སྐལ་བཟང་ཀླུ་དབང་གི་རོལ་མཚོའི་དགོངས་དོན་གཞིར་བཟུང་གནང་དགོས་ཤིང༌། དམ་བཅའ་འདིའི་སྐབས་ཁང་ཚན་བར་ར་ནང་དགོང་མོར་དམ་བཅའ་ཚོགས་ནས་དུས་ཡུན་གང་འཚམ་སོང་རྗེས་སང་ཉིན་དམ་བཅའ་བསྡད་མཁན་དེས་ལྕགས་ཐབ་ནང་མེ་ཁྱེར་ཏེ་ཇ་སྐོལ་བ་དང༌། མེ་ཕུང་ལ་བསྐོར་ནས་དབུ་མཛད་ཀྱིས་རྟ་སྦྱངས་ཚོགས་ཤིང༌། འདི་ལ་མེ་གོར་དམ་ཚོགས་ཟེར། མེ་གོར་གྲོལ་ནས་ཀྱང་སླར་ཡང་དམ་བཅའ་ཚོགས། འཛིན་གྲྭ་རྒན་གྲས་རྣམས་རིམ་བཞིན་དམ་བཅའ་ནས་ཕེབས་ནའང་འགྲིགས་ཤིང་གྲྭ་གཞོན་རྣམས་ནི་རྒྱུན་ལྡན་ལྟར་དམ་བཅའ་ལ་བསྡད་དགོས་པར་མ་ཟད་གཞུང་གསར་པའི་འཛིན་གྲྭ་བ་རྣམས་མཚན་ཕུད་བྱེད་དགོས། ཆོས་འཁོར་དམ་བཅའ་ནི་འཛིན་གྲྭ་འདི་ནས་བཟུང་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་འཇུག་ནས་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་རྒྱུའི་རྟེན་འབྲེལ་ཁོ་ནའི་ཆེད་དུ་ཡིན་པར་སེམས། དེ་ལྟར་དོན་ཆེ་བ་དང་རྟེན་འབྲེལ་བཟང་བའི་གནད་ལ་དམིགས་པའི་དམ་བཅའ་གསུམ་གྱི་འགག་འཕྲང་དོགས་པོ་འདི་ནས་ཁང་ཚན་འདིའི་སྔོན་གྱི་དགའ་ལྡན་ཁྲི་ཆེན་རེ་བཞི་པ་ཆོས་རྗེ་བླཽ་བཟང་བཀྲ་ཤིས་སོགས་མཁས་གྲུབ་སྐྱེས་ཆེན་བརྒྱ་ཕྲག་དུ་མ་དང༌། རྡག་རྡག་སྟག་གཟིག་འདྲ་བ་སྟོང་ཕྲག་མང་པོ་ཕེབས་མྱོང་ཞིང༌། འགའ་རེར་བསྟོད་པའི་རྒྱ་གླིང་དང་ལ་ལར་སྨད་པའི་རྭ་དུང་བཏང་བར་མ་ཟད། ཁ་ཅིག་ལ་ཁྲག་དྲི་བྲོ་བའི་ཉེས་རྡུང་ཕོག་མྱོང་སའི་ཁྲིམས་རྭ་ཞིག་ཀྱང་ཡིན་ལ། རྭ་སྐོར་འདིའི་དམ་ཁྲིའི་ཐོག་ཏུ་མ་ཕེབས་པར་སེར་བྱེས་ཏྲེ་ཧོར་ཁང་ཚན་གྱི་གྲྭ་ས་ཆོད་ཐབས་མེད་པ་དང་དམ་ཁྲིའི་འདིའི་ཐོག་ནས། ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་རྒྱ་མཚོར་འཇུག་པའི་གྲུ་རྫིངས་བཟོ་བ་དང༌། ཆོས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་བའི་རྟེན་འབྲེལ་ཀྱྀ་སྒོ་མོ་འབྱེད་པ་ཡང་ཡིན་པས། རྗེ་འདི་ཉིད་ཀྱང་ལོ་འདིར་རིམ་པར་བཞིན་དོན་བདུན་ཅུ་དང༌། བྱམས་གཞུང༌། ཆོས་འཁོར་གསུམ་གྱི་དམ་བཅའ་ཉིན་གསུམ་རིང་བཞག་པར། ཁང་ཚན་རང་ཁོངས་ཀྱི་གྲྭ་རྒན་གཞོན་ཕལ་བོ་ཆེས་གཞུང་ཚན་དང་འབྲེལ་བའི་རྟགས་གསལ་གང་ཞིག་འཕངས་ནའང༌། གཞུང་ཚན་མ་ངེས་པ་དང༌། འགལ་བ། མ་ངེས། མ་གྲུབ་གསུམ་གྱི་འགག་འཕྲང་ལ་མ་རེག་པར་ས་པཎ་ཀྱིས། ལན་ནི་རྣམ་པ་གསུམ་དུ་འདེབས།།ཞེས་པ་ལྟར་ལན་གསུམ་གྱི་སྒོ་ནས་དམ་བཅའ་དངོས་གཙང་ཞིང༌། ཚུལ་གསུམ་གྱི་རིགས་ལམ་ལས་མི་འགོངས་བ། ཁེངས་དྲེགས་དང་ཚིག་རྒྱགས་བཤད་པ་སོགས་ཡེ་ནས་མེད་པར་གཟུར་གནས་མཁས་པ་དགྱེས་པའི་ལེགས་བཤད་ཀྱི་མཆོད་སྤྲིན་འབའ་ཞིག་སྤྲོས་པས་ན། བློ་བཟང་འཇམ་དབྱངས་ཐོས་སྟོབས་ཞི་ཞིང་དུལ་པ་རང་རེད། གཞུང་གི་ངེས་ཆ་དང་རིག་ལམ་གྱི་ཁ་ཕྱོགས། ལུང་གི་གོ་བ་གསུམ་ག་ཡ་མ་བྲལ་བར་འདུག་ཀྱང༌། ཁེངས་དྲེགས་ཚིགས་རྒྱག་གང་ཡང་མི་གསུང་བ་འདུག་ཅེས་རྩོད་མེད་དུ་སྒྲོགས། དེ་ནི་སྤྱིར་རྟོག་གཻའི་རིག་ལམ་ལ་ཐོག་མར་སྦྱོང་མཁན་དགེ་ལྡན་པའི་གསར་བུ་དག་དང༌། ལྷག་པར་ཁང་ཚན་འདིའི་མི་ཁུངས་ཀྱི་གཤིས་ཀས་གནའ་ནས་ད་བར་མཐོ་གང་གི་རིང་ཚད་ལ་འདོམས་གང་གི་ཁེངས་པ་སླེབས་པ་དང༌། འདབ་ཆགས་གཤོག་རྩལ་མ་རྫོགས་གོང་ནས་འཕུར་ཉམས་བསྟན་སའི་ཁོར་ཡུག་ཡ་མཚན་པ་ཞིག་ཡིན་ནའང༌། རྗེ་དམ་པ་འདི་ཉིད་དེ་ལས་ལྡོག་པས་ཀུན་གྱི་ཡིད་དབང་འཕྲོག་པ་ལས། དམའ་འབེབས་དང་ཁ་རྡུང་གཏོང་མཁན་སུ་ཡང་མ་བྱུང་བར་མ་ཟད། དམ་བཅའ་གྲོལ་རྗེས་སུ་རྒན་རབས་པ་འགའ་ཞིག་གིས་ཟུར་དུ་གཅར་ནས། ཐུགས་རྗེ་ཆེ་དམ་བཅའ་ཡག་པོ་བྱུང་སོང༌། ད་དུང་མི་འཐུད་ནས་ཕྱག་དཔེ་གཟིགས་དགོས་ཞེས་འབད་བསྐུལ་གནང་མཁན་ཡང་ལན་ཁ་ཡར་དུ་བྱུང༌། དགུང་ལོ་ཉེར་གསུམ་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས༡༩༥༡གནམ་ལོ་གསར་པའི་དགའ་སྟོན་ཚར་ནས་ལྷ་ས་རྭ་མོ་ཆེན་གཙུག་ལག་ཁང་དུ་ཆོ་འཕྲུལ་སྨོན་ལམ་ཆེན་པོའི་དུས་སྟོན་ལ་ཕེབས། བོད་ཟླ་དང་པོའི་ཚེས་ཉེར་དྲུག་ནས་དཔྱིད་ཆོས་དང་པོར་ཞུགས། བོད་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ནས་ལྷ་ལྡན་ཚོགས་མཆོད་ཆེན་མོར་ཕེབས་ཏེ་ཐུགས་སྨོན་གྱི་མཚམས་སྦྱོར་གནང༌། ལོ་དེའི་དཔྱིད་ཆོས་ཆེན་མོའི་ནང་སྙིགས་དུས་ཀྱི་འདུལ་བ་འཛིན་པ་ཆེན་པོ་བྲག་རི་བློ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་པོས་མཁན་སློབ་སྦྲགས་མ་མཛད་པའི་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སོྡམ་པ་ཡང་དག་པར་མནོས་ཏེ། དེ་ཡང་གང་ལས་བསྙེན་པར་རྫོགས་པའི་མཁན་པོ་དགེ་ལྡན་བསྟན་པའི་གསལ་བྱེད་ཆེན་པོ་སེར་བྱེས་ཚ་བ་བྲག་རི་རིན་པོ་ཆེ་འདི་ཉིད་ནི། སྟོན་པའི་དུས་སུ་གནས་བརྟན་གསེར་གྱི་བེའུ། དེ་ནས་ཆོས་རྒྱལ་ཟླ་བ་བཟང་པོ། གྲུབ་ཐོབ་ནག་པོ་སྤྱོད་པ། ཌོམྦྷི་ཧེ་རུ་ཀ གསེར་གླིང་པ་ཆོས་ཀྱི་གྲགས་པ། ཕམ་མཐིང་པ་ངག་གི་དབང་ཕྱུག མི་ཕམ་མགོན་པོ། རྡོ་རྗེ་བདུད་འཇོམས། བཀའ་གདམས་པའི་དགེ་བཤེས་བརྩོན་འགྲུས་འབར། བྱང་བདག་རིག་འཛིན་བཀྲ་ཤིས་སྟོབས་རྒྱས། མཉམ་མེད་ནམ་མཁའི་རྣལ་འབྱོར་པ་ཆེན་པོ། འདུལ་འཛིན་བློ་གྲོས་སྦས་པ། དབུས་སྨྱོན་ཆོས་གྲགས། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག པཎ་ཆེན་བདེ་ལེགས་ཉི་མ། འགྲོ་བའི་མགོན་པོ་བསོད་ནམས་མཆོག་ལྡན། དེ་ནས་བྲག་རི་སྐུ་ཕྲེང་དང་པོ་རྒྱ་མཚོ་མཐའ་ཡས། གཉིས་པ་བྲག་རི་བློ་བཟང་ཆོས་འབྱོར་རྒྱ་མཚོ། གསུམ་པ་བྲག་རི་བློ་བཟང་ཐུབ་བསྟན་རྣམ་རྒྱལ། བཞི་པ་བྲག་རི་བློ་བཟང་ལུང་རིག་རྒྱ་མཚོ་དབང་རྒྱལ་བར་རིམ་པར་བྱོན་ཏེ། བསྟན་འགྲོ་ལ་སྨོན་པའི་མཛད་པ་རྒྱ་ཆེར་བསྐྱངས་པའི་རྣམ་ཐར་ཤིན་ཏུའང་འགོངས་ཆེ་བར་སྣང་ལ། དེ་དག་གི་རྣམ་པར་ཐར་པ་མདོར་བསྡུས་རེ་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་གནས་བསྟན་བཅུ་དྲུག་གི་རྟོགས་བརྗོད་དང༌། ཇོ་ནང་ཏཱ་ར་ན་ཐས་མཛད་པའི་རྒྱ་གར་ཆོས་འབྱུང༌། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་བཀའ་གདམས་ཆོས་འབྱུང༌། སྟག་སྒང་གུ་རུ་བཀྲ་ཤིས་ཀྱིས་མཛད་པའི་གུ་བཀྲའི་རྙིང་མའི་ཆོས་འབྱུང༌། འཁར་ནག་ལོ་ཙཱ་བས་མཛད་པའི་དགེ་ལྡན་ཆོས་འབྱུང་རྣམས་སུ་གསལ་ཞིང༌། སྐུ་རབས་ཕྱི་མ་ཚོའི་རྣམ་ཐར་གྱི་ཆ་ཤས་རེ་ཙམ་ནི་བདག་ཉིད་ཆེན་པོ་སེར་བྱེས་མཁན་ཟུར་རིན་པོ་ཆེ་བཀའ་འགྱུར་བ་བློ་བཟང་ཐུབ་བསྟན་དཔལ་བཟང་པོའི་རང་རྣམ་མ་བཅོས་ལྷུགས་པར་བཀོད་པའི་གཏམ་དང༌། རྣམ་ཐར་འདིའི་གོང་འོག་ནས་འབྱུང་བ་ལས་ཀྱང་ཤེས་ནུས་སོ།། དེ་ལྟར་སྐྱེས་ཆེན་དམ་པ་དེའི་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་བླངས་པ་ནས་བཟུང༌། མཉམ་མེད་ཐུབ་པའི་རིང་ལུགས་ཀྱི་བསྟན་པའི་རྒྱལ་མཚན་ནམ་ཡང་མི་ནུབ་པར་བླ་ན་འདེགས་ཏེ་ རྗེ་ཙོང་ཁ་པ་ཆེན་པོས། རབ་ཏུ་བྱུང་ནས་ཇི་སྲིད་འཚོ་ཡི་བར།། མཁན་སློབ་སྤྱན་སྔར་ཇི་ལྟར་ཁས་བླངས་བཞིན།། བཅས་དང་རང་བཞིན་ཁ་ན་མ་ཐོ་བའི།། ཉེས་པས་ནམ་ཡང་གོས་པར་མ་གྱུར་ཅིག། ཞེས་པའི་ཐུགས་སྨོན་དང་སྒོ་མཐུན་པར་རབ་ཏུ་བྱུང་བ་ནས་བཟུང༌། མཁན་སློབ་སྤྱན་སྔར་ཇི་ལྟར་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་དབྱར་གྱི་ལྕགས་དང༌། སྟོན་གྱི་རྫ་མ། དབྱར་དགུན་ཁྱད་མེད་ཀྱི་གངས་གཡག་གི་རྔ་རྩིབས་དང་སྐྱེ་བོའི་མིག་འབྲས་ལྟར་ཚུལ་བཞིན་སྲུང་སྟེ། སངས་རྒྱས་ཀྱི་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་པས་དྲག་བཞིས་རྒོལ་རྡུང་དང་རིག་གནས་གསར་བརྗེ་ལྟ་བུ་དུས་ངན་དེ་དག་གིས་མཚོན་དུས་ནམ་ཡང་མ་གོས་པར་མཛད་པའི་རྣམ་པར་ཐར་བ་འགོང་ཆེ་བ་འོག་ནས་རིམ་བཞིན་འཆད་པར་འགྱུར་རོ།། སྐབས་ཤིག་རྗེ་འདི་ཉིད་སེ་ར་ནས་ཆུ་བཟང་རི་ཁྲོད་དུ་ཕེབས་པའི་ལམ་དུ་ངོ་མི་ཤེས་པའི་བཙུན་མ་ཞིག་གིས། སྐུ་ཉིད་ངའི་ཤག་ཏུ་ཕེབས་ནས་རྣམ་འབྱོར་མའི་ཚོགས་འཁོར་གནང་རོགས་ཟེར་བར། ངས་ཚོགས་འཁོར་གྱི་ཆོ་ག་མི་ཤེས་གསུང་ནའང༌། སྐྱོན་མེད་ཚོགས་འཁོར་གྱི་ཆོ་ག་ང་རང་གིས་ཤེས། སྐུ་ཉིད་ཚོགས་འཁོར་དུ་ཕེབས་པ་ཙམ་གྱིས་འགྲིགས། ཞེས་ཨུ་ཚུགས་བྱས་པ་ལྟར་ཕེབས། དགེ་ཚུལ་མ་དེས་གསོལ་ཇ་དང་ཚོགས་འཁོར་སོགས་གྲ་སྒྲིགས་ཨང་གསར་གནང་ཡོད་པས་དང་པོ་ཚོགས་ཀྱི་ཆོ་ག་གཏོང༌། དེ་ནས་གསོལ་ཇ་བཞེས་ཏེ་ཕྱིར་ཕེབས། དུས་ཕྱིས་ས་གནས་དེར་གཟིགས་དུས་སྔོན་གྱི་ཚོགས་མཆོད་གནང་སའི་ཤག་དང་དགེ་ཚུལ་མ་དེ་ཉིད་གྲིབ་མ་ཙམ་ཡང་མེད་པར་མ་ཟད། ཉེ་འཁོར་ཀྱི་བཙུན་མ་ཁག་གཅིག་ལ་དྲི་བརྩད་བྱས་ཀྱང་སུ་ལའང་བཤད་རྒྱུ་མེད་པས། དེ་ནི་རྗེ་བླ་མ་འདི་ཉིད་ལ་མཁའ་སྤྱོད་དབང་མོས་འཛུམ་ཞལ་རྗེན་པར་གཟིགས་པ་གོ་མ་ཆག་སྟེ། རྗེ་འདིས་དུས་ཕྱིས་ཀྱང་ཚེས་བཅུ་ཉེར་ལྔ་འཆག་མེད་དུ་རྣལ་འབྱོར་མའི་བདག་འཇུག་དང་ཚོགས་འཁོར་བསྐོར་བ་མཛད་པ་དང༌། ཨོཾ་གསུམ་མ་འབུམ་དྲུག་ཅུ་ལྷག་བསགས་པ་སོགས་ལྷག་པའི་ལྷ་འདི་ཉིད་ཐུགས་དམ་དུ་མཛད་པས་ཀྱང་དཔོག་ནུས་ཏེ། ད་དུང་དཀར་མཛེས་ནོར་བུའི་གླིང་གི་ཆོས་སྡེ་སོགས་དགོན་སྡེ་ཁག་དང་ཏྲེ་ཤོད་འཛིན་མའི་ཁྱོན་ཀུན་བཙུན་དགོན་ཕལ་བོ་ཆེ་དང་གཞན་ཡང་སེར་སྐྱ་སྟོང་ཕྲག་ལྷག་ལ་ན་རོ་མཁའ་སྤྱོད་དབང་མོའི་སིདྡྷི་རའི་དཀྱིལ་འཁོར་ཀྱི་དབང་གནང་བ། ལྷག་པར་ཉམས་དང་རྟོགས་པའི་གནས་ཚད་མཐོན་པོར་སླེབས་ཤིང༌། འཇིག་རྟེན་དྲེགས་པའི་ལྷ་འདྲེ་བྲན་དུ་འགུགས་པ་རྗེ་བཙུན་མ་རིན་ཆེན་ལྷ་མོ་སོགས་ལྷག་པའི་ལྷ་འདི་ཉིད་ཡི་དམ་དུ་བསྟེན་ནས་ས་ལམ་གྱི་མངོན་རྟོགས་བརྙེས་པ་དུ་མ་བྱུང་བའི་རྟགས་རྟེན་གྱི་རྒྱུ་ཚོགས་ལྟ་བུས་ཀྱང་ཡིན་སྲིད་སྙམ། ལྷག་པའི་ལྷ་མོ་འདི་ནི་རྒྱུད་སྡེ་གཞན་ལ་མེད་པའི་ཁྱད་པར་གདོས་བཅས་གཟུགས་ཕུང་འདི་ཉིད་དོར་མི་དགོས་པར་མཁའ་སྤྱོད་དག་པའི་ཞིང་དུ་དྲངས་པའི་ཆེ་བ་དང་ལྡན་པ་སོགས་ཀྱི་གཏམ་རྒྱུད་མང་སྟེ། སྔོན་འཕགས་ཡུལ་དུ་དགེ་ཚུལ་ཚེ་བུ་བ་ཞེས་པ་ལྷག་པའི་ལྷ་འདི་ཉིད་ཡི་དམ་དུ་བསྟེན་པ་ཞིག་གིས་ཕྱོགས་ཀུན་ཆུས་ཁེངས་པའི་གླིང་ཞིག་ཏུ་མཛེ་མོ་ཉམ་ཐག་པ་ཞིག་གིས་ཚེ་སྲོག་གི་འགག་རྩ་ལ་ཐུགས་པའི་འོ་འདོད་འབོད་བཞིན་པར་སེམས་གཏིང་ནས་སྙིང་རྗེ་སྐྱེས་ཏེ། རང་གི་རྒལ་བ་ལ་ཁུར་ནས་ཆུ་བོ་ལས་བརྒལ་བཞིན་པའི་སྐབས་སྐུ་ལུས་མ་སྤངས་པར་བདེ་ཆེན་མཁའ་སྤྱོད་དག་པའི་ཞིང་དུ་འཁྲིད་ནས་སོང་བ་བཤད། རང་རེ་བོད་དུའང་དེ་སྔོན་རྒྱུད་གྲྭའི་སྔགས་རམ་པ་ཚད་ལྡན་ཞིག་གིས་གྲོང་ཆོག་འགྲོ་སྐབས་ལྷ་སའི་བར་སྐོར་ཀྱི་སློང་མོ་བའི་ཁྲོད་དུ་རྨོ་རྒན་མདོག་ཤིན་ཏུ་ངན་པ་ཞིག་ཡོད་པར་རྒྱུན་དུ་གཏོར་མ་དང་ཟས་ལྷག་སོགས་ཀྱི་སྐལ་བ་སྤྲོད་རྐྱང་བྱས། དུས་ནམ་ཞིག་ན་རྨོ་རྒན་དེས། ཁྱོད་རང་སང་ཉིན་ཞོགས་པ་ང་དང་ངེས་པར་དུ་གཅིག་ཐུག་པ་གྱིས་ཞེས་མངགས་ཀྱང་ཞོགས་པ་དེར་དོ་སྣང་མ་བྱུང༌། དགོང་མོར་གྲོང་ཆོག་ནས་ཟན་སྐལ་གང་འཚམ་ཞིག་ཁུར་ནས་དེར་ཡོང་བ་དང་རྒན་པོ་ག་སོང་མེད་ཅིང༌། སྡོད་གནས་དེར་ཀཱ་པ་ལ་བདུད་རྩིས་གང་བ་ཞིག་བཞག་ཡོད་པར་མཐོང་བས་གཞི་ནས་རྗེ་བཙུན་མཁའ་སྤྱོད་དབང་མོའི་རྣམ་འཕྲུལ་དུ་ངེས་ཤེས་རྙེད་ནས་དད་པ་དང་འགྱེད་གདུང་མཉམ་དུ་འཕེལ། ཀཱ་པ་ལ་དེ་རྒྱུད་སྨད་གྲྭ་ཚང་དུ་ཕུལ་བས་དུས་ཕྱིས་ཀྱང་རྒྱུད་གྲྭ་སྨད་པའི་རྩིས་སྤྲོད་དུ་ཡོད་སྐད་བཤད་ཅིང༌། སྔགས་རམ་པ་དེ་གལ་ཏེ་ཞོགས་པ་དེར་གཅར་ཐུབ་ཡོད་ན་མཁའ་སྤྱོད་ཞིང་དུ་འཁྲིད་རྒྱུ་ཡིན་ཡང་རྟེན་འབྲེལ་གྱི་གནད་ཀས་ལུས་སོང་སྐད། ཡང་གྲྭ་སའི་དགེ་བཤེས་ཤིག་རྒྱུན་ལྡན་སྦྲ་ནག་ཞབས་སྦྱིན་བདག་ཅིག་གི་ཁྱིམ་དུ་ཞབས་བརྟན་ལན་ཁ་ཡར་དུ་ཕེབས། ཉིན་གཅིག་སྦྱིན་བདག་མ་དེས་དེ་རིང་ཁྱེད་ངེས་པར་དུ་ངའི་ཁྱིམ་འདིར་བཞུགས་ཞག་གནང་དགོས་ཞེས་ཨུ་ཚུགས་ཀྱིས་བསྐུལ། འོ་ན་ཁྱིམ་འདིར་ནང་མི་ག་ཚོད་ཡོད་དྲིས་པས། ང་གཅིག་པོ་ཡིན་ཟེར། དགེ་བཤེས་དེས་གྲྭ་སའི་ཁ་རྒྱུན་ལ་དགེ་བཤེས་ཕ་རྒན་ཆགས་པ་ཞག་གཅིག ཟེར་བ་དེ་འདི་རེད་བསམ་ནས་རྣམ་རྟོག་དང་བཅས་ཁས་ལེན་མ་བྱས། སྦྱིན་བདག་མ་དེས། ད་འོ་ན་སང་ཉིན་ངེས་པར་དུ་ཕེབས་ཤོག ཡིན་ནའང་འགྱོད་པ་མ་བྱེད་ཟེར། ཕྱི་ཉིན་དགེ་བཤེས་དེ་ཐེ་ཚོམ་དང་བཅས་ཕེབས་པས། སྔར་གྱི་སྟོབས་འབྱོར་ལོངས་སྤྱོད་ལྡན་པའི་དུད་ཁྱིམ་དེ་ནི་གྲིབ་མ་ཙམ་ཡང་མེད་ན་སྦྱིན་བདག་མ་ནི་དེ་བས་མཐོང་རྒྱུ་ག་ལ་ཡོད། སྔོན་གྱི་ཁང་ཁྱིམ་ཡོད་སའི་གནས་དེར་བདུད་རྩིས་བཀང་བའི་ཀཱ་པ་ལ་ཞིག་འོད་ཆེམ་ཆེམ་དུ་བཞག་པར་མཐོང་བ་དང༌། དགེ་བཤེས་དེས་གཞི་ནས་མཁའ་སྤྱོད་དབང་མོའི་དངོས་གྲུབ་ལ་ཕུད་རྒྱབ་ཚར་བ་ཤེས་ནས་འགྱོད་པ་སྐྱེས་ཤིང་འོན་ཀྱང་ཀཱ་པ་ལ་དེ་ཉིད་རང་གི་བགོ་སྐལ་དུ་ཤེས་ནས་བསྣམས་པ་སོགས་མདོ་དབུས་ཁམས་གསུམ་དུ་དེ་དང་དེ་འདྲའི་ལོ་རྒྱུས་ཤིན་ཏུའང་མང༌། ཇོ་བོ་བཀའ་གདམས་པའི་དགེ་བཤེས་ཚོས། མཆོག་སྲེད་པས་ཚིགས་སུ་བཅད་པ་བརྒྱ་པ་ལས། བྱིས་པ་འོ་མས་ཁ་ཚིགས་ན།། ཞོ་ལའང་ཕུད་ཀྱིས་འདེབས་ཏེ་འཐུང༌།། ཞེས་གསུངས་པ་དང་འདྲ་བའི་རྣམ་རྟོག་གུ་དོག་དེས། དེ་སྔོན་བཀའ་གདམས་པའི་གདན་ས་མང་ཆེ་བ་བཙུན་མས་བཟུང་བའི་རྟེན་འབྲེལ་གྱི་གནད་ཀ་ལ་ཕྱི་བལྟས་རེ་མི་གནང་བར་དངོས་གྲུབ་ཟ་ཁར་སྒྱུ་པ་མདར་བའི་ལོ་རྒྱུས་མང་ནའང་རྗེ་བླ་མ་འདི་ཉིད་རྟེན་འབྲེལ་གྱི་མདུན་ལམ་ལ་རྣམ་རྟོག་གིས་ཕྲེད་བཀག་མ་ཐེབས་པ་བྱུང་འདུག དེ་ལྟར་གྲྭ་སར་ལོ་གསུམ་བསྡད་པའི་རིང་ལ་སྒྲིག་ལམ་ཀུན་སྤྱོད་དང་ཚོགས་ཆོས་སློབ་གཉེར་ཚུལ་བཞིན་འགྲིམ་སྟེ་ཁང་ཚན་དམ་བཅའ་གསུམ་པོ་ནི་བཞག་ཟིན། བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་ནི་བསྒྲུབས་ཟིན་པས། ཕྱོགས་མཐའ་ནས་ཕེབས་པའི་གྲྭ་རྒྱུན་ཚོ་རྒྱུན་ལྡན་ལྟར་གྲྭ་ས་ལོ་གསུམ་ཟིན་པའི་རྗེས། དཔེ་ཆ་ལེགས་གྲས་ཁག་གཅིག་ཕུད། དེ་བྱིངས་གྲྭ་རྒྱུན་ཕལ་ཆེ་བ་ནི། ཁ་དོག་དཀར་དམར་རྩོད་ནས།། དགེ་བཤེས་འཁོར་ས་མ་རེད།། གཞས་དང་རྣམ་ཐར་གཏོང་ནས།། ཕ་ཡུལ་ཕྱོགས་ལ་ལོག་འགྲོ།། ཞེས་པའི་གྲྭ་གཞས་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གོང་ས་ལྔ་པ་ཆེན་པོའི་གསང་བའི་དགོངས་རྫོགས་སུ་ལྷ་ལྡན་དུ་བོད་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་བཙུགས་པའི་ཚོགས་མཆོད་ཚར་བ་དང་མཉམ་དུ་ཁྱི་ཀོ་ཐག་ནས་ཤོར་བ་བཞིན། བྲེལ་ཟིང་ཧ་ཅང་ཆེན་པོའི་སྒོ་ནས་རང་རང་གི་ཕ་ཡུལ་གཞིས་དགོན་དུ་ལོག་རྒྱུའི་དུས་ཟིངས་ལོང་སྲོལ་ཡོད་དེ། འདི་ནི་ལེ་དབར་སྟོང་ཕྲག་གིས་ཆོད་པའི་མི་ཡུལ་དུ་ཆོས་ཁྲིམས་དར་གྱི་མདུད་པ་དམ་པའི་དྲ་རྒྱའི་གསེབ་དུ་ཚོགས་ཆེན་ཞལ་ངོའི་བཀའ་བསྒྱུར་དང༌། དགེ་གཡོག་བཙན་པོའི་རྒྱུགས་པ་བར་ནས་རང་གི་ཕ་མ་དང་གཉེན་ཉེ། དེ་བཞིན་གཞིས་དགོན་གྱི་ཇ་ཐུག་གཏོང་སྒོ་སོགས་མ་བྲིས་སེམས་ཀྱི་མེ་ལོང་ངོས་སུ་ཁྲ་ལྷམ་མེར་ཤར་བ་ནི་འགོག་ཐབས་མེད་པའི་ཆོས་ཉིད་ཅིག་ཡིན་པས། སྐབས་དེའི་གྲྭ་ཤར་ཚོས། སྨོན་ལམ་ཆེན་མོའི་སྐབས། འབྲས་སྤུངས་ཚོགས་ཆེན་ཞལ་ངོ༌།། ང་ལ་རྫིག་རྫིག་མ་གནང༌།། ལོ་གསུམ་གྲྭ་སརབསྡད་ནས།། ཕ་ཡུལ་ཕྱོགས་ལ་ལོག་འགྲོ།ཞེས་དང༌། ཚོགས་མཆོད་ཚར་ནས། ཟླ་བ་གསུམ་པ་ཚེས་བྱུང༌།། ཁམ་བུའི་མེ་ཏོག་ཁྲ་བྱུང༌།། དཔལ་ལྡན་དམིགས་རྟགས་གྲྭ་ཚང༌།། འགྲོ་བའི་དུས་ལ་བབ་བྱུང༌།། ཞེས་རང་སེམས་བརྗེན་པར་མཚོན་པའི་རང་བྱུང་གི་སྙན་ཚིག་ལམ་ནས་དོན་སྙིང་ལྡན་པའི་བསམ་བློའི་སྡོམ་ཚིག་རེ་བཀོད་མྱོང་བ་འདིས་སྐབས་དེའི་གྲྭ་སའི་གྲྭ་བའི་འཚོ་བའི་གནས་སྟངས་ཀྱི་རང་ཞལ་གསོན་པོ་དེ་ཉིད་མཚོན་ཡོད་ལ། ངག་རྒྱུན་དུའང༌། གྲྭ་ས་མ་རེད་གྲི་སོ་རེད།། གྲི་སོའི་སྟེང་གི་རྟ་རྒྱུག་རེད།། ཞེས་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་སྡོམ་ཚིག་དུ་མ་ཡོད་པ་ལྟར། ཚུལ་དང་ལྡན་མིན་ལ་མ་བལྟས་པའི་བཅའ་ཁྲིམས་མ་གཞི་གདན་ས་འདིར་ྋགོང་ས་སྐུ་ཕྲེང་བདུན་པ་རྒྱལ་བའི་དབང་པོ་བསྐལ་བཟང་རྒྱ་མཚོས་མཛད་པའི་བཅའ་ཡིག་ཅིག་འདུག་པ་མཇལ་བྱུང༌།དང་ཁྲིམས་སྲོལ་འདྲ་མིན། གནའ་སྲོལ་རིང་ལུགས་ཀྱི་བག་ཆགས་དང་ལྟོ་གོས་སྡོད་གནས་ཀྱི་གནས་བབ་སོགས་གང་ས་ཅི་ཐད་ནས་དེང་སང་བཤད་ན་ཉན་མི་ཕོད་པའི་ཚད་སྒྲིག་སྤྱོད་ཀྱི་གནན་བཙིར་དང་ལྟོ་གོས་ཀྱི་གནས་བབ་ཏྲེ་ཧོར་ཁང་ཚན་འདི་ལྷག་པར་སྐྱོ་བར་བཤད་དུ་མཆིས་མོད། དེ་ལྟ་ནའང་རྗེ་འདི་ཉིད་སྔོན་གྱི་ཐུགས་བསྐྱེད་དང༌། གུས་སྟོབས་སྦྱོར་བའི་བརྩོན་འགྲུས། ལྟོ་གོས་སོགས་སྲིད་པའི་འབྱོར་ཚོགས་ལ་ཞེན་ཆགས་མེད་པའི་སྙིང་སྟོབས་གསུམ་ཕན་ཚུན་འགྲན་བཞིན། དཔེ་འཁྲིད་དགེ་རྒན་དམ་པ་ཚོའི་བཀའ་དགོངས་གཞིར་བཟུང་གིས་གདན་ས་ཆེན་པོ་རང་དུ་སློབ་གཉེར་མཛད་ནས་བཞུགས་རྒྱུ་གཏན་འཁེལ་གནང་སྟེ། ཕ་ཡུལ་གཞིས་དགོན་དུ་ཕེབས་མཁན་འཛིན་གྲོགས་དང་ཕ་ཡུལ་གཅིག་པ་ཚོ་ལ་ཕེབས་བསྐྱེལ་དང་གྱེས་མཇལ་བྱས། ལོ་དེའི་ཧོར་ཟླ་དྲུག་པའི་ཚེས་བཞིའི་ཉིན་འཛིན་གྲྭ་གཞུང་རྙིང་ལ་འཕར། རྗེ་བླ་མ་དམ་པ་འདིའི་རྒྱུན་ལྡན་ཀུན་སྤྱོད་དང་རིགས་ལམ་གོ་རྒྱ་གང་ཐད་ནས་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་ཉིད་དུ་ངེས་པས། གྲྭ་ཚང་དུ་འཛིན་གྲྭའི་ནང་ཆོལ་ཁ་གསུམ་དང་རྒྱ་ཧོར་ལ་དྭགས་སོགས་ཕྱོགས་མཐའ་གང་ས་ནས་ཕེབས་པའི་འཛིན་གྲྭ་གཅིག་པ་བརྒྱ་ཕྲག་དུ་མ་ཡོད་པའི་ཁྲོད་ནས། སེར་བྱེས་དགེ་བསྐོས་རྭ་སྒྲེང་ཡོངས་འཛིན་ངག་དབང་གྲགས་པས་རྗེ་འདི་ཉིད་དང་སེར་བྱེས་ཧ་གདོང་གི་གྲྭ་པ་དཔེ་ཆ་བ་ཞིག་གཉིས་ཀར་རིགས་ཆུང་ཚོགས་ལོངས་ཀྱི་འོས་སུ་གནང་ཞིང་རྒྱུན་ལྡན་འགྲོ་སྲོལ་ལྟར་ན་སྒྲོལ་མའི་མདུན་དུ་གཟན་བརྟག་སྒྲིལ་རྒྱུའི་ལུགས་སྲོལ་ཡོད་ནའང༌། རྗེ་འདི་ཉིད་ཀྱིས་དགེ་བསྐོས་མཆོག་ལ་ངེད་གཉིས་གཟན་བརྟག་སྒྲིལ་གྱི་མིན། ཚོགས་ལངས་དེ་འཛིན་གྲོགས་གཅིག་པ་ཁོང་ལ་གནང་རོགས་ཞེས་མཛེས་ཚོན་གྱི་ཁ་ཡག་དང༌། འདྲ་ཆགས་ཀྱི་ཟོལ་སྦྱོར་ཙམ་མ་ཡིན་པར་ཨུ་ཚུགས་གནང་ནས་ཆོས་ཀྱི་གྲོགས་པོ་དེར་གོ་སྐབས་ཡོངས་རྫོགས་སྟེར།

ཞར་ལ་འདིར་རིགས་ཆུང་ཚོགས་ལངས་ཀྱྀ་ཆོ་ག་ཇི་ལྟར་བྱ་ཚུལ་ཡང་ཅུང་ཟད་སྤྲོ་བར་འདོད་དེ། དེ་ཡང་ཐོག་མར་ཚོགས་ལངས་དང་འབྲེལ་བའི་སྒོ་ནས་གྲྭ་ཚང་རིགས་ཆུང་གཏོང་དགོས་པས། ཐོག་མར་དཔྱིད་ཆོས་ཆེན་མོའི་སྐབས་དུ་གྲྭ་ཚང་དགེ་སྐོས་ཀྱིས། གཞུང་གསར་འཛིན་གྲའི་སློབ་གཉེར་བཟང་གྲས་རྣམས་ལ། རིགས་ཆུང་ཚོགས་ལངས་ཀྱི་ཆེད་དུ་ཕར་ཕྱིན་སྐབས་དང་པོའི་ཆོས་འཁོར་སོགས་ཀྱི་གཞུང་བགོས་གཏན་འཁེལ་གནང་སྲོལ་ལྟར། རིགས་ཆུང་བཞེངས་མི་རྣམས་ཀྱིས་ཀྱང་རང་ལ་གང་དོན་པའི་གཞུང་རྣམས་ལ་སྦྱང་པ་ལྷག་བརྩོན་གྱིས་དཔྱིད་ཆོས་གསུམ་པའི་སྐབས་སུ་དམིགས་བསལ་འཛིན་གྲྭ་ཅི་རིགས་མ་གཏོགས། བྱེ་གཤོངས་ཀྱི་འཛིན་གྲྭ་ཁག་ལ་དམ་བཅའ་འཇོག་དགོས། ཆོས་མཚམས་ཀྱི་སྐབས་སུ་ཡང་ཁང་ཚན་རྣམས་ལ་དམ་བཅར་འགྲོ་ནས་དཔྱོད་ལྡན་ཡིད་དབང་འགུགས་པའི་བློ་སྐྱེད་ཞུ་རྒྱུ། བླ་སྤྲུལ་ཆེ་ཁག་གི་རིགས་ཆུང་དང་སྟབས་འགྲིགས་ཚེ་བསངས་སྐོར་གྱི་གཏོང་སྒོ་གཟབ་རྒྱས་དང་འབྲེལ་ཐེག་ཆེན་གླིང་གི་བསྐོར་ལམ་གྱི་དཀར་ཕྱོགས་ལྷ་རྟེན་རྣམས་ལ་འཛིན་གྲྭ་གཅིག་པ་རྣམས་དང་ལྷན་དུ་ཁྲུས་གསོལ་རབ་གནས་བསངས་སྐོར་དུ་ཕེབས་པ་སོགས་གྲུབ་རྗེས། རིགས་ཆུང་དངོས་གཞི་བོད་ཟླ་དྲུག་པའི་ནང་ལ་འཁེལ་བས་དུས་ཚེས་གཏན་འཁེལ་སོ་སོའི་ཉིན་གྲྭ་ཇའི་ཚོགས་དབུས་སུ་རང་གི་རྩོད་ཟླ་དང་ལྷན་ཅིག་ཏུ་བཞེངས་ཏེ། ཐོག་མར་ཡུལ་ཁྱད་པར་ཅན་ལ་བསྟོད་ཕྱག་སོགས་སྐབས་དོན་གཞུང་གི་འཕྲོས་དོན་རྒྱས་བསྡུས་འཚམས་པའི་བཤད་པ་རྣམས་ཀྱང༌། མཚུངས་མེད་པྲ་སྟི་བའི་བཤེས་གཉེན་རིན་ཆེན་དོན་གྲུབ་ནས་ཉེ་བར་བརྒྱུད་པའི་ཐུན་མིན་བྱིན་རླབས་ཀྱི་ཚན་ཁ་ཆེ་བར་གྲགས་པའི་སྙན་བརྒྱུད་བཟང་པོའི་རྟ་དང་བཅས་སྐྱོར། དེ་ནས་རང་གི་རྩོད་ཟླ་དང་ལྷན་ཅིག་སྒྲུབ་དང་སུན་འབྱིན་གནད་དུ་འཁེལ་བའི་བརྒལ་བརྟགས་ཚོགས་ལངས་ཀྱི་རིམ་པ་དོན་ལྡན་དུ་ཟིན་པའི་འབྲས་རྟགས་ཆོས་ཀྱི་ཆེ་བབས་གཟེངས་རྟགས་རིགས་ཆུང་ཨང་དང་གཉིས་སོགས་ཀྱི་གནས་རིམ་ཡང་སྩལ་སྲོལ་ཡོད་ཅིང༌། མདོར་ན་སེར་བྱེས་གྲྭ་ཚང་གི་རིགས་ཆེ་ཆུང་གི་ཚོགས་ལང་གཉིས་ནི། རིག་པ་སྨྲ་པའི་གྲལ་མགོ་ནས་མ་གཏོགས་ལྟག་སྒོ་རྣམ་སྲས་བང་མཛོད་བརྒྱུད་ནས་ཐར་ས་མེད་པའི་འགག་འཕྲང་དོག་པོ་ཞིག་ཡིན་ལ། དེར་བརྟེན་འཇུག་སྒོ་དེ་ནས་ཐར་མཁན་ཡང༌། ཐོས་བརྩོན་ཤེས་རབ་ནོར་གྱིས་ཕྱུག་པ་ཁོ་ན་ཡིན་སྟབས། ཀུན་གྱིས་རིག་པ་སྨྲ་བ་དང་མཁས་པ། མ་འོངས་པར་ལྷ་རམ་དང་དགེ་བཤེས་ཀྱི་མཚན་སྙན་བླང་ས་ཐོག་མའི་ས་ཚུགས་ཤིག་ཏུ་ངོས་འཛིན་བྱེད་སྲོལ་ཡོད་ནའང༌། ངོས་འཛིན་གྱི་ཁ་གཡང་དེར་ཞེན་ཆགས་ཀྱི་ཕྱི་ལྟས་མེད་པར་རྡོག་པའི་འོག་ཏུ་རྫིས། དེ་དོན་མཚུངས་མེད་བཤེས་གཉེན་དམ་པ་བློ་བཟང་མཐུ་སྟོབས་མཆོག་གིས་མཁྱེན་ནས་ཐུགས་ཧ་ཅང་མཉེས་ཏེ། དེ་ག་རང་རེད། འཛིན་གྲྭ་གཅིག་པ་ནི་གྲོགས་ཚངས་པ་མཚུངས་པ་སྤྱོད་པ་རང་རེད་ལ་ད་དུང་ཞིབ་ཏུ་དཔྱོད་ན་གཞུང་བརྒྱའི་བཀའ་གནད་ཞུ་སའི་དགེ་བའི་བཤེས་གཉེན་ཡང་ཡིན་པས་ཁྱེད་རང་གིས་བྱེད་སྟངས་དེ་འོས་ཤིང་མཚམས་པ་རེད། དགོས་རྒྱུ་དངོས་གནས་དེ་དཔེ་ཆ་ལྟ་རྒྱུ་དེ་རེད། ཚོགས་ལངས་མ་བྱས་ནའང་འགྲིགས་གསུངས། འདིའི་སྐོར་སྒྲ་ཐག་ལས་བཤུས་པའི་རང་རྣམ་མདོར་བསྡུས་ལས། གཞུང་རྙིང་འཛིན་གྲྭ་རིགས་ཆུང་གི་མིང་རྟགས་སྤྲོད་ཉིན་དགེ་བསྐོས་ལགས་ཀྱིས་ཧ་གདོང་ཁང་ཚན་གྱི་འཛིན་གྲོགས་ཤིག་དང་ང་གཉིས་ལ་ཨང་ཀི་གཅིག་སྤྲོད་དེ་ཁྱོད་གཉིས་རིགས་ཆུང་ཚོགས་ལངས་སུ་འཁེལ་ཤོ་འཕེན་དགོས་ཞེས་བཀའ་གནང་བྱུང༌། སྐབས་དེར་དགེ་བསྐོས་ནི་ར་སྒྲེང་རྡོ་རྗེ་འཆང་གི་ཡོངས་འཛིན་དགེ་བཤེས་ངག་དབང་གྲགས་པ་རེད། ངས་ཐུགས་རྗེ་གཟིགས། ང་མིན་རིགས་ཆུང་འཛིན་གྲོགས་ཁོ་རང་ལ་འབུལ་རོགས་གནང་ཞུས་པ་ཡིན། དགེ་བསྐོས་མཆོག་གིས་ཁྱོད་རང་གིས་ཤོ་འཕེན་གྱི་མིན་ནམ། ཡག་བྱུང་ཨ། ཡག་བྱུང་ཁྱོད་རང་ཡག་བྱུང་གསུངས་བྱུང༌། དེ་འདྲ་བྱེད་དེ་རིགས་ཆུང་འཛིན་གྲོགས་ལ་ཕར་ཕུལ། དེ་ནས་སྒྲོལ་མ་ལྷ་ཁང་ལ་བསྐོར་བ་ཞིག་བྱས་ནས་ཡར་འོང་བ་ཡིན། དེའི་རྗེས་གྲྭ་ཇ་གྲོལ་ནས་ཤག་ལ་འོངས་ཏེ་དགེ་རྒན་ཐུབ་སྟོབས་རྩར་བཅར་སྐབས་དགེ་རྒན་གྱིས་ཡག་བྱུང༌། ད་ནང་ཁྱོད་ཀྱིས་ཤོ་འཕེན་མ་སོང༌། ཡག་ཐག་ཆོད་རེད། དཔེ་ཆ་སློབ་གཉེར་ཞེས་པ་དེ་མགོ་རྣ་བ་ཚད་ནས་བལྟས་ན་ཅི་གང་ཡོད་པ་མ་རེད། དེ་ལས་རང་གིས་འཛིན་གྲོགས་ལ་ཕར་ཕུལ་ན་འཛིན་གྲོགས་སེམས་པ་དགའ་པོ་ཡོང་གི་རེད། དེ་བྱུང་ན་གྲོགས་པོ་རྣམ་དག་རེད་གསུངས་ཏེ་དགའ་མགུ་ཡི་རངས་གནང་སོང༌། ཞེས་གསུངས་འདུག 

དུས་ཕྱིས་བླ་སྤྲུལ་དགེ་བཤེས་དུ་མའི་ངག་ནས་བླཽ་བཟང་འཇམ་དབྱངས་མཛད་པ་དང་འཕྲིན་ལས་རྒྱས་ནས་བསྟན་འགྲོ་གཉིས་ཕན་འདི་འདྲ་བྱུང་བ་དེ། ཁོང་སྐྱེས་སྦྱངས་ཀྱྀ་ཡོན་ཏན་ཆེ་དྲགས་པ་དེ་འདྲས་མིན། ཁོང་བཤེས་གཉེན་བསྟེན་ཚུལ་དང་འཛིན་གྲྭའི་ཆོས་གྲོགས་སོགས་ལ་དོ་སྣང་སྦྱང་སྟངས་འདི་ཁོ་ནས་ཡིན། དེ་སྔོན་གྲྭ་ས་ལ་ཡང་འདིའི་ཐོག་ནས་བློ་བཟང་འཇམ་དབྱངས་ཞེས་སྐད་གྲགས་ཡོད་ལ་གྲྭ་པ་རྒན་གྲས་ཚོས་འདིས་མ་འོངས་པར་བསྟན་པ་ལ་ཕན་ཐོགས་རྒྱུ་རེད་ཅེས་གསུང་མཁན་ཡང་མང་པོ་ཡོད་ཅེས་ཁོ་བོས་ལན་གཅིག་མིན་པར་ཡང་ཡང་ཐོས། སྐབས་ཤིག་དགེ་རྒན་མཁས་གྲུབ་རིན་པོ་ཆེ་ཉིད་སེར་བྱེས་པྲ་སྟི་ཁང་ཚན་དུ་ཁྱད་ཆོས་ལྔ་ལྡན་རྡོ་རྗེ་འཇིགས་བྱཻད་དང༌། རྗེ་བཙུན་མཁའ་སྤྱོད་དབང་མོའི་ལས་རུང་བསྙེན་མཚམས་སུ་བཞུགས་པའི་རིང་མཚམས་གཡོགས་ཕུན་སུམ་ཚོགས་པ་ཞུས། ད་དུང་དགེ་རྒན་དམ་པ་བློ་བཟང་མཐུ་སྟོབས་རིན་པོ་ཆེ་འདུལ་མཛོད་སོགས་གཞུང་ཆེན་ཁག་འགའ་ཞིག་ཐུགས་འཛིན་གྱིས་དཔེ་མཚམས་ལན་ཁ་ཡར་དུ་བཞུགས་པ་ཕལ་ཆེ་བར་མཚམས་གཡོག་ཞུས་ཤིང༌། དགེ་རྒན་དམ་པ་དེ་ཉིད་བཟུང་རིགས་དེ་ཙམ་མི་བཟང་བས་དཔེ་མཚམས་པས་ཐུགས་ལ་མ་ཟིན་པའི་སྔོན་ནས་མཚམས་གཡོག་གིས་ཐུགས་ཐོག་ཤར་ཤར་དུ་འགྲོ་བ་ཡང་ལན་དུ་མར་བྱུང་ཚུལ་ཐོས་ལ། དགེ་རྒན་དམ་པ་དགེ་བཤེས་མཐུ་སྟོབས་དེ་བརྩོན་འགྲུས་ཀྱིས་རྡོ་ཕུག་མཁན་ཞིག་ཡིན། ཐུགས་རིག་དེ་ཙམ་མི་གསལ་ཡང་བརྩོན་འགྲུས་ཤིན་ཏུ་ཆེ་བས་གདན་ས་གཞན་གྱིས་ཀྱང་ཕྱག་དཔེ་ཡག་པོའྀ་ཚད་དུ་བགྲངས་ཚུལ་ཡང་གསུངས། སྐབས་དེ་ཤེད་ཅིག་ཏུ་ཕ་ཡུལ་ནས་དཀའ་བཅུ་བྱམས་པ་བློ་བཟང་རྒྱུད་ཁྱིམ་ཀྱི་ཆ་འཕྲིན་དང་ཡི་གེ་ཞིག་འབྱོར་བྱུང་བ་དེའི་ནང༌། དཀར་མཛེས་དགོན་དུ་ཡོད་པའི་ཨ་ཁུ་བདེ་བོ་མེད་པ་དང་བློ་བཟང་འཇམ་དཔལ་གྱིས་གཡོག་བྱེད་ཡག་པོ་བྱེད་མི་ཐུབ་པས། དེས་ན་རབ་བྱུང་ན་ངག་དབང་བཀྲ་ཤིས་དང་ཁྱེད་གཉིས་ཀ་གྲྭ་ས་ནི་ཆོད་ཚར་བས་གཞིས་སུ་གནས་ཕབ་ན་གཞིས་བྱེས་གཉིས་ཀ་བློ་བདེ། དེ་ལྟར་མིན་ནའང་གཅིག་ངེས་པར་དུ་གཞིས་སུ་མ་འོང་ཀ་མེད་ཡིན་པའི་ཚུལ་འཁོད་འདུག་པ་ལྟར་དགེ་རྒན་མཁས་གྲུབ་མཆོག་ལ་ཞུས་པས། ངས་བྱས་ན་མ་འགྲོ་ན་བཟང་ཞེས་གསུངས། དགེ་བའི་བཤེས་གཉེན་ཆེན་པོ་མཐུ་སྟོབས་ཀྱིས། ད་འོ་ན་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་དུ་མོ་ལུང་ཞུས་ན་གསུངས་ནས་དགེ་རྒན་དམ་པ་ཁོང་དང་ལྷན་ཅིག་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་དུ་བཅར་ཏེ་མོ་ལུང་ཞུས། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས། ཁྱོད་རང་གཉིས་ནང་གཅིག་གི་སྤུན་མཆེད་ཡིན་ནམ་གསུངས། ཡིན་ཞུས་པར། ཕྱག་མོ་གཟིགས་རྗེས་ཆེ་བ་ཕ་ཡུལ་འགྲོ་ན་འགྲིགས། ཁྱེད་རང་གྲྭ་སར་སྡོད་ན་བཟང་ངོ་འདུག ཅེས་རྒྱུན་ལྡན་ལས་བརྒལ་བའི་ཐུགས་མཉེས་ཚོར་ཆེན་པོས་གསོལ་ལྕོག་སྟེང་ནས་དངུལ་ཐུམ་ཞིག་ཡོད་པ་དེ་ཡང་ཕྱག་གིས་བླངས་ནས་གནང་བ་དང༌། ཕྱག་དབང་གནང་ཞོར་དཔེ་ཆ་ལ་བརྩོན་འགྲུས་གནང་དགོས་ཞེས་ནན་ཏན་དུ་གསུངས། ཕྱིར་ཡོང་ནས་དངུལ་ཐུམ་དེར་གཟིགས་པས་དངུལ་སྲང་དྲུག་ཅུ་ཐམ་པ་ཏག་ཏག་ཡོད་འདུག དགེ་རྒན་དམ་པ་མཁས་གྲུབ་མཆོག་ནས་དེ་དོན་དགེ་བཤེས་མཐུ་སྟོབས་མཆོག་ལ་ཞུས་པས། དགེ་བཤེས་མཐུ་སྟོབས་ཧ་ལས་ལས་ལྟ་བུས་དཔེ་མི་སྲིད་པ་རེད། ང་དགེ་བཤེས་ལྷ་རམས་པ་ཡིན་ཡང་སྐྱབས་རྗེ་རིན་པོ་ཆེས་དེ་འདྲ་གནང་མ་མྱོང་ལ། རྒྱུན་ལྡན་ནས་རིན་པོ་ཆེས་བསྔོ་རྟེན་དང་སྐྱབས་རྟེན་ཟ་རྒྱུ་ལས་སླ་བོ་མེད་གསུང་ནས་འདི་འདྲ་ཆེན་པོ་གནང་སྲོལ་མེད། ད་རེས་ཁྱོད་རང་ལ་ཧ་ཅང་དམིགས་བསལ་གྱིས་ཐུགས་མཉེས་པོ་གནང་བ་རེད། ཁྱོད་ཀྱིས་དཔེ་ཆ་ལ་སྔར་ལས་དོ་སྣང་ཆེ་བ་གནང་དགོས་ཞེས་ཐུགས་ཤིན་ཏུ་མཉེས་པོ་གནང༌། དེ་ནི་སྐྱབས་རྗེ་རིན་པོ་ཆེས། སྐུའི་གཅུང་པོ་ངག་དབང་བཀྲ་ཤིས་གྲྭ་པ་ཁུངས་མི་འཁྱོལ་བ་དང༌། རྗེ་བླ་མ་འདི་ཉིད་མདོ་ཁམས་ས་ཡི་ཐིག་ལེར་དུས་ཀྱི་སྨག་རུམ་འཐུག་པོའི་ཁྲོད་དུ་འཇམ་མགོན་ཙོང་ཁ་པ་ཆེན་པོའི་བསྟན་པའི་སྒྲོན་མེ་བླ་ན་སྦར་བའི་འཕྲིན་ལས་ཀྱི་འོད་སྣང་གསལ་བར་མཆེད་པའི་རྣམ་ཐར་བཟང་པོ་འདི་བཞིན་བདག་གིར་སྐྱོང་བ་ཟག་པ་མེད་པའི་མངོན་ཤེས་ཀྱིས་གཟིགས་པ་གོ་མ་ཆག འདིའི་སྐོར་རང་རྣམ་སྒྲ་ཐག་མ་ལས། ལོ་དེར་ཞང་པོ་སྦྱིན་པ་ཕ་ཡུལ་ནས་ལྷ་སར་སླེབས་ཏེ་ཁྱིམ་ནས་ཡི་གེ་བསྐུར་བྱུང་ལེན་མཁན་ཤོག་ཟེར་ནས་ལན་བཏང་བྱུང༌། ཕྱི་ཉིན་ཞང་པོའི་རྩར་བཅར་སྐབས་ཞང་པོ་མཆོག་གིས་ཁྱོད་རང་སྤུན་གཉིས་ཀ་འདིར་སྡོད་ན་ཕན་པ་ཆེན་པོ་ཡོད་མ་རེད། དེ་ལས་གཅིག་སྡོད་གཅིག་མར་འགྲོ་ན་ཡག་གི་རེད། ཁྱིམ་ནང་ནས་ཀྱང་ལན་བསྐུར་བྱུང༌། ངས་བལྟས་ན་ཁྱོད་རང་ཕ་ཡུལ་ལ་མར་འགྲོ་ན་བསམ་གྱི་འདུག དགོན་ནང་བཀའ་བཅུ་གཡོག་བྱེད་མཁན་ཡང་ཁག་པོ་འདུག་ཚུལ་བཤད་བྱུང༌། དེ་ནས་ང་རང་ཡར་འོང་ནས་རྒན་མཁས་གྲུབ་རྩར་བཅར་ཏེ་ཞང་པོའི་གསུངས་ཚུལ་དང་ཁྱིམ་ནས་ཡི་གེ་ཡོད་ལུགས་རྣམས་ཞུས་པ་ཡིན། དགེ་རྒན་མཆོག་གིས་སྡོད་ན་ཡག་གི་རེད་གསུངས་བྱུང༌། འོན་ཀྱང་རང་གིས་བཀའ་བཅུ་གཡོག་བྱེད་མཁན་མེད་ཚུལ་སོགས་བསམས་ནས་ཨུ་ཚུགས་ཀྱིས་འགྲོ་གི་ཡིན་ཞུས་པ་ཡིན། དགེ་རྒན་མཆོག་གིས་དགེ་རྒན་མཐུ་སྟོབས་རྩར་འགྲོ་གསུང་སྟེ་དགེ་རྒན་ང་རང་གཉིས་ཀ་དགེ་རྒན་མཐུ་སྟོབས་སྐུ་མདུན་དུ་བཅར་བ་ཡིན། དགེ་རྒན་མཐུ་སྟོབས་ཀྱིས་སང་ཉིན་ཁྲི་བྱང་རྡོ་རྗེ་འཆང་གི་རྩ་ལ་སོང༌། ཁྲི་བྱང་རྡོ་རྗེ་འཆང་གིས་བཀའ་གང་གནང་བྱུང་ཡང་དེ་ག་རང་གྱིས། དེ་ལས་གཞན་གང་ཡང་ཡོད་པ་མ་རེད་གསུངས་བྱུང༌། སང་ཉིད་དགེ་རྒན་མཁས་གྲུབ་ང་རང་གཉིས་སྐུ་ཞབས་ཁྲི་བྱང་རྡོ་རྗེ་འཆང་གི་རྩར་བཅར་སྐབས། ཁྲི་བྱང་རྡོ་རྗེ་འཆང་གིས་ཁྱོད་གཉིས་ཞོགས་པ་སྔ་པོ་འདི་འདྲ་ནས་ཅི་ཡིན་གསུངས་བྱུང༌། དགེ་རྒན་མཁས་གྲུབ་ཀྱིས་ཁོ་བོའི་འཛིན་གྲྭ་དང་དཔེ་ཆར་ལྟ་ཚུལ། ཁ་སང་ཕ་ཡུལ་ནས་ཡི་གེ་བྱུང་ཚུལ་དང་ཁོ་བོའང་མར་འགྲོ་རྩིས་བྱེད་ལུགས། དགེ་རྒན་མཐུ་སྟོབས་རྩར་བཅར་སྟངས་དགེ་རྒན་མཐུ་སྟོབས་ཀྱིས་བཀའ་སློབ་གནང་ལུགས་རྣམས་རྒྱས་པ་ཞུས་ནས། དེའི་ཕྱིར་ད་ནང་རིན་པོ་ཆེའི་སྐུ་མདུན་དུ་བཅར་བ་ཡིན་ཞུས་སོང༌། སྐུ་ཞབས་རྡོ་རྗེ་འཆང་གི་ཤོ་པང་དེ་ཕྱག་ཏུ་བསྣམས་སྟེ་ཤོ་མང་ཙམ་རྒྱག་སྟེ། ཡ་ཁྱོད་རང་གྲྭ་སར་སྡོད་དང་སློབ་གཉེར་ཡག་པོ་ཡོང་ས་རེད། མར་འགྲོ་ན་དགོས་པ་མི་འདུག བློ་རྩེ་གཉིས་མ་བྱེད་པ་ད་ག་རང་སྡོད་དང་ཡག་པོ་འདུག་གསུངས་ནས་རྒྱ་དངུལ་སྒོར་མོ་རྡོ་ཚད་གཅིག་གནང་བྱུང༌། དགེ་རིན་པོ་ཆེ་དགའ་པོ་བྱུང་སོང་ལ་ང་རང་ཡང་དགའ་མགུ་ཡི་རངས་བའི་ངང་ཕྱིར་འོང་བ་ཡིན། སེ་རར་སླེབས་ནས་དགེ་རྒན་མཐུ་སྟོབས་རྩར་བཅར་དུས་དགེ་རྒན་མཐུ་སྟོབས་ཀྱིས་ཁྲི་བྱང་རིན་པོ་ཆེས་གང་གསུང་བྱུང་དྲིས་པའི་ལན་དུ་ཁོ་བོས་ནི་ཅི་གང་ཞུ་མ་ནུས། དགེ་རྒན་མཁས་གྲུབ་ཀྱིས་སྐུ་ཞབས་རྡོ་རྗེ་འཆང་གིས་གསུངས་ཚུལ་དང་མཐར་རྒྱ་དངུལ་རྡོ་ཚད་གཅིག་གནང་ལུགས་ཆ་ཚང་ཞུས་སོང༌། དགེ་རྒན་མཐུ་སྟོབས་ཀྱིས་ཁྱོད་རང་གང་མིན་ཚད་རེད། ང་འཛིན་གྲྭ་ལྷ་རམས་ནང་སླེབས་ཀྱང་དེ་འདྲ་གནང་མ་མྱོང༌། ད་ནི་ཁྱོད་རང་བློ་ཐེངས་གཅིག་ཐེངས་གཉིས་མ་བྱེད་གསུངས་བྱུང༌། དེའི་ཕྱིར་ཚེ་སྔོན་མའི་ལས་འབྲེལ་ཟེར་ནའང་འདྲ། སྐྱེས་བུ་དམ་པའི་བཀའ་དྲིན་ཟེར་ནའང་འདྲ། དེ་འདྲ་འཛོམས་ནས་ང་རང་གྲྭ་སར་སྡོད་པ་རེད། ཅེས་གསུངས་འདུག དེ་ལྟར་ལོ་དེར་སྐུ་ཡི་གཅུང་པོ་ངག་དབང་བཀྲ་ཤིས་ཕ་ཡུལ་དུ་ལོག རྗེ་འདི་ཉིད་དེ་ནས་བཟུང་སྙུགས་བསྲིང་ཏེ་གྲྭ་སར་བཞུགས་ནས་སྔར་བཞིན་གསུང་རབ་རྒྱ་མཚོའི་འཇིངས་སུ་གུས་རྟག་སྦྱོར་བའི་བརྩོན་པའི་གྲུ་གཟིངས་ལྷོད་མེད་དུ་བསྐྱོད། དེ་སྔོན་མདའ་དཔོན་ཁྱུང་རམས་པ་དང་ཁེ་སྨད་པ་སོགས་ཀྱིས་སྣེ་ཁྲིད་པའི་བོད་དམག་གིས་གཞུང་ས་ནས་བཀའ་འཁྲོལ་མེད་པར་ཏྲེ་ཤོད་ཁུལ་དུ་རང་དགའ་དམག་འཁྲུགས་རྒྱབ་པའི་མཇུག་འབྲས་དཀར་བེ་དར་གསུམ་ཐུག་པ་བཞིན་བཀྲུགས་པའི་ཆུུ་ཆེན་ཆུ་རླབས་ཀྱིས་འོ་མའི་རྒྱ་མཚོ་ལྟ་བུའི་གྲྭ་སར་ཡང་དགེ་བའི་བཤེས་གཉེན་གསེར་གྱི་རི་བོ་ལྟ་བུ་དེ་དག་གི་ལྐོག་ནས་ཇག་ཁུངས་མ་འཁྱོངས་པའི་ཕ་རྒན་ཚོ་གཅིག་གི་བྱེད་བབ་ལ་བརྟེན་ནས། ཁང་ཚན་ནང་ཁུལ་དུ་ཁ་རྩོད་ལག་འཛིངས་ཡང་ཡང་ཤོར་གྲབས་མ་ཟད་བརྙས་བཅོས་ཀྱི་ས་མཚམས་མེད་སྟབས་གྲྭ་གསར་རྣམས་འུ་ཐུག་སྟེ་ལྷ་སྡོད་དཀར་མཛེས་ཚོང་པ་ཚོར་བཤད་པས། ཁ་རྩོད་ལག་འཛིངས་མ་བྱུང་ན་བཀྲ་ཤིས་ལམ་ལེགས་རེད། དགེ་འདུན་ནང་འཁྲུགས་མི་ཡོང་བའི་ཆེད་བཟོད་སྲན་གང་ནུས་གྱིས། ཅི་སྟེ་འཁྲུགས་འཛིངས་ཤོར་ན་ཚེ་རབས་སྔོན་མའི་ལས་རེད། དུ་སོད་གང་གསོད་གྱིས་ཤོག ཅེས་ཟེར་ནས་ཐུང་མདའ་མང་པོ་གཡར་བ་དང་བཅས་མངགས་བྱ་བྱས། ཉིན་ཤས་རྗེས་ལག་འཛིངས་དུས་བཀག་བྱས་པའི་ཞོགས་པ་ཞིག་ལ་གཞི་ནས་ཁང་ཚན་དགེ་རྒན་གྱིས་མཁྱེན་ནས་གྲྭ་དམངས་སྐོང་ཚོགས་ཐོག་དཔེ་ཁྲིད་དགེ་རྒན་རྣམ་པས་བཀའ་སློབ་ཟབ་རྒྱས་གནང་བས་གཞི་ནས་ལྷིངས་འཇགས་བྱུང་བ་སོགས་ཕྱོགས་ལྷུང་རྙོག་འཛིངས་ཤིན་ཏུ་མང་བའི་ཁྲོད་གྲྭ་མང་རྣམས་མཚོ་རླབས་སྟེང་གི་གྲུ་རྫིང་བཞིན་གཡོ་ནའང༌། དམ་པ་འདི་ཉིད་ཕ་ཡུལ་དང་གཞིས་དགོན། ཁང་ཚན་དང་མི་ཚན་སོགས་གང་ལའང་ཆགས་སྡང་ཕྱོགས་ཞེན་མེད་པར་མ་ཟད། ད་དུང་ཤག་ཚང་གཅིག་པའི་དགེ་ཕྲུག་དར་རྒྱས་པ་གྲྭ་ལྔ་སྐྱབས་ཞེས་པ་དེ་ཉིད་ནད་གཞི་ལྕི་བོ་ཞིག་གིས་གནར་ཏེ་ལོ་ཧྲིལ་པོ་གཅིག་ལྷག་རིང་ཉལ་སར་ལུས་པར་ཕ་མ་སྤུན་མཆེད་ཚོས་ཀྱང་དེ་ལྟར་མི་ནུས་པའི་ཚད་ཀྱིས་ནད་གཡོག་རྒྱུག འདི་ལ་བརྟེན་ནས་དགེ་རྒན་དམ་པ་མཁན་གྲུབ་རིན་པོ་ཆེ་ཡང་ཧ་ཅང་ཐུགས་མཉེས་ཏེ༌། བློ་བཟང་འཇམ་དབྱངས་འདི་མི་སྤུས་གཙང་ཞིག་རེད། འདྲེས་ས་དགའ་ས་དང༌། ངོ་ཤེས་རྒྱུས་ཡོད། གྲྭ་སའི་ཆོས་གྲོགས་ཟེར་ན། མི་གསེར་འདྲ་བ་འདི་འདྲ་དགོས་པ་རེད། ཅེས་ཡང་ཡང་གསུངས་པ་དང་འདི་དང་འདི་འདྲ་བའི་སྤྱོད་པ་རླབས་པོ་ཆེ་རྒྱུན་ལྡན་ཀྱི་ཀུན་སྤྱོད་དང་ལྷན་སྐྱེས་སུ་འགྲོགས་པ་ལས་ཤག་ཚང་དང་ཤག་མཚེས། དེ་བཞིན་ཁང་ཚན་དང་མི་ཚན་གྲྭ་ཚང་བཅས་ལ་མཚན་སྙན་གྱི་རླབས་རིས་ཆུ་གཉེར་ལྟར་གཡོ་བས་སེ་ར་ཐེག་ཆེན་གླིང་དུ་བློ་བཟང་འཇམ་དབྱངས་ཞེས་ཡ་རབས་ཚུལ་མཐུན་གྱི་དཔེར་བགྲང་སར་གྱུར་ཚུལ་ད་ལྟར་ཞལ་གཞུགས་ཡོད་པའི་སེར་བྱེས་དགེ་བཤེས་རྒན་གྲས་དུ་མའི་རྒྱུད་ནས་དངོས་སུ་ཐོས། དགུང་ལོ་ཉེར་བཞི་པ་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་༡༩༥༢གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་ཚར་ནས་ཆོ་འཕྲུལ་སྨོན་ལམ་ཆེན་པོ་དང་ཚོགས་མཆོད། དེ་བཞིན་དཔྱིད་ཆོས་དང་དཔྱིད་ཆོས་ཆེན་མོ་སོགས་རིམ་པར་འགྲིམས། བྱམས་ཆེན་མ་ལ་ཡ་སྐྱེས་ཀྱི།། གཞུང་བཟང་ཧ་རི་ཙཎྡྲ་ན།། ལུང་རིགས་དྲི་བཞོན་གྱིས་བདས་པའི།། དམ་བཅའི་དྲི་བསུང་དགའ་སྟོན་འཁྱིལ།། འགྲོ་ཁམས་མོས་པ་རྒྱ་མཚོ་དང༌།། འགྲོགས་པའི་ཆོས་ཚུལ་ཆུ་ཀླུང་འབུམ།། ཆོས་ཀྱི་འཁོར་ལོར་འཁྱིལ་བའི་དབྱངས།། སྐལ་བཟང་ཡིད་ཀྱི་དགའ་སྟོན་བསྐྲུན།། སྲིད་འབྱོར་སྲིན་མོའི་འཛུམ་མདངས་ལ།། འཆིངས་པའི་མིག་ཞགས་བཅད་དང་ལྷན།། བསྙེན་པར་རྫོགས་པའི་འཇུག་ངོགས་ནས།། མི་ནུབ་བསྟན་པའི་རྒྱལ་མཚན་བསྒྲེངས།། མཁའ་སྤྱོད་མི་མོར་རྫུས་པ་དང༌།། ལྷན་ཅིག་ཚོགས་ཁམས་ལ་རོལ་བའི།། གྲུབ་པའི་རྒྱལ་མཚན་མཐོན་པོའི་དཔལ།། འཛུགས་པའི་རྟེན་འབྲེལ་རྩ་བ་ཚུགས།། བརྩེ་ཆེན་ཕ་མ་སྤུན་དང་ཉེ་འབྲེལ་གྲོགས།། གཞིས་ཀྱི་ཕ་ཡུལ་དགོན་སྡེ་བཅས་པ་ལ།། དུངས་པའི་ཐུགས་ཀྱི་དགོངས་པ་ཟབ་ན་ཡང༌།། བརྟུན་པར་བསྐྱེད་དེ་གདན་སའི་ཆོས་གྲྭར་འགྲིམས།། ལྟག་སྒོ་རྣམ་སྲས་བང་མཛོད་ལས་འགོངས་པའི།། འདས་དང་མ་འོངས་ད་ལྟའི་མཁས་གྲུབ་ཀུན།། གང་ནས་ཕེབས་པ་རིགས་ཀྱི་ཚོགས་ལངས་ཀྱང༌།། དམ་ཚིག་གཙང་མའི་ཆོས་ཀྱི་གྲོགས་ལ་གནང༌།། མཛད་བཟང་འོད་ཞགས་དཀར་པོ་དང་འགྲོགས་པའི།། སྐྱེས་སྦྱངས་མཁྱེན་རབ་སྟོན་ཀའི་རི་བོང་འཛིན།། མཁས་རྒུ་བདེ་འབྱུང་རལ་པའི་རྒྱན་འཆང་བས།། བསྔགས་པའི་རྦ་རླབས་གཡོ་བ་དོན་དང་མཐུན།། ནམ་ཞིག་གཞིས་ཀྱི་གཡང་གཟར་དྲུད་ཉེན་བར།། ཧེ་རུ་ཀ༔བའི་ལུང་གི་ཀྱོ་བ་ཡིས།། གང་ཁྱོད་དད་པའི་ཨ་ལོང་ནས་དྲངས་ཏེ།། ཐུབ་བསྟན་ཁང་བཟང་མཛེས་པའི་རྒྱན་དུ་བསུས།། ཤིག་རོ་གཡག་ཏུ་རྩིས་པའི་སྒྲོ་བཏགས་དང༌།། འབྲོང་གཡག་སྲོ་མར་འཛིན་པའི་སྐུར་འདེབས་ཀྱི།། སྣང་བ་དགྲ་རུུ་ལངས་པའི་བྱིས་པ་དང༌།། གང་ཁྱོད་ཐུགས་ཀྱི་བཞེད་པ་ག་ལ་མཉམ།། བླ་གོས་སེར་པོས་བསྟིམས་པའི་ཕ་རྒན་ཚོས།། ཆོས་སྡེ་ཁྲག་བཞིན་བཀྲུགས་པའི་ཉེན་ཁའི་ཁྲོད།། གང་ཁྱོད་ཀུན་མཉམ་ཉི་ཟླའི་འོད་སྣང་བཞིན།། རྨད་བྱུང་མཛད་པར་མཁས་རྒུའི་བསྔགས་པ་སྙན།། བདེ་འབྱུང་རལ་པའི་གཙུག་ན་ཟླ་བ་དང༌།། སེམས་ཀྱི་སྦྲུལ་ལ་གདེངས་ཀའི་ནོར་བུ་བཞིན།། རྨད་བྱུང་རྣམ་ཐར་འོད་སྣང་དཀར་པོའི་མདངས།། དང་བའི་ཡིད་མཚོར་གཡུང་དྲུང་རིས་སུ་འཁྱིལ།། ཞེས་པ་ཡང་བསླད་མེད་གནས་ལུགས་ཀྱི་རང་མདངས་གསལ་བར་མཚོན་པའི་བདེན་གཏམ་དབྱངས་ཅན་ཕང་འགྲོའི་རྒྱུད་ནས་དྲངས་པའི་རིག་བྱེད་རྒྱ་མཚོའི་རླབས་ཀྱི་རྩེད་འཇོ་དབྱངས་སུ་གྱེས་པ་ལགས་སོ།།

༤ ཟུར་བཀོལ་གསར་རྙིང༌།

བྱུ་རུའི་མཚར་སྡུག་འབར་བའི་ལང་ཚོ་ལ།། སྔོ་ལྗང་ལོ་མའི་ན་བཟའ་གྱོན་པའི་འཕྲུལ།། ལྷག་པའི་ལྷ་མོ་དབང་གི་མདོག་ཅན་མ།། སེམས་མེད་འབྱུང་བཞིའི་འཕྲང་ལས་སྐྱོབས་ཤིག་ཀྱེ།། བོད་ཟླ་དྲུག་པའི་ཚེས་བཞི་ནས་འཛིན་གྲྭ་ཟུར་བཀོལ་གསར་པར་འཕར་ཏེ། ཕར་ཕྱིན་སྐབས་དང་པོའི་རྩོད་པ་ཐོན་མཚམས། མི་རིང་བར་དྲང་ངེས་རྣམ་འབྱེད་དང༌། དགེ་འདུན་ཉི་ཤུ། བསམ་གཟུགས། རྟེན་འབྲེལ་སྟེ་ཕར་ཕྱིན་ཟུར་བཀོལ་བཞི་དང༌། ཀུན་གཞི་བཅས་པར་རྩོད་སྒྲུབ་རིག་པའི་ལམ་ནས་བསླབ་རྒྱུའི་མགོ་འཛུགས་ཏེ། སྔར་སྲོལ་ལ་ཟུར་བཀོལ་གྱི་གཞུང་གང་ལ་རྩོད་པ་སྔོན་འཛུགས་བྱ་རྒྱུའི་ཐུགས་དམ་བརྟགས་ཞུ་དང་འབྲེལ་རྩོད་གཞུང་གོ་རིམ་གཏན་འཁེལ་བསྒྲིགས་ཤིང༌། དེ་ཡང་གྲྭ་བགྲེས་རྣམས་ཀྱི་ཞལ་རྒྱུན་དུ། དྲང་ངེས་རྣམ་འབྱེད་ལ་སྔོན་འཛུགས་བབས་ན་རྟེན་འབྲེལ་བཟང་བར་བརྩི་བ་བཞིན་ཕྱིས་ཀྱང་ཟུར་བཀོལ་གྱི་ནང་ནས་དང་པོར་དྲང་ངེས་ལ་སྔོན་འཛུགས་གནང་བའི་ཕྱག་བཞེས་དར་སྲོལ་ཆེ་བས། དེས་ན་དྲུག་པ་ཚེས་བཞི་དང་སྒོ་བསྟུན་ཟུར་བཀོལ་གསར་པའི་འཛིན་གྲྭར་གནས་སྤོས་ཐོག་ལོ་གཅིག་གི་རིང་དྲང་ངེས་སེམས་ཙམ་སྐོར་ལ་ཞིབ་རྩོད་གནང་ཞིང༌། རྗེ་བདག་ཉིད་ཆེན་པོས་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་བའི་གནད་རྣམས། སྤྱིར་གཞུང་ལུགས་མང་དུ་ཐོས་ཤིང་རིགས་ལམ་ལ་ངལ་བ་མང་དུ་བསྟེན་པའི་སེང་ཆེན་བརྒྱད་དུ་གྲགས་པ་སོགས་སྔ་རབས་ཀྱི་མཁས་པ་མང་པོས་ཀྱང་ཇི་བཞིན་མ་མཁྱེན་པ་བླ་མ་རྗེ་བཙུན་འཇམ་དབྱངས་ཀྱི་དྲིན་ལས་རྗེ་རང་ཉིད་ཀྱིས་གསལ་བར་གཟིགས་ནས་འདོམས་པར་མཛད་པའི་ཚུལ་ཡང༌། གཞུང་ལུགས་མང་ཐོས་རིགས་པའི་ལམ་དུ་ཡང༌། ། ངལ་བ་མང་བསྟེན་མངོན་པར་རྟོགས་པ་ཡི། ། ཡོན་ཏན་ཚོགས་ཀྱིས་མི་དམན་དུ་མས་ཀྱང༌། ། འབད་ཀྱང་རྟོགས་པར་མ་གྱུར་གནས་དེ་ནི། ། འཇམ་མགོན་བླ་མའི་དྲིན་གྱིས་ལེགས་མཐོང་ནས། ། ཤིན་ཏུ་བརྩེ་བའི་བསམ་པས་བདག་གིས་བཤད། ། ཅེས་གསུངས་པ་ལྟར་ལེགས་བཤད་རྨད་དུ་བྱུང་བ་འདི་ཉིད་རྗེ་བདག་ཉིད་ཆེན་པོས་ཐོག་མར་རྭ་ཁ་བྲག་ཏུ་རྗེ་རང་ཉིད་ལ་འཇམ་དབྱངས་ཀྱིས་གསུངས་པ་ལྟར་ཞལ་རྩོམ་གནང་སྔར་ནས་བློ་འཛིན་གནང་ཟིན་པ་ལྟར། དྲང་ངེས་སེམས་ཙམ་སྐོར་ལ་ཞིབ་ཏུ་ཐོས་བསམ་རྩོད་པ་གནང་ཞིང༌། དེ་ཡང་སྐབས་དོན་མཆོད་བརྗོད་ནས་དབུ་བརྩམས། རྣམ་ཐར་སྒོ་གསུམ། སྟོན་པ་བཞི། དྲིས་ཞུས་མདོར་བསྟན། ངོ་བོ་གཉིས་མེད་དང་པོ་གཉིས། དོན་དམ་ངོ་བོ་གཉིས་མེད་ཀྱི་འཇོག་ཚུལ་དང་གཉིས་དང་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི། ངོ་བོ་གཉིས་ཀྱི་ངོས་འཛིན། ཆོས་འཁོར། སྒྲོ་འདོགས་སྐུར་འདེབས། རྫས་རྟགས། ཡེ་ཤེས་རང་རིག །དགག་བྱ་ངོས་འཛིན་དང་འབྲེལ་གཟུང་འཛིན་རྫས་གཞན་འགོག་པ་དང༌། ཕྱི་དོན་འགོག་རིགས། དགོངས་འགྲེལ་རྩོད་སྤོང༌། དྲང་ངེས་འབྱེད་ཚུལ་སོགས་ལ་སྦྱངས་བརྩོན་ཟབ་ནན་ཐོག །རྗེ་བཙུན་པའི་དྲང་ངེས་སྤྱི་དོན། ཆོས་རྗེ་གཉལ་སྟོན་པའི་དྲང་ངེས་དཀའ་འགྲེལ་བསྟན་པའི་སྒྲོན་མེ་སོགས་ཕྱོགས་མཐུན་ཡིག་ཆའི་རིགས་དུ་མར་ཞིབ་གཟིགས་ཀྱིས་དྲང་ངེས་སེམས་ཙམ་སྐོར་གྱི་དཀའ་བའི་གནད་རྣམས་ལ་ཕྲ་ཞིབ་རིགས་ལམ་གཙང་མས་གཏན་ལ་ཕབ། དེ་ལྟར་སྐྱེས་མཆོག་དམ་པ་དེ་དག་གི་ལེགས་བཤད་ཡིག་ཆའི་ཐོག་ནས་མཚུངས་མེད་བཤེས་གཉེན་དམ་པ་མཁས་གྲུབ་དང༌། དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་མཐུ་སྟོབས་མཆོག་གི་དྲུང་ནས་དཔེ་ཁྲིད་ཆག་མེད་ཐོག་ཆོས་གྲྭ་དང་རྩི་ཞག་བཅས་པ་ཉིན་གཅིག་ཀྱང་མི་ཆད་པར་ཕེབས་རྐྱང་ཐོག་སྐུ་རིམ་རུག་ཚོགས་སྐབས་ཙོག་བུར་སྡོད་ཐེངས་གཅིག་གིས་ཕར་གཡེལ་ཚུར་གཡེལ་དང་གཡས་ལྟ་གཡོན་ཉན་སོགས་མི་བྱེད་པ་བཞུགས་པས་འཛིན་གྲྭ་རྒན་གྲས་ཚོས་ཀྱང་རང་དབང་མེད་པར་གུས་ཞབས་ཞུ་རྐྱང་མ་གཏོགས་རྩེད་མཚར་དང་མཐོང་ཆུང་རིགས་བྱེད་མི་ཕོད་དེ། མཉམ་མེད་ཙོང་ཁ་པ་ཆེན་པོས། སྐྱེ་རྒུའི་དབུས་ན་ལྷུན་པོ་ལྟ་བུ་བརྗིད།། སྟོབས་ཀྱིས་སྡིག་པ་མེད་པར་འགྲོ་ཀུན་འདུད།། ཞེས་གསུངས་པའང་འདི་འདྲ་བ་ལ་དགོངས་པ་སེམས་ཤིང༌། སྔོན་བྱོན་དམ་པ་ཚོས་དགེ་འདུན་སྒྲིག་འོག་ནས་འཚང་རྒྱ། ཞེས་པའང་འདི་འདྲ་བ་ལ་དགོངས་ནས་གསུངས་པ་ཡིན་ངེས་སྙམ། རྩོད་པའི་ཚེ་ཡང་གཞུང་གི་གོ་རྒྱ་དང་རིགས་པའི་འཕུལ་འཚམས། གོ་བའི་བབ་སོ། ཁས་ལེན་གྱི་འཛིན་མཚམས་བཅས་ལ་ཐུགས་ཞིབ་བཙིགས་ཆེར་མཛད་པ་མ་གཏོགས། ས་པཎ་གྱིས་མཁས་འཇུག་རང་འགྲེལ་དུ། ཅ་ཅོ་དང་གཞད་གད་དང༌། འདོན་པ་བསྒྱུར་བ་དང༌། ངག་ཧ་ཅང་མྱུར་བ་སོགས་ཀྱིས་གཞན་ཕྱོགས་ཕམ་པར་འདོད་པ་ནི་རང་ཉིད་རྩོད་པས་ཕམ་པའི་རྟགས་ཡིན་པས། ཞེས་སོགས་གསུང་པ་ལྟ་བུའི་རྩོད་སྲོལ་ནམ་ཡང་མི་མཛད། སྐབས་དེ་ཤེད་ཅིག་ལ་དགེ་རྒན་དམ་པ་གང་གི་འཛིན་གྲྭ་གོང་མ་འཇམ་དཔལ་ཞུ་བ་ཞིག་བྱ་བྲལ་ལ་ཕེབས་ཏེ་ཞི་གནས་སྒོམ་པས། སེམས་གནས་ཡིད་བྱེད་ཅིག་གི་སྐབས་བྲག་ཕུག་ཕྱི་རོལ་ནས་མི་སུ་ཞིག་ཡོང་གི་ཡོད་མེད་མཁྱེན་པ་དང༌། བར་ལམ་ཞིག་ནས་ལ་ཕ་རྒྱབ་ནས་སུ་ཞིག་ཡོང་གི་ཡོད་པའང་ཤེས་ཐུབ་པར་བྱུང་བས་ལུང་པ་དེའི་མི་རྣམས་ཀྱིས་བསྙེན་བཀུར་རྒྱ་ཆེར་བྱས་ཤིང་ཁོང་ཡང་རྟོགས་པ་ངེས་ཅན་ཞིག་སླེབས་པར་འཁྲུལ་ཏེ། གྲྭ་སར་དགེ་རྒན་དམ་པའི་དྲུང་དུ་བཅར་ནས་རྟོགས་པ་ཕུལ་སྐབས་དགེ་རྒན་དམ་པའི་ཞལ་ནས་དེ་ཡག་རྟགས་ཤིག་མིན། སེམས་གནས་ཤིག་སྒོམ་སྟངས་ནོར་སོང་བ་ཡིན་གསུངས་ནས་སེམས་གནས་སྒོམ་ཚུལ་གྱི་ཉམས་འཁྲིད་རྒྱས་པ་གནང་བ་ལྟར་སླར་ཡང་བསྒོམས་པས་སྔར་གྱི་གློ་བུར་བའམ་ཉི་ཚེ་བའི་མངོན་ཤེས་དེ་ཉིད་རིམ་བཞིན་ཡལ་ནས་མེད་སོང་བས། རྗེས་སུ་གཞི་ནས་ཞི་གནས་འགྲུབ་ཚུལ་དང་སྦྲགས་མངོན་ཤེས་དང་རྫུ་འཕྲུལ་ལ་ཧ་ལེན་རྒྱུ་མེད་པའི་ཚུལ་ཡང་ཡང་གསུངས་པ་དུས་ཕྱིས་བསམ་དུས་བཀའ་གདམས་གོང་མའི་མན་ངག་བྱིན་རླབས་ཀྱི་ཁ་རླངས་མ་ཡལ་བ་ཉིད་དུ་གོ། དེ་ནས་ཟུར་བཀོལ་མ་ཚང་གི་འཛིན་གྲྭ་ཡིན་ན་བོད་ཟླ་དྲུག་པའི་ཚེས་བཞིའི་ཉིན་ཟུར་བཀོལ་རྙིང་པའི་འཛིན་གྲྭར་སྤོས་ཏེ། ཟུར་བཀོལ་ལྷག་མ་གསུམ་དང་ཀུན་གཞི་བཅས་ལོ་གཅིག་གི་རིང་རྩོད་པ་གནང་བ་ཡིན་པས་དེ་ལ། དགེ་འདུན་ཉི་ཤུ་ནི། མངོན་རྒྱན་སྐབས་དང་པོ་ལས། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་སོགས་ཀྱི་སྐབས་སུ་དངོས་དང༌། ཤུགས་ཀྱིས་བསྟན་པའི་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་དང༌། ཁྱད་པར་འདིའི་ཤུགས་བསྟན་དུ་གྱུར་པའི་ཆོས་དང་དད་པའི་རྗེས་སུ་འབྲངས་པའི་རྒྱུན་ཞུགས་ཞུགས་པ་དབང་པོ་རྣོ་བརྟུལ་སོགས། མདོར་ན། རྒྱུན་ཞུགས་སྐོར་ལ་ལྔ་དང༌། ཕྱིར་འོང་སྐོར་ལ་གསུམ། ཕྱིར་མི་འོང་སྐོར་ལ་བཅུ། དགྲ་བཅོམ་ཞུགས་པ་དང༌། བསེ་རུ་ལྟ་བུའི་རང་སངས་རྒྱས་ཏེ། མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུའི་རང་རང་གི་ངོ་བོ་རྣམ་དབྱེ་ས་ལམ་གྱི་བགྲོད་ཚུལ་སོགས་རྗེའི་བློ་གསལ་བགྲོད་པའི་ཐེམས་སྐས་དང༌། དགོངས་འགྲེལ་རང་གཞུང་ཡིག་ཆ་ཁག་དང་སྦྱར་ནས་སྐབས་དང་པོའི་གདམས་ངག་གི་ནང་ནས་དཀོན་མཆོག་གསུམ་ལ་འདོམས་པའི་གདམས་ངག་ལས། དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པའི་ཞུགས་གནས་སྐྱེས་བུ་བརྒྱད་ཀྱི་རྣམ་གཞག་བཅས་དང༌། མངོན་རྟོགས་རྒྱན་སྐབས་དང་པོའི་འཇུག་སྒྲུབ་ལས་འཕྲོས་པའི་བསམ་གཏན་གཟུགས་མེད་ལ་འཇུག་པའི་སྒྲུབ་པ་བྱེ་བྲག་ཏུ་བཤད་པའི་སྐོར་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་གོང་སའི་ཤེས་པ་ཉེར་བསྡོགས་ཡིད་བྱེད་དྲུག་དང་ལ་སོགས་པ་དང༌། བསམ་གཏན་ས་དྲུག་དང༌། ཟག་མེད་ས་དགུའི་དངོས་གཞི་སོགས་ལ་བརྟེན་ནས་ཁམས་གསུམ་གྱི་ཉོན་མོངས་མངོན་གྱུར་པ་དང་ལྷན་སྐྱེས་རྣམས་རིམ་དང་ཅིག་ཅར་གྱིས་སྤངས་པའི་བྲལ་འབྲས་མངོན་དུ་བྱ་ཚུལ། དེ་ཡང་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སྙོམས་འཇུག་ལ་ལྟོས་དགོས་ཤིང༌། དེ་དག་དང་འབྲེལ་བའི་གཞུང་བྱང་ས་དང༌། མདོ་སྡེ་རྒྱན་དང༌། སྒོམ་རིམ་ནས་བཤད་པའི་ཏིང་ངེ་འཛིན་ཉེས་པ་ལྔ་བྲལ། འདུ་བྱེད་བརྒྱད་ལྡན། ཡིད་བྱེད་རྣམ་བཞི་དང་འབྲེལ་བའི་སེམས་གནས་པའི་ཐབས་དགུའི་རིམ་པས་འདོད་སེམས་རྩེ་གཅིག་པས་དྲངས་པའི་བསམ་གཟུགས་བརྒྱད་དང༌། མཐར་གནས་སྙོམས་འཇུག་དགུ་སོགས་ལ་ཇི་ལྟར་སྙོམས་པར་འཇུག་ཚུལ། བྱིང་རྒོད་ཕྲ་རགས་ཀྱི་སྐྱོན་དང་བྲལ་བའི་ཞི་གནས་དང༌། ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་སོགས་མདོར་ན་ཞི་ལྷག་ཟུང་འབྲེལ་གྱིས་བསྡུས་པའི་ཏིང་ངེ་འཛིན་བསྒོམ་ཚུལ་བཅས་ལ་འཆད་རྩོད་ལུང་རིགས་ཟུང་གིས་ཐོས་བསམ་རྒྱ་ཆེར་གནང༌། དེ་ནས་མངོན་རྒྱན་སྐབས་ལྔ་པའི་མཐོང་ལམ་རྩེ་སྦྱོར་ལས་འཕྲོས་པའི་དང་པོ་མ་རིག་པ་དང༌། གཉིས་པ་འདུ་བྱེད་སོགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཇུག་ལྡོག་གི་ཚུལ་རྣམས་ངེས་ཕྱིར་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ལུགས་འབྱུང་ལྡོག་དང༌། རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་སྐོར་རྣམས་འཕེན་བྱེད་ཀྱི་རྒྱུ་གསུམ། འགྲུབ་བྱེད་ཀྱི་རྒྱུ་གསུམ། འཕངས་འབྲས་བཞི། བསྒྲུབས་འབྲས་གཉིས་སམ། ཡང་ན་ལས་གཉིས། ཉོན་མོངས་གསུམ། སྡུག་བདེན་བདུན་བཅས་སུ་དབྱེ་ཚུལ་དང༌། དེ་རྣམས་ཚེ་དུ་ལ་རྫོགས་ཚུལ། གཞན་ཡང་རྟེན་འབྲེལ་ལ་དཔྱད་པ་བྱ་བའི་གནས་བརྒྱད་ལ་སོགས་པར་རྩོད་པ་ཞིབ་ཏུ་གནང་ཞིང༌། དེ་བཞིན་རྗེའི་ཡིད་དང་ཀུན་གཞིའི་བཀའ་འགྲེལ་དང༌། ཀེའུ་ཚང་འཇམ་དབྱངས་སྨོན་ལམ་སོགས་ཀྱི་ཡིག་ཆ་ལ་བརྟེན་ནས་སེམས་ཙམ་ལུགས་ཀྱི་ཀུན་གཞིའི་རྣམ་གཞག་ལའང་ལུང་རིགས་གཉིས་ཀའི་ལམ་ནས་མཁས་པར་བསླབས། ཟུར་བཀོལ་འཛིན་གྲྭ་ལ་སླེབས་པའི་སྐབས། བར་དུ་ཆད་པའི་གནོད་བྱེད་མ་རུང་བ་ཞིག་གི་འཕྲུལ་ལམ་གང་ལྟར་མཐོང་སྣང་ལ་འཚོ་ཆས་ཤིན་ཏུ་བཀྲེན་པ་དང༌། ཟས་བརྗེད་གཉིད་བཅག་གིས་གཞུང་ལུགས་ལ་བརྩོན་པ་མཛད་ཆེས་པ་ལྟ་བུས་ སེམས་ཁམས་མི་བདེ་བའི་བསྙུན་གཞི་ཤུགས་ཆེར་བྱུང་བས། དགེ་བའི་བཤེས་གཉེན་དམ་པ་མཐུ་སྟོབས་མཆོག་གིས་དངུལ་དཀར་པོ་དྭ་ཡང་གཅིག་དང་ཁ་བཏགས་གཅིག་གནང་ནས། སྐྱབས་རྗེ་བྲག་རི་རིན་པོ་ཆེ་བློ་བཟང་ལུང་རིགས་རྒྱ་མཚོའི་མདུན་དུ་གསུང་བརྟག་ཞུ་མཁན་མངགས་པ་ལྟར་གཅར། སྐྱབས་རྗེ་རིན་པོ་ཆེས་མོ་ལུང་ཕྱིར་ཕེབས་གནང་དོན་དུ་གནས་སྐབས་དཔེ་ཆ་ལྟ་མི་དགོས། དམིགས་བརྩེ་མ་འབུམ་དང་བརྒྱད་སྟོང་པ་ཚར་གཅིག་ཀློགས་དང་དྲག་འོང་གསུངས། ཚུར་ཕེབས་ནས་དམིགས་བརྩེ་མ་འབུམ་ཕྲག་གཅིག་བསགས། བརྒྱད་སྟོང་པ་ནི་སྲོག་རླུང་གི་རྐྱེན་པས་ཆ་ཚང་བ་ཞིག་བཀླགས་མ་ཐུབ། ད་དུང་སྙིང་ཁམས་མི་བདེ་བ་མ་ཟད་མཚན་མོར་གཉིད་ཀྱང་མི་ཁུག་པས། སླར་ཡང་བླ་མའི་དྲུང་དུ་གཅར་སྐབས་སྐྱབས་རྗེ་རིན་པོ་ཆེས་ཕྱག་མཛོད་ལ་གདིང་བ་ཞིག་ཁུར་ཤོག་ཅེས་མངགས་ནས། གདིང་བ་དེའི་སྟེང་དུ་སྡོད་བཅུག དམིགས་བརྩེ་མ་འདོན་པའི་སྐབས་དམིགས་རྣམ་སྦྱང་སྟངས་འདི་དང་འདི་འདྲ་དགོས་ཞེས་སྐྱབས་རྗེ་བདེ་ཆེན་སྙིང་པོའི་དགའ་ལྷ་རྒྱས་པའི་འཁྲིད་ཡིག་ལྟར་དམར་ཁྲིད་ངེས་ཤེས་འདྲོང་པར་གནང༌། ཕྱིར་སོང་ལ་དེ་བཞིན་སྒོམས་ཞེས་གསུངས། བླ་མའི་མང་ངག་བཞིན་དམིགས་རྣམ་དང་འབྲེལ་ནས་དམིགས་བརྩེ་མ་འབུམ་ཕྲག་བསགས་པ་དང་སྔར་གྱི་སྙིང་ཁམས་མི་བདེ་བ་དང་གཉིད་མི་ཁུག་པའི་སྲོག་རླུང་གི་སྙུན་གཞི་ཡོངས་རྫོགས་སྣང་པས་མུན་པ་སེལ་བ་ལྟར་གཞི་མེད་རྩ་བྲལ་དུ་གྱུར། བར་ཆད་དང་སྡིག་སྒྲིབ་བྱང་བའི་རྨི་ལྟོས་ཀྱང་གཞུང་དང་འཁྲིད་ཡིག་ལས་གསུངས་པ་ལྟར་བྱུང༌། སྐྱབས་རྗེ་རིན་པོ་ཆེ་འདི་ཉིད་ལ་དད་པ་ལྷག་པར་འཁྲུངས་ཏེ་སླར་ཡང་སྒྲོལ་མའི་སྐུ་བརྙན་ཞིག་ཡོད་པ་དེ་ཕུལ་ནས་མཇལ་ཁ་དང་འབྲེལ། རིན་པོ་ཆེའི་ལྗགས་འཁྲིད་བཞིན་དམིགས་རྣམ་སྐྱོང་བས་ནད་གཞི་སོས་དྲག་སོང་ཚུལ་ཞུས་པས། འོ་ད་འགྲིགས་འདུག ད་གནས་སྐབས་དམིགས་རྣམ་སྦྱང་བའི་སྐོར་དེ་གཡུག་ཤོག སྔར་བཞིན་དཔེ་ཆ་ལ་མུ་མཐུད་ནས་ལྟོས་ཞེས་གསུངས། ཟུར་བཀོལ་འཛིན་གྲྭ་འདིར་མ་ཚང་བུ་ཚང་གཉིས་སུ་ཡོད་པ་ལས། ཟུར་བཀོལ་པ་ཡིན་ཕྱིན་སྤྱིར་བཏང་ཟུར་བཀོལ་གསར་རྙིང་གཉིས་ཀའི་འཛིན་གྲྭར་བཞུགས་མཁན་ཡིན་མིན་ལུགས་གཉིས་ལས། སྔ་མ་ནི་གོང་བཤད་ཟིན་པ་ལྟར་དང༌། ཕྱི་མའི་དབང་དུ་བྱས་ན། དྲུག་པ་ཚེས་བཞི་ནས་སྟོན་ཆོས་གསུམ་པ་བར་ཆོས་ཐོག་གསུམ་དང་ཕྱེད་ཀྱི་རིང་ལ། དྲང་ངེས་སེམས་ཙམ་སྐོར་ཡན་གྱི་བཤད་རྩོད་དང༌། དེ་ནས་ཆོས་ཐོག་ལྷག་མ་རྣམས་ཀྱི་རིང་ལ་དགེ་འདུན་ཉི་ཤུ། བསམ་གཟུགས། རྟེན་འབྲེལ། ཀུན་གཞི་དང་བཅས་པ་སྟེ་མདོར་ན་ཟུར་བཀོལ་བཞི་ཀ་ལོ་གཅིག་གི་ནང་དུ་རྩོད་པ་ཐོན་པ་དགོས་པས་འཛིན་གྲྭ་འདིའི་མིང་ལ་ཟུར་འཛར་རམ་བུ་ཚང་ཡང་ཟེར་ཞིང༌། དགེ་རྒན་དམ་པ་འདི་ཉིད་བུ་ཚང་ཡིན་ལ། དམ་པ་གོང་མའི་གསུང་སྒྲོས་སུ་དེ་སྔོན་ཀློང་བརྡོལ་བླ་མ་རིན་པོ་ཆེ་གདན་ས་འདིར་ཆོས་ཞུགས་སློབ་གཉེར་གནང་དུས་ན་བཟའ་ཟླ་གམ་ལ་སྐུ་ཤིག་ཤིན་ཏུ་མང་བས་ཟུར་སྐོར་འཛིན་གྲྭ་གོང་འོག་བསྡུར་བའི་སྐབས་མ་ཚང་གི་གྲྭ་བ་རྣམས་ཁོང་ལ་དེ་ཙམ་མི་བཅར་ཞིང་བུ་ཚང་སྔར་ནས་འཛིན་གྲྭ་གཅིག་པ་ཡིན་པས་སྔ་མ་བཞིན་ཕན་ཚུན་འདྲེས་གཤིབ་བདེ་བ་ཡོད་པས། ཀློང་བརྡོལ་བླ་མ་རིན་པོ་ཆེས་བུ་ཚང་འཛིན་གྲྭ་ཕྱག་དཔེ་ཡག་པའི་ཐུགས་སྨོན་གནང་བས་དེ་ནས་བཟུང་ཟུར་བཀོལ་མ་བུ་བསྡུར་རྗེས་བུ་ཚང་ཁོ་ན་ཕྱག་དཔེ་ཡག་པའི་ལོ་རྒྱུས་གྲགས་ཆེ། ལོ་དེའི་བོད་ཟླ་ ༡༡ ཚེས ༣༠ ཉིན་བོད་ཀྱི་རྒྱལ་ཚབ་སྟག་བྲག་ངག་དབང་གསུང་རབ་ཞི་བར་གཤེགས་པའི་སྐུ་གདུང་ཞུགས་འབུལ་སྐབས། དབུ་ཐོད་ཀྱིས་མེ་མ་བཞེས་པར་ཕྱིར་འཕག་པའི་ནང་ཡ་མ་རཱ་ཛཱའི་སྔགས་ཕྲེང་གིས་སྐོར་བ་དངོས་སུ་མཇལ་རྒྱུ་ཡོད་པ་དེ་ཉིད་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཆེད་དུ་མངགས་ནས་སེར་བྱེས་གྲྭ་ཚང་གི་གྲྭ་ཇ་ཞིག་གི་ནང་བསྟན་རྒྱུར་བསྐུར་པ་རྗེ་བླ་མ་ཉིད་ནས་ཀྱང་དངོས་སུ་མཇལ་བར་མ་ཟད། དབུ་ཐོད་ཀྱི་ནང་དུ་ཡ་མ་རཱ་ཛཱའི་སྔགས་ཕྲེང་དམར་ཁྲོ་མེར་བས་ཡོངས་སུ་གང་བའི་ཚུལ་གསུངས་པ་དང༌། རྗེ་དེའི་འཁྲུངས་རབས་སུའང་རྡོ་རྗེ་འཇིགས་བྱེད་སྐུ་དངོས་ཡིན་ཚུལ་འཁོད་ཡོད་པ་ཡང་གསུངས་པ་དང་སྦྲགས། རང་དགར་མི་ལ་ཁ་གཏོང་དམའ་འབེབས་བྱེད་མི་ཉན། དེ་སྔོན་སྟག་བྲག་སྲིད་གཞུང་གིས་རྒྱལ་ཟུར་རྭ་སྒྲེངས་རིན་པོ་ཆེ་ནག་མེད་ཉེས་འགེལ་གྱིས་བཙོན་འཇུག་ལྐོག་བསྐྲོངས་བྱས་པའི་སྙིང་ནད་ཀྱིས་སེ་ར་བྱེས་པའི་གྲྭ་པ་ཚོས་སྟག་བྲག་རིན་པོ་ཆེ་ལ་སྡུག་རིགས་ངན་ཚད་དེ་ཙམ་མང་པོ་ལབ་མྱོང་ཡང༌། དོན་དངོས་ལ་སྨོན་ལམ་ལོག་པའི་ཞབས་འབྲིང་པ་དེ་ཚོས་བཟོས་པ་ལས་སྐྱེས་ཆེན་དམ་པ་དེ་ཚོའི་ཐུགས་རྒྱུད་ལ་ཆགས་སྡང་དང་རྨོངས་ཞེན་དེ་འདྲ་ག་ལ་ཡོད་ཅེས་ཡང་ཡང་གསུངས། དེ་སྔོན་སེར་བྱེས་གྲྭ་པ་རྒན་གཞོན་དུ་མས་རྭ་སྟག་དོན་སྐྱོན་ཧ་ཅང་ཛ་དྲག་དང་བློ་ཕམ་དགོས་པ་དུ་མ་བྱུང་སྟབས། སྟག་ལུང་བྲག་པ་འཕགས་པ་གནས་བརྟན་བཅུ་དྲུག་གི་ནང་ཚན་ནགས་ན་གནས་ཀྱི་རྣམ་འཕྲུལ་དུ་གྲགས་པ་དང༌། ས་བྱི་༡༩༤༥ལོར་སེར་བྱེས་གཞིས་ཀའི་དོན་སྐྱོན་ལས་ནོར་གླིང་དུ་གདན་སའི་གྲྭ་པ་ཁག་གཅིག་གིས་ཞུ་འབོད་ཟིང་ལོང་ནང༌། ཕྱག་ཏུ་ལེ་ཀྲུན་འཁོར་ལོ་ཅན་ཞིག་བསྣམས་ཡོད་ཚུལ་སྤྱི་ཚོགས་ནང་གྲགསཆེ་བ་བཅས་ལ་གཞིར་བཅོལ་ཏེ། ཚོགས་སུ་གནས་བརྟན་ཕྱག་མཆོད་འདོན་པའི་སྐབས། ནོར་བུ་གླིང་ཁའི་ནགས་ཁྲོད་ན།། འཕགས་པ་གནས་བརྟན་སྟག་ལུང་བྲག། གྲྭ་དམག་སྟོང་དང་བཞི་བརྒྱས་བསྐོར།། ལེ་ཀྲུན་འཁོར་ལོ་འཛིན་ཕྱག་འཚལ།། བླ་མའི་སྐུ་ལ་དགྲ་བྱས་ན།། བསྟན་པ་རྒྱས་པ་ག་ལ་འོང༌།། ཞེས་འདོན་པ་དང༌། གྲོང་ཁྱེར་ལྷ་སའི་ཁུལ་དུ་མི་དམངས་ཚོས། བྱས་སོང་ལགས་དང་བྱས་སོང༌།། སྟག་བྲག་རྒྱལ་པོས་བྱས་སོང༌།། རྒྱལ་ཁབ་ཆ་མེད་ཡ་དོ།། རྒྱལ་བའི་ཕྱག་ལ་ཕུལ་སོང༌།། ཞེས་སོགས་འདོན་པ་དང་གཞས་ཚིག་འདྲ་མིན་གྱི་སྒོ་ནས་སྟག་བྲག་རིན་པོ་ཆེ་ལ་སྐྱོན་འཛུགས་དང་དད་ལོག་ཤིན་ཏུ་ཚབ་ཆེ་བྱས་མོད། དོན་དངོས་ལ་རྗེ་འདིས་བླ་སྤྲུལ་དགེ་བཤེས་སྟོང་ཕྲག་མང་པོར་སྔ་ཕྱིར་དགེ་ལྡན་རིང་ལུགས་གཙང་མའི་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་དབང་བསྐུར། བརྒྱུད་བཤད། མན་ངག་གནང་བས་མཚོན་རླབས་པོ་ཆེའི་མཛད་པ་རྒྱ་ཆེར་བསྐྱངས་པས། དགེ་ལྡན་པའི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་སྟེ། ལུང་གི་བསྟན་པ་ལ་གོ་རྒྱ་ཆེ་ཞིང་རྟོགས་པའི་བསྟན་པ་ལ་ཉམས་མྱོང་ཟབ་པའི་སྐྱེས་ཆེན་དམ་པ་རྩོད་མེད་ཅིག་ཡིན་པར་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་གཞོན་དུས་སྐབས་ཀྱི་ཡོངས་འཛིན་གཞོན་པ་དང༌། དགེ་ལྡན་བསྟན་པའི་སྲོག་ཤིང་སྐྱབས་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་དང་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་སོགས་སྐྱེས་ཆེན་དུ་མའི་རྩ་བའི་བླ་མ་ཡིན་ཡང༌། དེང་སང་འགའ་ཞིག་གིས་གཏེར་ལུང་རྫུན་མ་རེ་གཉིས་བགྲངས་ནས་སྐྱེས་ཆེན་འདི་ཉིད་འདྲེའི་སྤྲུལ་པ་དང་བདུད་ཀྱི་ཆོ་འཕྲུལ་དུ་འུར་བྱས་ཏེ། སེམས་ལ་གང་ཤར་དང༌། ལག་ནས་གང་འཐོན། ཁ་ནས་གང་བྱུང་དུ་བཤད་འདུག་པ་དེ་དག་ནི། རང་ཉིད་ཀྱི་སྙིང་ཁམས་ན་གནས་པའི་དགེ་ལྡན་པ་ལ་མི་བཟོད་པའི་སྡང་ཟུག་དང་སྙིང་ནད་ཀྱི་རྣམ་པ་ཕྱིར་མངོན་པ་ཙམ་ལས། ཚད་མ་གསུམ་གྱི་རྒྱབ་རྟེན་འཕེར་བའི་སྒྲུབ་བྱེད་ཡང་དག་པ་ནི་གང་ཡང་མེད་དོ། ། སྲིད་འབྱོར་འོ་མས་མྱོས་པ་ཡི།། ཆེ་རློམ་གདུག་པའི་སྦྲུལ་གྱི་སོ།། སྨན་གྱི་ལྗོན་པ་ལ་ཟུག་པས།། ཕན་བདེའི་སྲོག་གི་རྩ་བ་འཇོམས།། མ་ཇོའི་ཆང་གིས་བཟི་བ་ཡི།། ཕ་ཇོའི་གྲོང་ཚིག་གླེགས་བམ་ལས།། བདུད་ཀྱི་ཆོ་འཕྲུལ་སྨྲ་བ་ཡང༌།། རང་གི་དེ་ཉིད་གསལ་བྱེད་ཙམ།།ཞེས་ཀྱང་སྨྲས་སོ།། དེ་ལྟར་ན་ཡང་སྐྱེས་ཆེན་འདི་ཉིད་འཇིག་རྟེན་སྲིད་པའི་ལུགས་ཀྱི་མཁྱེན་རྒྱ་དེ་ཙམ་མི་ཆེ་བ་དང༌། ཛ་སག་སྐུ་མཆེད་བསྟན་པ་མཐའ་ཕྱིན་དེ་ཉིད་ཆོས་དང་འཇིག་རྟེན་གཉིས་ཀར་ཤེས་འཇོན་སྤུ་རྩེ་ཙམ་ཡང་མེད་ཐོག བདུད་ཀྱི་ཆོ་འཕྲུལ་སྙིང་ལ་ཞུགས་པའི་གཞུང་ཞབས་མ་རུང་བ་ཁག་གཅིག་གི་བརྒྱུད་སྐུལ་འོག མང་ཚོགས་ཀྱི་གླེང་ཕྱོགས་སུ། སྟག་པགས་མར་གྱིས་མཉེས་སོང༌།། ར་པགས་སྣུམ་གྱིས་མཉེས་སོང༌།། གཉིས་ཀ་གསོབ་ལ་བརྒྱང་དུས།། ར་གསོབ་རྫིག་ལ་ཁད་རེད།། ཅེས་པའི་བཞས་ཚིག་གིས་དོགས་སློང་ལ་བརྟེན་ནས་སྟག་བྲག་ཕྱོགས་གཏོགས་ཀྱིས་རྭ་སྒྲེང་ཧོ་ཐོག་ཐུའི་སྐུ་སྲོག་ལ་གོད་ཆག་དང༌། རྒྱལ་ཚབ་སྟག་བྲག་གི་མཚན་སྙན་དང་བོད་ཀྱི་བསྟན་སྲིད་གཉིས་ཀར་བསུབ་ཐབས་མེད་པའི་ནག་ཐིག་ཆེས་ཆེར་ཕབ། ད་དུང་ཛ་སག་འདིའི་བྱེད་བབ་ལ་བརྟེན་ནས་ལྷ་ས་བ་ཚོས། བླ་མ་བསད་པའི་བཤན་པ།། མི་སེར་བཅོམ་པའི་ཇག་པ།། ཛ་སག་ཡི་དྭགས་འགོང་པོ།། གར་སོང་བཤད་རོགས་གནང་དང༌།། ཞེས་སོགས་སྐྱུགས་དྲི་ཁ་བའི་ལོ་རྒྱུས་ཀྱི་སྡོམ་ཚིག་བཀོད་པའི་གཞས་ཚིག་འདྲ་མིན་ལྷ་སའི་རུ་བཞིར་ཡོངས་སུ་གྱེར། བྱེད་བབ་འདི་རིགས་ལ་བསམ་ཚེ། ད་ལྟའི་བདུད་རིགས་ཁ་རྒྱལ་བའི་དུས་འདིར་བདུད་དང་དམ་སྲིའི་ཆོ་འཕྲུལ་སྙིང་ལ་ཞུགས་པའི་སྐྱེ་བོ་མ་རུང་བ་དུ་མས་རིས་མེད་སྐྱེས་ཆེ་ཁག་ཕན་ཚུན་དང༌། བསྟན་སྲིད་གཉིས་ཀ་ཐུག་པ་བཞིན་མི་བཀྲུགས་པའི་ངེས་པའང་མེད་པས་ཅིས་ཀྱང་གཟབ་དགོས་པར་སེམས་ཏེ་འཕྲོས་གླེང་ཙམ་མོ།། དགུན་ཁར་དགེ་རྒན་མཁས་གྲུབ་རིན་པོ་ཆེས་དབུས་ཤག་ཚང་ དགེ་ཕྲུག་སྐལ་དབྱངས་སོགས་བཅུ་མཉམ་དུ་འཇམ་དབྱངས་དགུན་ཆོས་ལ་ཕེབས། རྗེ་བླ་མ་འདི་ཉིད་འཇམ་དགུན་ཆོས་ལ་ཕེབས་པའི་ཐོག་མ་ཡང་འདི་ལོ་ཡིན་འདུག སེར་བྱེས་གྲྭ་ཚང་ནས་རྒྱུན་སྲོལ་ལྟར་འཇམ་དབྱངས་དགུན་ཆོས་ཀྱི་འཚོ་ཐབས་རྩམ་པ་དང་གྲོ་ཞིབ། མར་བཅས་གང་འཚམ་གནང་བའི་ཐོག་ཤག་ཚང་དགེ་ཕྲུག་རྣམས་ཀྱིས་དངུལ་སྲང་བཅོ་ལྔ་རེ་བསྡུས་ཏེ་རྗེ་བླ་མ་འདི་ཉིད་འཇང་དགུན་ཆོས་སུ་ཤག་ཚང་དགེ་ཕྲུག་ཚོའི་གཉེར་པ་གནང༌། འཇང་དགུན་ཆོས་ཚོགས་རིང་ཉིན་རྟག་པར་ཆུ་ཚོད་བཞི་པ་ཡན་མན་ནས་བཞེངས་ཏེ་གསོལ་ཇ་སྐོལ་ནས་དགེ་རྒན་དགེ་ཕྲུག་རྣམས་ལ་ཕུལ་བ་སོགས་ཞུས་ཐོག་སློབ་གཉེར་ལ་འཐུས་ཤོར་མེད་པའི་སྒོ་ནས་དགེ་སློབ་ཀུན་ལ་ཞ་ཏ་གནང་རྒྱུ་སྐྱོ་ངལ་མེད་པར་གནང་ཚུལ་ཡང་ད་ལྟའི་སྐབས་མཚོ་བཞུགས་ཡོད་པའི་གྲྭ་རྒྱུན་རྒན་གྲས་ཚོའི་ཞལ་ནས་ཐོས། འདི་ནས་བཟུང་འདུལ་བ་འཛིན་གྲྭའི་བར་མི་ལོ་བདུན་གྱི་རིང་ལ་འཇང་དགུན་ཆོས་ཚུལ་བཞིན་འགྲིམས། སྐབས་སྟབས་ཀྱི་འབྲེལ་བ་འདི་དང་བསྟུན་འཇང་དགུན་ཆོས་ཀྱི་བྱུང་རིམ་མདོར་བསྡུས་ཤིག་ཀྱང་གླེང་བར་འདོད་དེ། དེ་ཡང་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ནས་འཇམ་དབྱངས་དང༌། དེ་ནས་རིམ་པར་བཞིན་དབྱིག་གཉེན་བར་གྱི་གཏན་ཚིགས་རིག་པའི་བྱུང་རིམ་ནི་གོང་དུ་ཞུས་ཟིན་ལ། དབྱིག་གཉེན་གྱི་མདུན་ནས་སློབ་དཔོན་ཕྱོགས་གླང་གིས་ཚད་མའི་གཞུང་ལུགས་དུ་མར་གསན་པ་དང༌། ད་དུང་ཕྱི་རོལ་པའི་གཞུང་ལུགས་དང་ནང་པའི་སྡེ་སྣོད་གསུམ་ལ་འགྲན་ཟླ་མེད་པའི་མཁས་པར་བསླབ། རྩོད་པའི་རིགས་པ་སོགས་ཚད་མའི་གཏན་བཅོས་ཐོར་བུ་བ་བརྒྱ་རྩ་བརྒྱད་བརྩམས་རྣམས་ཕྱོགས་གཅིག་ཏུ་བསྒྲིག་པར་འདོད་ནས། དབེན་པའི་རི་སུལ་ཞིག་ཏུ་སྐུ་མཚམས་ལ་བཞུགས་པའི་ཞོར་དུ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ།། སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས།། ཚད་མར་སྒྲུབ་ཕྱིར་དེ་ལས་དེ་ཡང་ནི།། ཐོར་བུའི་བསྟན་བཅོས་དག་ནི་འདི་གཅིག་བྱ།། ཞེས་པའི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བའྀ་གཞུང་ཚིག་རྡོ་ལེབ་ངོས་སུ་བྲིས་ནས་བྲག་ཕུག་ཏུ་བཞག་པས་ས་ཆེན་པོ་འདི་ལན་གསུམ་གཡོ་བ་སོགས་ཀྱི་ལྟས་ཁྱད་པར་ཅན་དུ་མ་བྱུང༌། ཉིན་གུང་གྲོང་དུ་བསོད་སྙོམས་ལ་ཕེབས་པའི་ཤུལ་དུ་མུ་སྟེགས་ཀྱི་མཁས་པ་ས་གཡོ་བའི་རྒྱུ་མཚན་གང་ཡིན་མངོན་ཤེས་ཀྱིས་བརྟགས་པས། ཕྱོགས་གླང་གིས་མཛད་པའི་མཆོད་བརྗོད་དེའི་རྐྱེན་གྱིས་ཡིན་པར་ཤེས་ནས་རྡོ་བའི་ངོས་ཀྱི་ཡི་གེ་དེ་ཉིདསྔ་ཕྱིར་ཐེངས་གསུམ་བསུབས་པའི་རྗེས་སློབ་དཔོན་གྱིས་སྔར་བཞིན་བྲིས་པའི་མཐར་རྩེད་མོ་ཡིན་ན་འདི་ལྟར་མི་རིགས། འདི་ཉིད་དོན་ཆེན་ཡིན། གལ་ཏེ་ཀླན་ཀ་འཚོལ་བ་ཡིན་ན་ནི་ལུས་དངོས་སུ་སོྟན་དང་རྩོད་པའི་སྒོ་ནས་རྒྱལ་ཕམ་དབྱེ་འབྱེད་བྱེད་ཆོག་པས་དེ་གར་བཞུགས་ཞེས་བྲིས་ནས་བཞག་པའི་ཤུལ་དུ་མུ་སྟེགས་མཁས་པ་དེ་ཉིད་ཡོང་ནས། རྩོད་པའི་ཆེད་དུ་སྒུག་ནས་བསྡད། སློབ་དཔོན་ཕྱིར་ཕེབས་པ་དང་ཁོང་གཉིས་སྒྲ་ཚད་རིགས་ལམ་རྣོ་ངར་ལྡན་པས་རྩོད་པ་ཡུན་རིང་མཛད་མཐར་མུ་སྟེགས་དེ་ཉིད་ལན་གྱིས་ཡོངས་སུ་དབུལ་པར་གྱུར་ཀྱང༌། ཕྲག་དོག་གིས་ངན་སྔགས་ལ་བསྟེན་ནས་ཁ་ནས་མེ་ཕྱུང་སྟེ་སློབ་དཔོན་གྱི་སྐུ་ཆས་ན་བཟའ་ཕལ་ཆེ་བ་མེས་ཚིགས་པས། སློབ་དཔོན་ཐུགས་སྐྱོ་ནས་ངས་རྩོམ་འཆར་ཡོད་པའི་བསྟན་བཅོས་འདྀིས་འགྲོ་བ་ཀུན་ལ་ཕན་ཐོགས་པ་ལྟར་ཞོགས། སེམས་ཅན་གཅིག་གི་དོན་ཡང་སྒྲུབ་པར་དཀའ་བས་འདི་ལྟར་ན། ད་ནི་བསྟན་བཅོས་འདི་ཉིད་རྩོམ་པའི་ངལ་བ་ཡོངས་སུ་དོར་ཏེ། མཆོད་བརྗོད་བྲིས་པའི་རྡོ་བ་དེ་བཞིན་ནམ་མཁར་གཡུགས་སྟེ་རྡོ་བ་དེ་ཉིད་ས་ལ་ལུྷང་བ་དང་གཞན་དོན་དུ་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡོངས་སུ་དོར་ནས་རང་ཉིད་གཅིག་བུ་ཞི་བ་མྱངས་འདས་ཀྱི་གོ་འཕང་ལ་བརྩོན་པར་བྱའོ་སྙམ་དུ་སེམས་ནས་རྡོ་བ་དེ་ཉིད་ནམ་མཁར་འཕངས་ཀྱང༌། ཕྱིར་ས་ལ་མ་ལྷུང་བས་སློབ་དཔོན་གྱིས་སྤྱན་ནམ་མཁར་གཟིགས་སྐབས་འཇམ་དཔལ་དབྱངས་ཀྱིས་ཞལ་མངོན་སུམ་དུ་གཟིགས་ཤིང་༌། ཕྱག་གཉིས་ཀྱིས་རྡོ་བ་དེ་ཉིད་བཟུང་སྟེ། བུ་སྙིང་སྟོབས་བསྐྱེད་ཅིག་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དོར་བར་མི་མཛད་པར་བསྟན་བཅོས་འདི་ཉིད་རྩོམ་པ་མཐའ་ཕྱིར་པར་མཛད་དང༌། མ་འོངས་པར་འགྲོ་བ་ཀུན་གྱི་མིག་ལྟ་བུར་འགྱུར་རོ། །ཕྱི་རོལ་པ་དང་རྩོད་པའི་ངལ་བ་མི་མཛད་པར་ཞོགས་ཞེས་དབུགས་དབྱུང་བར་མཛད་པ་ལྟར། ཚད་མའི་གཞུང་ལུགས་ཀུན་གྱི་གནད་བསྡུས་པ་ཚད་མ་མདོའམ་ ཚད་མ་ཀུན་ལས་བཏུས་པ་འདི་ཉིད་བརྩམས་པས་འཕགས་ཡུལ་དུའང་གཏན་ཚིགས་རིགས་པའི་མེས་པོ་ལྟ་བུར་གྱུར། དེའི་སློབ་མ་དབང་ཕྱུགས་སྡེ་ནས་རིམ་པ་བཞིན་ཆོས་ཀྱི་གྲགས་པ་སོགས་ལས་སྡེ་བདུན་མདོ་དང་བཅས་པའི་རིགས་པའི་གཞུང་ལུགས་འཕགས་ཡུལ་དུ་ཉིན་མོ་ལྟར་གསལ་བ་མ་ཟད། དུས་ཕྱིས་རྔོག་ལོ་ཆེན་པོ་ལེགས་པའི་ཤེས་རབ་ཀྱིས་མཉམ་མེད་ཇོ་བོ་ཆེན་པོའི་བཀའ་ལུང་ལྟར་གསང་ཕུ་གདན་ས་ནེའུ་ཏོག་ཕྱག་བཏབ་པ་ནས་རིམ་བཞིན་ཆ་པ་ཆོས་ཀྱི་སེངྒེ་དང༌། དེའི་དངོས་སློབ་སེངྒེ་ཆེན་པོ་བརྒྱད་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས། གཏན་ཚིགས་རིག་པའི་གཞུང་ལུགས་འདི་བཞིན་གངས་ཅན་པའི་ལྗོངས་སུའངཉི་མ་དང་ཟླ་བ་ལྟར་གསལ་བར་གྱུར། དེ་ཡང་དམིགས་ཤྀང་བསལ་ནས་རྔོག་ལོ་ཆེན་པོའི་གདན་ས་རྭ་བ་སྟོད་དུ་འཇམ་དབྱངས་དགུན་ཆོས་ཚོགས་པའི་རྒྱུ་མཚན་ནི། གོང་དུ་གསལ་བ་ལྟར། སློབ་དཔོན་གྱིས་མཆོད་བརྗོད་བྲིས་པའི་རྡོ་བ་མཁའ་ལ་འཕངས་པ་དེ་ཉིད་འཇམ་པའི་དབྱངས་ཀྱིས་བསྣམས་ནས་བོད་ཀྱི་གསང་ཕུ་རྭ་བ་སྟོད་དུ་གཡུགས་ཡོད་པ་དང༌། རྡོ་བ་དེ་ཉིད་ཆོས་རྭའི་རྡོ་བཅལ་དང་ལམ་ཁ་སོགས་སུ་རིས་མོས་ཀྱིས་འཁོར་ནས་འགྲོ་བཞིན་ཡོད་པས། སློབ་གཉེར་བ་སུ་ཞིག་གལ་ཏེ་རྡོ་བ་དེ་ཉིད་ཀྱི་ཐོག་ཏུ་འཁེལ་ན་ཟབ་གསལ་མྱུར་གསུམ་གྱི་ཤེས་རབ་མེ་ལྕེ་འབར་བ་ལྟར་འོང་པ་ངག་རྒྱུན་དུ་གྲགས་ཆེ་ལ། དེ་སྔོན་གྲྭ་སའི་གྲྭ་པ་དཔེ་ཆ་བ་ཞིག་འཇང་དགུན་ཆོས་ལ་ཕེབས་སྐབས་ལམ་འགྲམ་ཞིག་ཏུ་ངལ་གསོ་མཛད་ཞོར་གཏན་ཚིགས་རིག་པའི་བཀའ་གནད་ཅིག་གི་ཆེད་ཁུར་ཤིང་ཐོག་ནས་ཤཽ་ཀ་ལི་ཚུར་བླངས། རྡོ་ཕ་ཝང་ཞིག་གི་ཐོག་ཏུ་བཞག་ནས་ཞིབ་གཟིགས་མཛད་པས། གློར་བུར་དུ་མཁྱེན་པའིཀློང་བརྡོལ་ནས་ཤེས་རབ་ཉི་མ་ལྟར་གསལ་བར་འབར་ཞིང༌། གཏན་ཚིགས་རིགས་པའི་གཞུང་ལུགས་ཀྱི་དངོས་ཤུགས་རྒྱུད་གསུམ་གྱི་དགོངས་དོན་ཡོངས་རྫོགས་ལག་མཐིལ་གྱི་རྫས་བཞིན་གསལ་བར་གྱུར་པ་སོགས་ཀྱི་ངག་སྒྲོས་ཀྱང་གྲགས་ཆེ། དགུན་ཆོས་འདིར་འཇམ་པའི་དབྱངས་ཀྱི་བྱིན་རླབས་ཞུགས་པའི་རྡོ་པ་གང་དུ་ལྷུང་བའི་གནས་དེར་ཚིག་སྡུད་ཀྱི་མིང་ལ་འཇང་ཞེས་གྲགས་ཤིང༌། གནས་དེར་ནམ་དུས་དགུན་གྱི་དུས་སུ་ཚོགས་པའི་ཆོས་གྲྭ་ཡིན་པས། འཇམ་དབྱངས་དགུན་ཆོས་དང༌། ཚིག་སྡུད་བྱས་ནས་ངག་རྒྱུན་ཏུ་འཇང་དགུན་ཆོས་ཞེས་གྲགས་པ་ཡིན་ཏེ། དཔེར་ན་སངས་རྒྱས་རྒྱ་མཚོ་ལ་སངས་རྒྱམ་དང༌། བྱའི་སྒོ་ང་ལ་བྱ་སྒོང་ཞེས་འདོགས་པ་བཞིན་ནོ། །དེ་ལྟར་ཤིན་ཏུ་མདོར་བསྡུས་པའི་ལུགས་སུ་བྱས་ནས་འཇམ་དགུན་ཆོས་ཀྱི་ལོ་རྒྱུས་ཅུང་ཟད་འཕྲོས་དོན་གྱི་ཚུལ་དུ་གླེང་ནས་ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ཡང༌། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རང་གི་རྟོགས་པ་བརྗོད་པའི་གཏམ་ལས། བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ།། སྦྱངས་དང་མ་སྦྱངས་དུ་མ་འགྲིན་གཅིག་ཏུ།། མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ།། བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར།། འཇམ་བའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ།། དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས།། འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས།། གསུང་གི་གནང་བ་བརྩལ་བའང་ཚད་མར་བྱེད།། དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ།། མཐོང་ནས་ལྷག་པར་ཚུལ་དེར་དཔྱོད་པ་ན།། ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན།། ཚད་མ་གྲུབ་པ་ལུགས་འབྱུང་ལུགས་ལྡོག་གིས།། རྣམ་གྲོལ་དོན་ལ་གཉེར་ལ་བཅོམ་ལྡན་འདས།། ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡང་ནི།། བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ།། ངེས་པ་གཏིང་ནས་རྙེད་པའི་ཐེག་གཉིས་ཀྱིས།། ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས།། ལེགས་པར་ཐོན་པས་ལྷག་པར་དགའ་བ་བརྙེས།། ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ།། བཀའ་དྲིན་ཆེ་འོ་རྗེ་བཙུན་མཁྱེན་པའི་གཏེར།། ཞེས་གསུང་པ་ལྟར་གངས་ཅན་ལྗོངས་འདིར་ཚད་མ་རིག་པའི་གཞུང་ལ་སྦྱངས་བ་ཁ་ཅིག་གིས་གཏན་ཚིགས་རིག་པ་ནི་ཟས་ཀྱི་བྲོ་བ་འདོན་བྱེད་ཚྭ་ཁུ་དང་འདྲ་བ་ཡིན་གྱི་ཟས་ཀྱི་རྩ་ལག་དངོས་ནི་མ་ཡིན་ཏེ། གྲོལ་བ་དོན་གཉེར་གྱིས་ཉམས་སུ་ལེན་བྱ་མ་ཡིན་པའི་ཕྱིར་དང༌། རྟོག་གེའི་བསྟན་བཅོས་ཡིན་པའི་ཕྱིར། ནང་དོན་རིག་པ་མ་ཡིན་པར་འདོད་པ་དང༌། གཏན་ཚིགས་རིགས་པའི་གཞུང་ལ་མ་སྦྱངས་པའི་བོད་རྒན་ཁ་ཅིག་གིས། ཇོ་བོའི་གསུང་དུ། མངོན་སུམ་རྗེས་དཔག་ཅི་ཞིག་བྱ།།མི་སྟེགས་རྒོལ་བ་ཚར་གཅོད་ཕྱིར།།མཁས་པ་རྣམས་ཀྱིས་བྱས་པ་ཡིན།།ཞེས་པའི་ལུང་དྲངས་ནས། བོད་དུ་བདག་རྟག་པའི་མཐར་འཛིན་པའི་མུ་སྟེགས་རྒོལ་བ་ངན་པ་དེ་འདྲ་ནི་མེད་པས་དེ་སུན་འབྱིན་པའི་རྟོག་གེའི་རིག་ལམ་ལ་བསླབ་དགོས་དོན་མེད་དེ། དུག་ནད་མེད་པའི་ཡུལ་དུ་དུག་གི་སྨན་བཅོས་མི་གོས་པ་བཞིན་ནོ།།ཞེས་འདོད་པ་དག་ལ་རྗེ་ཡབ་སྲས་ཀྱིས་ཚད་མའི་དགོངས་འགྲེལ་རྣམས་སུ་ཚད་མ་ཀུན་ལས་བཏུས་པའིམཆོད་བརྗོད་དང་ཚད་མ་གྲུབ་པའི་ལེའུ་ལས། བདེན་བཞིའི་རྣམ་གཞག་ལུགས་འབྱུང་ལྡོག་གཉིས་ཀྱི་སྒོ་ནས་གཞི་ལམ་འབྲས་བུའི་རྣམ་གཞག་ཕྱི་ཅི་མ་ལོག་པར་གཏན་ལ་ཕབ་པའི་ཚུལ་དང༌། གང་ཟག་དང་ཆོས་ཀྱི་བདག་མེད་རིགས་པས་ལེགས་པར་གཏན་ལ་ཕབ་ནས་ལྷག་པར་ཤེས་རབ་ཀྱི་བསླབ་པ་གཙོ་བོར་བསྟན་ཀྱང་ད་དུང་ནང་དོན་རིག་པའི་གནས་སུ་མི་ཚུད་ན། འོ་ན་མངོན་པའི་སྡེ་སྡོད་ཀྱང་ནང་དོན་རིག་པའི་གཞུང་མིན་པར་འགྱུར་བས། དེ་ལྟ་ན་སྡེ་སྣོད་གསུམ་འཇོག་ཏུ་མེད་པར་ཐལ་ལོ།། བོད་དུ་བདག་རྟག་པའི་མཐར་འཛིན་པའི་གྲུབ་མཐའ་རྐང་འཛིན་བྱེད་མཁན་གྱི་རྒོལ་བ་མེད་པ་བདེན་ཡང་ཕྱི་རོལ་པ་མེད་པའི་ས་ཕྱོགས་སུ་བདེན་པ་བཞི་དང་ལོག་ཞུགས་བཅུ་དྲུག སྐྱེ་བ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་དང་ཐམས་ཅད་མཁྱེན་པ་ཡོད་མེད་ཀྱི་ངེས་ཤེས་རིགས་པའི་ལམ་ནས་འདྲོངས་དགོས་ལ། ལྡོག་ཕྱོགས་དེ་དག་གི་སྒྲོ་བསྐུར་འགོག་པར་ཆེད་དུ་བསྔགས་པས། མི་སྟེགས་བྱེད་དང་ལྷན་ཅིག་ཏུ་རྩོད་པར་འདོད་པའི་བསམ་པ་ཁོ་ནས་དགག་སྒྲུབ་ཀྱི་རྣམ་གཞག་བྱས་པ་ནི་མ་ཡིན་ནོ།། རྒྱུ་མཚན་དེས་ན་རྗེ་བླ་མ་འདི་ཉིད་སྔ་ཕྱིར་འཇང་དགུན་ཆོས་མི་ལོ་བདུན་གྱི་རིང་ལ་ཕེབས་ཏེ། དེའི་རིང་ལ་རྣམ་འགྲེལ་ལེའུ་དང་པོ་ཁོ་ན་རྩོད་སྒྲུབ་རིག་པའི་ལམ་ནས་གསན་བསམ་རྒྱ་ཆེར་མཛད་འདུག་སྟེ། དེ་ཡང་ལོ་དང་པོར་དགེ་རྒན་དམ་པ་མཁས་གྲུབ་ཀྱི་དྲུང་ནས། ཚད་མ་རྣམ་འགྲེལ་མཆོད་བརྗོད་ནས་བཟུང་དཔེ་འཁྲིད་ཞུས་ཤིང༌། ལོ་གཉིས་པར་ཕྱོགས་སྒྲ། གསུམ་པར་རྟགས་གཞན་བཞི་པ། བཞི་པར་བྱས་མི་རྟག་གི་འབྲེལ་བ། ལྔ་པ་ལུང་འགལ། དྲུག་པར་ཚད་མ་ཕྲུག་གསུམ། བདུན་པར་རིག་བྱེད་དེ། མདོར་ན་ཟུར་བཀོལ་ལོ་གཅིག ཕར་ཕྱིན་ལོ་གཅིག དབུ་མ་ལོ་བཞི། འདུལ་བ་ལོ་གཉིས་བཅས་བསྡོམས་པས་མི་ལོ་ཧྲིལ་པོ་བདུན་གྱི་རིང་དགུན་དུས་རྒྱུན་ལྡན་ལྟར་འཇམ་དགུན་ཆོས་སུ་ཕེབས་ཏེ། དམ་པ་གོང་མའི་རྣམ་ཐར་བཞིན་ས་འཁྱགས་སྔས་དང་རྡོ་འཁྱགས་སྟེགས་བུ་བྱས། ཟས་བཅད་གཉིད་བཅག་གིས་སློབ་གཉེར་ཁོ་ན་ལ་གཅིག་ཏུ་འབུངས་པར་མཛད། ཞལ་ནས་འཇང་དགུན་ཆོས་མི་ལོ་བདུན་འགྲིམས་ཤིང་དེའི་རིང་རྣམ་འགྲེལ་ལེའུ་དང་པོ་མ་གཏོགས་གཉིས་པ་མན་ཆད་ལྟ་མྱོང་མེད་ཅེས་གསུངས་ཤིང༌། འབྲས་སྤུངས་ཏྲེ་ཧོར་སྐྱོར་དཔོན་གྲུབ་པའི་དབང་ཕྱུག་ཚེ་དབང་ནོར་བུས་ཀྱང༌། ཕྱོགས་སྒྲ་ཁོ་ན་ལོ་བདུན་བལྟས་པས་ད་བཟོད་གཞི་ནས་ཕྱོགས་ཀྱི་འགྲོ་སྟངས་ཙམ་ཆགས་བྱུང་ཞེས་ཀྱང་གསུངས་ཚུལ་ཐོས་ལ། དམ་པ་གོང་མ་ཚོའི་གསུང་སྒྲོས་འདི་དག་ལ་དཔོག་ཚེ། དེང་སང་བསྡུས་ཚན་དང་ཕྱོགས་སྒྲ་མཉམ་དུ་བལྟས་པ་ནས་ཕར་ཕྱིན་འཛིན་གྲྭ་མ་རྫོགས་གོང་ནས་རྣམ་འགྲེལ་ལེའུ་བཞི་ཀ་རྫོགས་ཏེ། རྣམ་འགྲེལ་ལེའུ་ལྔ་པ་ཞིག་གསར་རྩོམ་རན་པའི་ཚད་དུསླེབས་པ་འདི་རིགས་ཀ་ཁའི་ཡི་གེ་སྒོ་གླེགས་ཙམ་བྲིས་ཀྱང་ཡིག་ངོ་མི་ཤེས་པའི་ཨ་མཆོད་རྒན་པོས་ཉིན་རེར་བརྒྱད་སྟོང་པ་ཚར་རེ་བཀླགས་པའི་དཔེ་ལྟར་ཡག་རྟགས་ངན་རྟགས་གང་ཡིན་མི་ཤེས། རྗེ་བླ་མ་འདི་ཉིད་ཐུགས་སྣང་སྤྲོ་བའི་སྐབས། དེ་སྔོན་འཇང་དགུན་ཆོས་འགྲིམ་དུས་གདན་ས་གསུམ་གྱི་མཁས་པ་འདི་དང་འདིས་རྩོད་པ་འདི་དང་འདི་གནང་བ་དང༌། དམ་བཅའ་འདི་དང་འདི་འདྲ་བཞག་ཚུལ་གསུངས་ཤིང༌། ཡང་འཛིན་གྲྭ་གོང་མའི་ནང་ཆེན་པོ་དྲུག་ལྡན་ཞེས་པ་སེར་བྱེས་གྲྭ་པ་དཔེ་ཆ་དེ་ཙམ་མི་མཁྱེན་ཡང༌། རྟགས་བསལ་གཏང་རྒྱུར་ཤིན་ཏུ་དགའ་བ་དང་རྒྱུན་ལྡན་འགལ་དང་མ་ངེས་མ་གྲུབ་པའི་གཏན་ཚིགས་ཁོ་ན་རྩོད་པ་ལྷུན་ལེན་ཅིང༌། གཟུགས་སྟོབས་དང་ཤེད་ཤུགས་ཤིན་ཏུ་ཆེ་བས་སྟོན་པ་ཞལ་གཞུགས་སྐབས་འཆར་ཀ་སོགས་དགེ་སློང་དྲུག་གི་ལོ་རྒྱུས་དང་བསྟུན་ནས་ཁོང་ལ་ཆེན་པོ་དྲུག་ལྡན་ཞེས་བཏགས་པ་དེར་རྟགས་བསལ་གང་ཞིག་གྲྭ་སྒྲིག་བྱས་ཡོད་པ་དེ་དང་འབྲེལ་བའི་གཞུང་ཚིག་ཅིག་བསླབ་ནས་རྟགས་བསལ་འཛུགས་བཅུག་ན། ཁོས་རྟགས་བསལ་དེ་འཛུགས་ས་མ་རྙེད་བར་དུ་ཐང་མི་ཆད་པར་འཚང་ཀ་བརྒྱབ། གལ་ཏེ་དམ་བཅའ་བ་ལ་སྔོན་དུ་རྟགས་བསལ་འཛུགས་ས་མ་རྙེད་ན་སྔོན་དུ་གཞུང་འཛུགས་མཁན་གྱི་གདན་ས་དེས་མ་གཏོགས་གཞན་གྱིས་རྟགས་བསལ་གཏང་སྲོལ་མེད་སྟབས། ཁོང་རྩོད་རིག་དེ་ཙམ་མི་བཟང་ཡང་འཇང་དགུན་ཆོས་ལ་མེད་ཐབས་མེད། ཁོང་གིས་རྟགས་བསལ་གྱི་གཞུང་བཙུགས་ཚར་དུས་ཁོའི་རྒྱབ་ཏུ་མགྱོགས་པར་མ་ལངས་ན་ཁོང་རྟགས་བསལ་ཆད་འགྲོ་ཚུལ། གཞན་ཡང་མཁས་པ་འདིས་གཟུང་མཚམས་འདི་འདྲ་གནང་ཚུལ་དང༌། ཁྱབ་ལོག་འདི་འདྲ་བསྒྲགས་མྱོང་ཚུལ་སོགས། སྐབས་འགར་དད་པས་ཡིད་དབང་འཕྲོག་འགྲོ་བ་དང༌། ཐེངས་རེར་རང་དབང་མེད་པར་དགོད་མོ་ཤོར་དགོས་པ་དེ་འདྲའང་མང་པོ་གསུངས་མྱོང་པ་ལས་འདི་ནི་མཚན་གཞི་ཙམ་ཞིག་གོ། འཇང་དགུན་ཆོས་སྐབས་གནམ་གཤིས་ཤིན་ཏུ་གྲང་བ་དང༌། ན་གཟའ་དང་འཚོ་ཆས་ཤིན་ཏུ་ཞན་སྟབས་སློབ་གཉེར་བ་ཕལ་བོ་ཆེ་སྐུ་གཟུགས་ཤིན་ཏུ་སྐྱོ་ཚུལ་དང༌། རྟགས་བསལ་གཏོང་ནས་ཐལ་མོ་བརྡབ་སྐབས་འཁྲིག་མ་དང་ལག་པའི་སེར་ཁའི་གསེབ་ནས་ཁྲག་མཆེད་པའང་རྒྱུན་ལྡན་ལས་དམིགས་བསལ་བའི་གནས་ཚུལ་གང་ཡང་མིན་ཚུལ། དེ་ཡང་གནམ་གཤིས་གྲང་ཐོག་རྒྱུན་ལྡན་རྟགས་བསལ་གྱི་ཐལ་མོ་ཤུགས་ཆེར་བརྡབ་པས་ལག་པར་སེར་ཁ་གས་པ་ཡིན་ཚུལ། རྗེ་བླ་མ་རང་ཉིད་ཀྱང་འཇང་དགུན་ཆོས་ནམ་ཚོགས་ལ་ལག་པར་སེར་ཁ་མི་གས་པ་ཡོང་མྱོང་མེད་ཅེས་གསུངས་ཤིང༌། དུས་ཕྱིས་དཀར་མཛེས་དགོན་པའི་ཆོས་གྲྭའི་ནང་དུའང་སློབ་གཉེར་བ་ཚོས་རྟགས་བསལ་གཏོང་གི་ཡོད་མེད་ལག་པ་ལ་གཟིགས་ནས་སེར་ཁ་ཡོད་པ་རྣམས་ལ་བསྔགས་བརྗོད་དང་ཐུགས་མཉེས་པོ་གནང༌། ལག་པར་སེར་ཁ་ཕར་ཟད་དར་གོས་ལས་འཇམ་པའི་རིགས་ལ་བཀའ་བཀྱོན་དང་སྐབས་འགར་ཕྱག་འབེབས་ཀྱང་གནང་ཚུལ་འཕྲོས་གླེང་ཙམ་སྟེ་འོག་ནས་ཀྱང་འཆད་པར་འགྱུར་རོ། །འཇང་དགུན་ཆོས་སྐབས་ལྷོ་ཁ་བསམ་ཡས་ལྷ་ཁང་དུ་མདོ་དབུུས་སྐོར་གསུམ་གྱི་ལྷ་ཀླུ་གཞི་བདག་མཐུ་བོ་ཆེ་ཀུན་མཉམ་འཛོམས་བྱེད་རྒྱུའི་ལུགས་སྲོལ་སློབ་དཔོན་ཆེན་པོས་བསམ་ཡས་བཙུག་ལག་ཁང་གསར་བཞེངས་གྲུབ་ནས་བྱུང་བ་ཞིག་ཡིན་པ་ལྟར། འཇང་དགུན་ཆོས་ལ་ཕེབས་མཁན་གདན་སའི་གྲྭ་རྒྱུན་ཚོ་ཤིང་སློང་འགྲོ་སྐབས་ལུང་ཚན་མི་འདྲ་བ་གཉིས་རེའི་གྲྭ་རྒྱུན་རྣམས་ལག་གདོང་མེལ་ཞིང་མིང་གཞན་དུ་བསྒྱུར་ནས་འགྲོ་བ་སྲོལ་ཡོད་ཅིང༌། དེའིརྒྱུ་མཚན་ནི། བསམ་ཡས་སུ་གཞིས་ཕྱོགས་ཀྱི་ལྷ་སྲུང་གཞི་བདག་རྣམས་ཡོང་པ་དང་སྟབས་འཁེལ་ནས། གྲྭ་རྒྱུན་དེ་རིགས་རང་ཡུལ་དུ་ཕྱིར་འཁྲིད་པའི་རྐྱེན་གྱིས་གྲྭ་རྒྱུན་དེ་རིགས་ལུས་ཀྱི་ན་ཚ་དང་སེམས་ཀྱི་སྨྱོ་འབོགས་སོགས་མི་བདེ་བ་ཅི་རིགས་སྣ་ཚོགས་ཡོང་གི་ཡོད་པས་དེ་རིགས་བཟློག་ཆེད་ལུང་ཚན་མི་འདྲ་བ་གཉིས་ལག་གདོང་མེལ་བ་དང་དངོས་མིང་སྦས་སྲོལ་ཡོད་པ་ཡིན་ནོ། །རྗེ་འདི་ཉིད་འཇང་དགུན་ཆོས་ལ་ཕེབས་པའི་སྐབས་ཤིག་ཏུ་གྲྭ་ཕྲུག་ལོ་ན་བཅུ་གཉིས་ཡན་མན་ཞིག་གློ་བུར་ག་སོང་ཆ་མེད་དུ་སོང་བ་གང་སར་བཙལ་ཀྱང་མ་རྙེད། ཟླ་བ་གཅིག་ལྷག་གི་རྗེས་སུ་ཉེ་འདབས་གྲོང་ཚོའི་དུད་ཁྱིམ་ཞིག་གི་རྩྭ་ཁང་ནང་དུ་ཤི་བའི་རོ་རྙེད་འདུག་ཀྱང༌། རྩྭ་ཁང་དེའི་ནང་ཇི་ལྟར་སོང་ཚུལ་སུས་ཀྱང་དཔྱད་མ་བཟོད། ཐེངས་གཅིག་འཛིན་གྲྭ་གཅིག་པ་ཏྲེ་བོ་གྲྭ་པ་ད་ལྟར་མིང་མི་དྲན་པ་ཞིག་དགུང་ཆོས་ལ་མ་སོང་བར་ནད་དགོངས་ཞུས་ནས་གནས་ཚང་དུ་ཉལ་ནས་བསྡད་པའི་སྐབས། སྒོ་ཧར་གྱིས་ཕྱེས་པ་དང་ནག་ཡོལ་མེ་བ་ཞིག་ནང་དུ་འཛུལ་འོང༌། ཁང་པའིསྦུག་ཏུ་སླེབས་པ་དང་མཚན་འབར་ཞུན་མར་གྱི་འོདཧསྣངཁྲོད་རྒྱ་སེར་སྟོད་འགག་གྱོན་པའི་བླ་རྒན་ཞིག་ཟླ་གམ་གྱིས་མགོ་བོ་བསྟིམས་ནས་ཕར་འགྲོ་ཚུར་འགྲོ་འགའ་ཞིག་བྱས་མཐར་ག་ལེར་ཕྱིར་སོང་བའི་རྒྱབ་ནས་བལྟ་སྐབས། ཟླ་གམ་གྱི་ནང་ནས་བོང་བུའི་ཨ་ཆོག་རིང་པོ་གཉིས་ཕྱི་ལ་མངོན་པར་མཐོང་བས། གཞི་ནས་བོང་གུ་བསམ་གཏན་ཡིན་པར་ཤེས་ནས་ཞེད་སྣང་གིས་ཤི་ལ་ཁད་དུ་གྱུར། དེ་ནས་བཟུང་ཆོས་གྲྭ་ཐེངས་གཅིག་ཀྱང་ཆད་མ་ཕོད་པར་རྒྱུན་འགྲོ་བྱས་པར་མ་ཟད། རྭ་བ་སྟོད་པའི་མགོན་ཁང་དུ་བོང་གུ་བསམ་གཏན་ལ་གཅེས་མིང་དགེ་བཤེས་ལགས་སུ་ཞུ་བ་ལྟར་དགེ་བཤེས་ལགས་སུ་བསྐང་གསོ་དང་འཕྲིན་བཅོལ་འདོན་བྱེད་ཀྱི་དངུལ་ཡང་ཕུལ། བོང་གུ་བསམ་གཏན་ཟེར་བ་འདི་ཉིད་དེ་སྔོན་གསང་ཕུ་ཆོས་གྲྭའི་ལུང་རིགས་གཉིས་ཀ་ལ་ཆགས་ཐོགས་མེད་པའི་མཁས་པ་ཞིག་རྩོད་སྤུངས་དང་དམ་འཇོག་སྐབས་གསུང་སྐད་དེ་ཙམ་མི་ཆེ་བས། སྐུ་ཚེ་སྨད་དུ་ཉམས་ལེན་གང་ཟབ་གནང་རྒྱུའི་ཚབ་ཏུ། གལ་ཏེ་རང་སྐད་ཀྱི་གདངས་བོང་གུ་ནང་བཞིན་ཞིག་ཡོད་ན། གསང་བདེ་གུང་གསུམ་དང། བདེ་སྐྱོ་ཟུལ་གསུམ་ན་ངའི་གོང་དུ་རྩོད་པའི་སྤོབས་མཐོ་བ་སུ་ཡང་ཡོང་གི་མ་རེད་དགོངས་བཞིན་སྐུ་ཚེ་འཕེན་པ་ཞི་བར་གཤེགས་པའིརྐྱེན་ཀྱིས་མགོ་དང་སུག་ལག་བོང་གུ་དང་འདྲ་བའི་མི་མ་ཡིན་མཐུ་བོ་ཆེའི་སྐྱེ་བ་ལེན་ཚུལ་ངག་སྒྲོས་སུཧགྲགས་ཆེ། དུས་ཕྱིས་རྭ་སྟོད་སྐྱོང་ལྷ་རིན་པོ་ཆེས་རྒྱལ་པོ་ཆེན་པོ་བསེ་ཡི་ཁྲབ་ཅན་གྱི་འཁོར་དུ་མངའ་གསོལ་དང་འབྲེལ་སྐོང་གསོལ་གསེར་སྐྱེམས་འཕྲིན་བཅོལ་གསར་རྩོམ་མཛད་པ་ནས་སྟག་ཚང་རྭ་བ་སྟོད་པའི་མགོན་ཁང་དུ་བསེ་ཁྲབ་ཞལ་ཐང་ནང་དུ་སྐུ་བརྙན་བྲིས་ཏེ་འཕྲིན་བཅོལ་སོགས་གནང་སྲོལ་དར་ཚུལ་ཡང་གྲགས། གང་ལྟར་ཡང་བོང་གུ་བསམ་གཏན་དུ་གྲགས་པའི་མི་མ་ཡིན་འདི་ཉིད་གཞུང་ཆེན་སློབ་གཉེར་གནང་མཁན་དང་ལྷག་དོན་ལུང་རིགས་ལ་མཁྱེན་རབ་ཀྱི་རྩལ་དང་ལྡན་པའི་རིགས་ལ་ཤིན་ཏུ་དགའ་བའང་གྲགས་ཆེ་ལ། དེ་སྔོན་དགའ་ལྡན་ཁྲི་ཐོག་དོན་དགུ་པ་ཕུ་ཁང་བློ་བཟང་སྦྱིན་པ་གདན་ས་དགའ་ལྡན་རྣམ་པ་རྒྱལ་བའི་གླིང་དུ་གསར་ཞུག་སློབ་གཉེར་སྐབས་ཐུན་མོང་སྣང་ངོར་ཕྱག་དཔེ་དེ་ཙམ་ཡག་པོ་རང་མིན་པའི་ཚུལ་མཛད་བཞིན་དུ་ཚོགས་ལངས་སུ་འཁེལ་ཞིང༌། ཚོགས་ལངས་རྩོད་ཟླ་བྱང་རྩེའི་དཔེ་ཆ་བ་ཤིན་ཏུ་སྐད་གྲགས་ཆེ་ཞིང་སློབ་གཉེར་ལེགས་པ་ཞིག་ཡོད་སྟབས། སྔ་ནུབ་ཏུ་བྲོས་བྱོལ་སོང་བ་དང་འབྲོག་རིའི་སྒང་གཞི་བདག་ནགས་གསེབ་ཏུ་བོང་བུའི་རྣམ་ཅན་གྱི་མི་མ་ཡིན་ཞིག་དང་འཕྲད། འཇིགས་སྣང་གང་ཡང་མ་མཛད་པར་ཕྱག་ཕྲེང་སྐེ་ལ་བཀོན་ནས་བོང་བུ་ལྟར་འཁྲིད་ཡོང་བར། ཁོས་གང་དགོས་བྱ་རྒྱུ་ཡིན་ཚུལ་བརྗོད་དེ་གློད་རོགས་ཞུས་པར། སང་ཉིན་ཚོགས་ལངས་ལ་རོགས་བྱ་དགོས་གསུངས་པས། ཁོས་ཁྱེད་རང་གནམ་ཡངས་ལ་མིག་གིས་གཏན་ནས་མ་བལྟ་བར་རྟགས་བསལ་དང༌། ལན་ཁ་ནས་གང་ཐོན་བརྗོད་ཅིག་ཅེས་ཟེར་བ་བཞིན་དེ་ནུབ་ཡར་ལོག་སྟེ། སང་ཉིན་དེ་ལྟར་མཛད་པས་རིགས་ལམ་ལ་ཐོགས་པ་མེད་པར་གྱུར་ཏེ་ཆོས་གྲོགས་དེ་ཉིད་སྨྲ་བ་མེད་པའི་གནས་ལ་བཀོད། ཚོགས་ལངས་ཚར་བའི་རྗེས་གནམ་ཡངས་ལ་གཟིགས་པ་ན། བོང་བུའི་མགོ་ཅན་གོས་ཆེན་གྱི་སྟོད་འགག་གྱོན་པ་ཞིག་གིས་བལྟས་ནས་བསྡད་ཡོད་པ་དེ་ཉིད་དུ་ཡལ་བར་གྱུར་སྐད། ཚོགས་བཞེངས་ཚར་སྐབས་ཆོས་གྲོགས་ཀྱི་ཤག་ཏུ་གསོལ་ཚིགས་ལ་འགྲོ་སྲོལ་ཡོད་ཀྱང༌། ཆོས་གྲོགས་ཀྱིས་མ་འབོད་པར་སྔོན་ལ་སོང་བ་དང༌། རྗེ་འདིས་ཀྱང་རྗེས་སུ་ཕེབས་པས། ཁོང་གིས་དཔེ་ཆ་ཚང་མ་མེར་བསྲེགས་ནས་ཤོག་བུའི་དུ་དྲིས་ཁེངས་ནས་ཡོད་པར། གང་ཡིན་བཀའ་འདྲི་མཛད་པས། ངས་ད་བར་དཀའ་ལས་བྱས་ནས་དཔེ་ཆ་བལྟས་པ་ཡིན་ཏེ། ད་ཕན་ཐོགས་གང་ཡང་མི་འདུག་ཟེར། རྗེ་འདིས་དེ་འདྲ་མ་བྱེད་ངས་འདི་འདྲ་བྱེད་ཅིང་འདི་འདྲ་བྱུང་བས་གདུག་འདྲེའི་ནུས་པ་ཡིན་པ་ལས། ངས་གང་ཡང་མི་ཤེས་ཞེས་གསུངས་ཚུལ་གྱི་ལོ་རྒྱུས་ཀྱང་དགའ་ཤར་ཆོས་འབྱུང་འཇམ་དཔལ་སྙིང་པོའི་དགོངས་རྒྱན་དུ་གསལ། ཁྲི་ཆེན་འདི་ཚོགས་ལངས་གནང་བའི་རྗེས་ནས་ཕྱག་དཔེ་འགྲན་ཟླ་མེད་པར་གྱུར་ཚུལ་དང་གཏོང་སྒོའི་སྐབས་ཟང་ཟིང་གི་སྦྱིན་བདག་ཡོངས་རྫོགས་མི་མ་ཡིན་འདིས་བྱས་ཚུལ་ཡང་ངག་སྒྲོས་སུ་གྲགས་ཆེ། ཡང་མི་ཉག་སྐྱོར་དཔོན་བློ་བཟང་ཡོན་ཏན་ཞེས་གདན་ས་གསུམ་གར་སྙན་པའི་གྲགས་པ་ལྷག་པར་འབར་པའི་སྐྱེས་ཆེན་དམ་པ་འདི་ཉིད་འཇང་དགུན་ཆོས་ལ་ཕེབས་པའི་སྐབས་ཞིག་གི་དགུང་མོར་གྲོགས་པོ་ཞིག་གིས་འབོད་པའི་སྣང་བ་ལྟ་བུས་ག་ལེར་ཕེབས། གང་མཚམས་ཞིག་ནས་གྲྭ་པ་ལོ་ན་བགྲེས་པའི་བཟོ་འདྲ་བོ་ཞིག་གིས་རྟགས་བསལ་མང་དུ་བཏང་ཡང་སྐད་གདང་ཆེ་བ་ཙམ་ལས་འབྲུ་དོན་གསལ་པོ་ཞིག་གོ་མི་ཐུབ་པ་ལྟ་བུའི་སྣང་བ་འཆར་བཞིན་པའི་སྐབས། རྭ་སྟོད་གྲྭ་ཚང་གི་མཁར་རྔའི་སྒྲ་གདངས་གསན་པ་དང་གཞི་ནས་འཁྲུལ་སྣང་ཞིག་སྟེ། ཡར་བཞེངས་ནས་མགྱོགས་པར་ཕྱིར་ལོག ཕྱི་ཉིན་འདང་ནུབ་གང་དུ་སོང་བའི་གནས་སུ་བལྟ་བར་སོང་སྐབས་གཡང་གཟར་ཧ་ཅང་ཆེ་བ་ཞིག་གི་ཁར་ཕྱག་ཕྲེང་ལུས་ཡོད་པས། གཡང་གཟར་དེའི་ཁར་འཁྲིད་ཡོད་པ་གཞི་ནས་མཁྱེན། རྒྱུན་ལྡན་མི་མ་ཡིན་འདིས་འཁྲིད་དུས་དེ་མ་ཐག་རྭ་བ་སྟོད་པའི་མཁར་རྔ་རྡུང་ན་སླར་དྲན་པ་སོས་ནས་ཕྱིར་འཁོར་ཡོང་གི་ཡོད་པ་ནི་རྒྱུན་ལྡན་གྱི་ལུགས་སྲོལ་ཡིན་སྟབས་སུས་ཀྱང་འདི་ལ་ཧ་ལས་ལས་མི་བྱེད། ཡང་དེ་སྔོན་སེ་ར་བྱེས་པའི་དགེ་བཤེས་རྒན་གྲས་ཤིག་ཞོགས་པ་མཁར་རྔ་བརྡུང་པའི་སྣང་བ་ཤར་ནས་གྲ་ཇར་སོང་བས། འདུ་ཁང་ནང་གྲྭ་པ་ཤིན་ཏུ་མང་པོ་ཚོགས་ཡོད་ནའང་ངོ་ཐག་ཆོད་པ་གཅིག་ཀྱང་མ་མཐོང༌། གྲལ་མཚམས་ཤིག་ཏུ་དམ་བཅའ་བ་སྡོད་ཡོད་པ་དེར་རྟགས་བསལ་འཕངས་ནས་རྒྱུན་རིང་རྩོད་པ་གནང་མཐར། དམ་བཅའ་བའི་འཛིན་མཚམས་ལ་ལུང་རིགས་ཀྱི་གནོད་པ་མང་དུ་སོང་ནས་དམ་བཅའ་ཤོར་བ་དང༌། ཁོས་ཟླ་གམ་ཕུད་ཙམ་བྱེད་ཞོར་གཟབ་ནན་གྱིས་ལན་བཏབ། དགེ་བཤེས་དེས་དམ་བཅའ་བའི་བོང་མགོ་མཐོང་མ་ཐག་བོང་གུ་བསམ་གཏན་ཡིན་པར་ཤེས་ནས་འཁོར་གསུམ་ཞིག་བསྐོར་ཏེ་ཕྱིར་ལོག་དུས་ནམ་ཕྱེད་ཏག་ཏག་ཟིན་ཚུལ་ངག་སྒྲོས་སུ་གྲགས། ཡང་ད་ཆར་དྲན་པའི་ངོས་སུ་ཡོད་པ་ཞིག་ནི། འཇང་དགུན་ཆོས་ཀྱི་སྐབས་ཤིག་འབྲས་སྤུངས་བློ་གསལ་གླིང་གི་མཁས་པ་མི་ཉག་བློ་བཟང་དང་ད་ལྟ་འཚོ་ཞིང་བཞུགས་པ་འདན་མ་བློ་ཆོས་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་པ་ཁོང་གཉིས་དམ་བཅར་འཁེལ་བར། སོྔན་ནས་ཆེད་དུ་མངགས་ནས་མ་བསྒྲིགས་ཀྱང་སྲོལ་རྒྱུན་ལྟ་བུར། བློ་གསལ་གླིང་དང་སེ་ར་བྱེས་ཕན་ཚུན་རྩོད་ལན་དང། དེ་བཞིན་སེར་སྨད་དང། བྱང་རྩེ། ཤར་རྩེ་དང། སྒོ་མང། ཕན་ཚུན་རྩོས་ལན་ཀྱི་སྲོལ་ཡོད་པ་ལྟར། དེ་ནུབ་སེར་བྱེས་པས་རྟགས་བསལ་བཙུགས་བློ་གླིང་དང་སེར་བྱེས་གཏུགས་པའི་སྐབས་རྒྱུན་ལྡན་དང་མི་འདྲ་བར་ཟང་ཟིང་ཤིན་ཏུ་ཆེ་བ་དེ་ཉིད་གྲྭ་ཚང་གཉིས་ཀྱི་གྲྭ་རྒྱུན་ཚོས་གྲྭ་ཚང་འདི་གཉིས་པོ་དཔེ་ཆ་ཡག་པོ་མང་བའི་རྒྱུ་མཚན་དུ་བགྲངས་མོད། དོན་དུ་གྲྭ་རྒྱུན་མང་བ་དང་གྲྭ་ཚང་ཆེ་བས་ཕན་ཚུན་འགྲན་རྩོད་ཙམ་ལས། གདན་ས་གསུམ་གྱི་གྲྭ་ཚང་དྲུག་ཀ་ཕྱག་དཔེ་ཡག་པོ་མང་ཉུང་གཅིག་མཚུངས་མ་གཏོགས་ཁྱད་པ་གང་ཡང་མེད་པ་དེ་ང་རང་གྲྭ་སར་སླེབས་རྗེས་གཞི་ནས་ཤེས་བྱུང༌།དམ་བཅའ་བ་གཉིས་གོ་རྒྱ་དང་རིགས་ལམ་ཤིན་ཏུ་བཟང་བས་གནད་ལ་འབིགས་པའི་བགྲོ་གླེང་མ་ཐུབ་པས་རྟགས་བསལ་ཆད་རྒྱུའི་འགག་ལ་ཐུག་པ་དང༌། མི་ཉག་བློ་བཟང་གིས་དམ་བཅའི་ནང་གཟིགས་ཏེ། ཏྲེ་ཧོར་སྐལ་ལོ་མི་འདུག་གམ་ཡར་བཞེངས་ཤོག ཅེས་ཡང་ཡང་གསུངས་པ་དང༌། ཁོང་གཉིས་རྒྱུན་ལྡན་འཇང་དགུན་ཆོས་སྐབས་རྩོད་ཟླའི་ནང་ཚགས་ཀྱི་ཆོས་གྲོགས། མཁས་པ་མཁས་པས་ཤེས་ནུས་ཀྱི།།བླུན་པོས་མཁས་པ་ཇི་ལྟར་གོ། ཞེས་པ་ལྟར། ཕན་ཚུན་གཅིག་ལས་གཅིག་གིས་བློ་གྲོས་ཟབ་པ་རྒྱུས་ཡོད་ཡིན་སྟབས་ཞལ་ཤོབས་ཀྱིས་ཚུལ་དུ་གསུངས། དེ་ནུབ་དགེ་རྒན་སྐལ་ལོ་རྟགས་བསལ་གཏོང་མཁན་ལངས་རྩིས་མེད་པས། གྲ་སྒྲིག་ཨང་གསར་མེད་བཞིན་དུ་ཚོགས་སུ་བཞེངས་དགོས་བྱུང༌། ད་རེས་ཡིན་ན་དགེ་ལགས་ཀྱིས་སྔོ་ལོ་འཕྱར་སོང༌། རྟགས་བསལ་ཀྱི་འགག་འདི་འདྲ་དོགས་པོ་ཞིག་ཏུ་འཁེལ་བས། རིགས་པ་གསར་པ་གཏོང་རྒྱུ་ཅི་ཡོད་དགོངས་ནས་བསྡད་སྐབས། དགེ་སྐལ་ལོ་ལགས་ཀྱིས་དེའི་སྔོན་གྱི་འཛིན་མཚམས་ཚིག་འབྲུ་ཆུང་ཆུང་ཞིག་ལ་འཇུས་ནས་ཆུ་ཚོད་སྐར་ཆ་བཅུ་ཙམ་རིང་ལ་རྟགས་བསལ་བཏང་བས་མཁས་པ་ཆེན་པོ་དེས་དམ་བཅའ་རང་དབང་མེད་པར་ཤོར་བ་དང་བསྟུན། ཏྲེ་ཧོར་སྐལ་ལོ་འདིར་ཡོད་དོ་ཞེས་ཞལ་ཤོབས་དང་རྩེད་མོ་གསུང་གིན་མར་བཞུགས་སོང༌། ཞེས་དང༌། ཡང་གྲྭ་སའི་བསྡུས་གྲྭའི་རིགས་ལམ་ཡག་ཤོས་ཚོ་ཕར་ཟད། དགེ་བཤེས་ང་ཡིན་ཟེར་མཁན་ཞིག་ཡིན་ནའང་བསྡུས་གྲྭ་རྩོད་དགོས་བྱུང་ན་སྟག་ཚང་རྭ་བ་སྟོད་པའི་བསྡུས་ཆུང་པ་ཞིག་གི་ཁ་བཏད་འཇལ་རྒྱུ་ཁག་པོ་ཡིན། དེ་སྔོན་འཇང་དགུན་ཆོས་འགྲིམས་སྐབས་ཤིག་ལ། རྭ་བ་སྟོད་པའི་ཕྲུ་གུ་གཉིས་ཁ་རྩེས་པས་ཁོང་གཉིས་ཀྱིས་བསྡུས་གྲྭ་ཁྱབ་མཐའ་ཆུ་རྒྱུག་རྒྱུག་ཞིག་བཏང་བྱུང་བ་ལ་ལན་ཇི་འདྲ་ཞིག་བཏབ་ནའང་དམ་བཅའ་བཟུང་ཐབས་བྲལ་བ་ཞིག་བྱུང༌། འཇམ་པའི་དབྱངས་དང་རྔོག་ལོ་ཆེན་པོའི་ཐུགས་བསྐྱེད་སྨོན་ལམ་དང་བྱིན་རླབས་ཡིན་པ་འདྲ། བཤད་སྲོལ་ལ་རྭ་བ་སྟོད་པ་ཁོ་ཚོ་ལ་ཐུན་མོང་མ་ཡིན་པའི་བསྡུས་གྲྭ་བསླབ་སྟངས་ཤིག་ཡོད་པ་རེད། དེ་གདན་ས་གཞན་དག་ལ་གསང་བ་བྱས་ནས་བསླབ་སྲོལ་མེད་པ་རེད། ཅེས་ཟེར་སྲོལ་ཡོད་ཀྱང་བདེན་པ་ཡིན་མིན་མི་ཤེས་གསུངས། མདོར་ན་འཇང་དགུན་ཆོས་མི་ལོ་བདུན་གྱི་རིང་ལ་འགྲིམ་པ་དེའི་རིང་མཚན་ཕུད་དམ་བཅའ་ཆེན་མོ་བཞག་མྱོང་མེད་ཀྱང༌། མཆོད་བརྗོད་ནས་བཟུང་རིག་བྱེད་བར་ཐང་ཤིང་དམ་བཅའ་ཆ་ཚང་བཞུགས་ཤིང༌། འགལ་བ་མ་ངེས་མ་གྲུབ་གསུམ་གྱི་སྐྱོན་ཆས་མ་གོས་པར། ས་པཎ་གྱིས། ལན་ནི་རྣམ་པར་གསུམ་དུ་འདེབས། ཞེས་གསུངས་པ་དང་མཐུན་པ། ཁྱབ་དང་མ་ཁྱབ་གྲུབ་དང་མ་གྲུབ། འདོད་དང་མི་འདོད་ཀྱི་ལན་ཁོ་ན་ལས་ཁྱིམ་པའི་རྩོད་པ་ལྟ་བུའི་ཅ་ཅོ་མི་གནང་བར་མཛིན་མཚམས་ཀྱི་རྒྱབ་ལྗོངས་བརྟན་པ་དང༌། གལ་ཏེ་ཁས་ལེན་ཤོར་ནའང་ངན་གཡོས་དམ་བཅའ་ཁ་བསྒྱུར་བ་ལྟ་བུ་ནམ་ཡང་མི་གནང་བ། རྩོད་ཟླ་དང་དམ་བཅའ་ལ་རྟགས་བསལ་གཏོང་པའི་སྐབས་ཀྱང༌། རྟགས་མེད་པར་དཔའ་བོ་ལག་ལྡུམ་ལྟ་བུ་དང༌། བསལ་བ་མེད་པར་རྨ་བྱ་དུག་འཇོམས་ལྟ་བུ། ང་རོ་མི་བཟོད་པ་ཤ་ཟས་ཐེབས་པ་ལྟ་བུའི་རྩོད་སྲོལ་ངན་པ་དེ་རིགས་མི་མཛད་སྟབས་གདན་ས་གཞན་ནས་འཇང་དགུན་ཆོས་འགྲིམ་མཁན་ཚོས་ཀྱང་ཕྱག་དཔེ་ཡག་པོ་དང་གྲྭ་པ་ཉམ་ཆུང་གི་དཔེ་མཚོན་བྱེད་ཚུལ་ཡང་གྲགས་ཆེ་བ་དོན་ལ་གནས་པར་སེམས་ཏེ། དུས་ཕྱིས་བྱེས་སུ་གནང་བའི་ཞལ་གདམས་སྒྲ་ཕབ་དགེ་ལེགས་འདྲེན་པའི་ཕོ་ཉ་ལས་ཀྱང༌། ཁྱོད་རང་ཚོ་འཇང་དགུན་ཆོས་ལ་ཕེབས་ཀྱི་ཡོད་པ་རེད། སྤྱིར་ན་འཇང་དགུན་ཆོས་ཟེར་བ་དེ་བོད་ཡུལ་གྱི་ས་ཆ་ཞིག་དང་འབྲེལ་བའི་མིང་རེད། གང་འདྲ་རེད་ཟེར་ན། འཇང་ཞེས་པའི་ས་ཆ་ལ་དགུན་ཆོས་ཚོགས་པའི་རྒྱུ་མཚན་དེ་ལ་བརྟེན་ནས་འཇང་དགུན་ཆོས་ཞེས་གྲགས་པ་རེད། རྒྱ་གར་ལ་ནི་སེར་འབྲས་དགའ་གསུམ་དུ་ལོ་རེ་ལ་རེས་འཇོག་བྱས་ཏེ་རྣམ་འགྲེལ་རྩོད་ཀྱི་ཡོད་པ་རེད། དེའི་ཚེ་རྩོད་པ་ཡག་ཐག་ཆོད་རྩོད་པ་ལས་ཐ་ཤལ་བ་ང་རྒྱལ་ཕྲག་དོག་འགྲན་སེམས་དང༌། ཁ་རྡུང་ཚིག་རྡུང༌། ཁྱོད་དང་ང༌། ཁྱོད་ཚོ་དང་ང་ཚོ། གྲྭ་ས་ཕན་ཚུན་ཕྱོགས་རིས་ཀྱི་སྐད་ཆ་འདྲ་མི་འདྲ་བཤད་ན་གཏན་ནས་རུང་གི་མ་རེད། དེ་འདྲའི་རྩོད་པ་བྱས་ནས་ག་འདྲ་ཆགས་ས་རེད། ཡ་དེ་ཐར་ལམ་གསལ་བྱེད་ནང་འདུག་གམ། ངས་དེ་འདྲ་ཞིག་ཡོད་ཤར་གྱི་མི་འདུག ང་རང་ཡང་ལོ་བརྒྱད་ཙམ་ལ་འཇང་དགུན་ཆོས་འགྲོ་མྱོང་དེ་དུས་མི་འདུག ད་ཕྱིས་སུ་དེ་འདྲ་ཡོད་པ་ཨེ་རེད། དེ་འདྲ་མ་བྱེད། ཐུགས་རྗེས་གཟིགས། རྩོད་པ་བྱེད་ན་རྣམ་འགྲེལ་རྩ་བ་བློ་ལ་འཛིན་ཐོག་འགྲེལ་བ་ཐར་ལམ་གསལ་བྱེད་ཚད་མ་སྡེ་བདུན་སོགས་རྩ་འགྲེལ་ས་བཅད་གོ་རིམ་མ་ནོར་བ། རྩ་བ་འདི་དང་ཚིག་འགྲེལ་འདི། དོན་སྦྱོར་འདི་ཞེས་ས་བཅད་གོ་རིམ་བསྒྲིགས་ཏེ་རིགས་པའི་འགྲོས་དང་བསྟུན་ནས་རྩོད་རོགས་ཞུ་རྒྱུ་དེ་ཡིན། ཁྱོད་རང་ཚོས་ཁ་རྡུང་ཚིག་རྡུང་ཅུང་ཟད་རེ་གཏོང་ཞིང་ཨེ་ཡོད་སྙམ་པའི་དོགས་པ་ཡོད། གཏོང་གི་ཡོད་ན་དེ་ནི་གཏན་ནས་རུང་གི་མ་རེད། འཇང་དགུན་ཆོས་ཚོགས་པའི་དོན་རེད། དགོས་པ་ཅི་འདུག་ཐུགས་བསམ་ཐོང་དང༌། བདག་ནི་དབང་པོ་བརྟུལ་པོ་རེད། ཅི་གང་ཤེས་ཀྱི་མི་འདུག་སྟེ་གདན་ས་ཕན་ཚུན་ཐུཊ་མཐུན་ཁྲིམས་གཙང་ཡོང་བའི་ཆེད་དུ་ཨེ་ཡིན་དྲན་གྱི་ཡོད། དེ་མིན་ཁྱོད་དང་ང༌། ཁྱོད་ཚོ་དང་ང་ཚོ་བཤད་པའི་ཆེད་དུ་གཏན་ནས་ཡིན་རྒྱུ་མ་རེད། གདན་ས་སོ་སོ་ནས་དགེ་ཕྲུག་གཅིག་པ་རྣམས་མཉམ་འཛོམས་སྐབས་རྩོད་པ་ཡག་པོ་གྱིས། དགེ་ཕྲུག་མིན་ཡང་ཁ་ངན་ཚིག་ངན་བྱེད་ཉན་གྱི་མ་རེད་ལ་ལྷག་པར་དུ་ཡང་དགེ་ཕྲུག་ནང་ཕན་ཚུན་ལ་གཏན་ནས་ཉན་གྱི་མ་རེད། སེར་འབྲས་དགའ་གསུམ་དང་རྒྱུད་སྨད་སོགས་ལ་དགེ་ཕྲུག་མང་པོ་ཡོད་པ་རེད། དེ་ཚོ་ཕན་ཚུན་ཐུགས་འབྲེལ་དང་མཐུན་ལམ་ཡག་པོ་བྱེད་རོགས། འཇང་དགུན་ཆོས་ཚོགས་རྗེས་གྲྭ་ས་སོ་སོར་ཚུར་འོངས་ཏེ་རྣམ་འགྲེལ་རྩོད་ཀྱི་ཡོད་མེད་ངས་མི་ཤེས། བོད་ཀྱི་སེ་ར་ལ་ནི་འཇང་དགུན་ཆོས་ནས་ཚུན་ཕེབས་ཏེ་རྣམ་འགྲེལ་རྩོད་ཀྱི་ཡོད་པ་མ་རེད། ཡོད་ཀྱང་རུང་མེད་ཀྱང་རུང་བརྗེད་མ་བཅུག་ནས་ཡང་ཡང་ཀློགས་དང་ཕན་ཀྱི་རེད། དེ་ཚོ་ཐམས་ཅད་ཐུགས་ལ་བཞག་རོགས། ཁྱོད་ཚོ་དགེ་ཕྲུག་ལ་དཔེ་ཆ་འཁྲིད་མཁན་དག་གིས་དགེ་ཕྲུག་རྣམས་ལ་ཁ་ངན་ཚིག་ངན་དེ་འདྲ་བཤད་ཉན་གྱི་མ་རེད་ཟེར་ཏེ་བསླབ་བྱ་བྱོས་དང་ཁོ་རང་ཚོའི་སེམས་ལ་གོ་ཆ་ཞིག་བགོས་འགྲོ་ངེས་རེད། དེ་ལ་གོ་ཆ་བགོས་པའི་ཐབས་ཤེས་གང་དྲག་བྱེད་རོགས། ཡས་འདི་མས་འདི་བཤད་ནས་བསྡད་མ་སྡོད། དེ་ལས་ཐབས་ཤེས་གང་དྲག་གིས་རང་རང་གི་འདི་ཕྱི་ལེགས་ཚོགས་མ་ནོར་བ་ཞིག་དང༌། དགེ་ཕྲུག་ཚོ་ལའང་དེ་ལྟར་བྱེད་རོགས། ལྷག་པར་དུའང་དགེ་རྒན་ཚོ་ལ་ཡག་པོ་བསྟེན། དགེ་རྒན་སོགས་ཀྱི་ཁ་ལ་ཡག་པོ་ཉོན་དང་དེས་འགྲིགས་ཀྱི་རེད། ཉེ་དགའ་ཕྱོགས་རིས་ཀྱི་སྐད་ཆ་གཏན་ནས་བཤད་ཉན་གྱི་མ་རེད། ཁྱོད་རྣམ་པ་ཚོ་ལ་བདག་ལྟ་བུ་རིག་པ་ལྐུགས་པ་ཅི་ཡང་མི་ཤེས་མཁན་ཞིག་གིས་སྐད་ཆ་བཤད་དགོས་དུས་དཀའ་ལས་ཁག་པོ་འདུག་སྟེ་རང་གི་སེམས་ཀྱིས་མ་བཟོད་ནས་ཡིན། དེ་འདྲ་སོང་ཙང་དེ་ཚོ་ཐམས་ཅད་ཁྱོད་རྣམ་པའི་ཐུགས་ལ་བཞག་རོགས་གནང༌། ཞེས་གསུངས་པ་ལས་ཀྱང་དཔོག་ནུས་པས་སོ།། དགུང་ལོ་ཉེར་ལྔ་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ་༡༩༥༣གནམ་ལོ་གསར་གཞད་ཀྱི་དགའ་སྟོན་དང་ཆོ་འཕྲུལ་སྨོན་ལམ་ཆེན་མོ། ཚོགས་མཆོད་བཅས་ལ་རིམ་པར་ཞུགས་ཏེ། དགའ་ལྡན་ཁྲི་ཆེན་མི་ཉག་བཀྲ་ཤིས་སྟོང་འདུས་ལས་སྐྱེས་རབས་སོ་བཞི་པའི་གསུང་ཆོས་གསན་པས་མཚོན་རྣམ་དཀར་དགེ་བའི་ས་བོན་རྒྱ་ཆེར་བསྐྲུན་ཚུལ་ནི་གོང་གིས་རིགས་སྒྲེས། གསུང་རབ་དགོངས་འགྲེལ་བཅས་པའི་གཞུང་ལུགས་དོན།། དྲི་མེད་རིགས་པའི་མཚོན་ཆ་རྣོན་པོ་ཡིས།། དྲང་དང་ངེས་པའི་རྣམ་པར་འབྱེད་པའི་འཕྲུལ།། གཏན་ལ་ཕབ་པའི་ལེགས་བཤད་དགའ་སྟོན་མྱོང༌།། དཔེ་དང་དོན་གྱི་དགེ་འདུན་ཉི་ཤུའི་གྲངས།། བསམ་གཏན་གཟུགས་མེད་འཇུག་པའི་སྒྲུབ་པའི་ཚུལ། རྟེན་འབྲེལ་བཅུ་གཉིས་ཆ་གསུམ་འཁོར་བའི་རྒྱུན།། རྣམ་རིག་སྨྲ་བའི་ཀུན་གཞིའི་རྣམ་གཞག་བཅས།། ཟུར་བཀོལ་ལྷན་ཐབས་བཅས་པའི་གཞུང་དོན་ལ།། མང་ཐོས་ལུང་དང་རིགས་པའི་མིག་ཟུང་གིས།། ཕྲ་རགས་མ་འདྲེས་གསལ་བར་འབྱེད་པའི་རིས།། མ་སྒྲིབ་ཕྱག་གི་རི་མོ་ཇི་བཞིན་གསལ།། འདི་ནས་བཟུང་སྟེ་ས་ཕག་དུས་འགྱུར་བར།། རྔོག་གི་གདན་ས་ནེའུ་ཏོག་གི་ཚལ།། ཕྱོགས་གླང་གྲགས་པའི་ལུགས་བཟང་སྦྲང་རྩིའི་གཏེར།། གང་ཁྱོད་ར་ཡིག་གཉིས་པའི་ཟོལ་གྱིས་བཞིབས།། སྒྲུབ་དང་སུན་འབྱིན་རྟགས་ཀྱི་སྦྱོར་བ་ཡི།། རྩོད་ངག་ཞོ་འཐུང་རུས་པའི་གདེངས་ཀ་ཡིས།། སྨྲ་ངན་སྦྱིན་སྐྱེས་ཀླད་པ་འགེམས་པ་ལ།། སྨྲ་བའི་སེངྒེ་ཆོས་ཀྱི་གྲགས་པ་བཞིན།། ཟབ་བརླིང་རྒྱ་མཚོའི་ཀློང་དུ་ཆུ་བོ་དང༌།། མཐའ་བྲལ་སྟོང་པའི་མཁའ་ལ་རི་བོ་བཞིན།། གང་ཁྱོད་ཟབ་རྒྱས་ཐུགས་ཀྱི་ཀློང་ཡངས་པོར།། གོ་རིགས་ནོར་བུའི་ཟོང་གིས་ཡོངས་སུ་གཏམས།། ཐོས་སྟོབས་ཞི་ཞིང་དུལ་པའི་སྤྱོད་པ་དང༌།། སྒོམ་སྟོབས་ཉོན་མོངས་ཆུང་བའི་རྟོགས་པ་གཉིས།། ཟུང་འབྲེལ་རྣམ་ཐར་གཙང་མའི་མེ་ལོང་གིས།། སྐལ་བཟང་དང་བ་འདྲེན་པའི་མིག་རྒྱན་འཛིན།། གཤོག་དྲུག་གཤོག་པའི་འགྲོས་ཀྱིས་མ་དྲོས་མཚོ།། འདབ་ལྡན་འདབ་མའི་ཤུགས་ཀྱིས་ཀུན་གསལ་ལམ།། གཞལ་ཡང་གཞལ་ནུས་མིན་པས་གང་ཁྱོད་ཀྱི།། གསང་གསུམ་གསང་བའི་རྣམ་ཐར་སུ་ཡིས་གཞལ།། ཞེས་པ་ཡང་མཚོ་བྱུང་མགྲིན་པའི་དབྱངས་དང་བསྡེབས་པའི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

༥ ཕར་ཕྱིན་གསར་རྙིང༌།

མཚན་དཔེའི་མཛེས་སྐུ་དགའ་ལྡན་དུ་བཞུགས་ཀྱང༌།། ཞེ་སྡང་མེ་དཔུང་བཅིལ་བའི་ལེགས་བཤད་ཆར།། འཛམ་གླིང་འཛིན་མའི་ཕང་པར་བཞོལ་མཛད་པའི།། བྱམས་ཆེན་སྤྲིན་གྱི་དགེ་ལེགས་གཡོ་གྱུར་ཅིག།། དེ་ལྟར་ཟུར་བཀོལ་བཞི་དང་ཀུན་གཞི་བཅས་ལ་རྩོད་སྒྲུབ་རིགས་པའི་ལམ་ནས་གསན་བསམ་གང་ལེགས་ཟིན་མཚམས། བོད་ཟླ་དྲུག་པའི་ཚེས་བཞིའི་དུས་བཟང་ཉིན། ཟུར་བཀོལ་གསར་རྙིང་གཅིག་ཏུ་བསྒྲིལ་བའི་ཕར་ཕྱིན་འཛིན་གྲྭ་ལ་འཕོས། འདི་ནས་བཟུང་ལོ་ཕྱི་མའི་སྟོན་ཆོས་གསུམ་པའི་མཇུག་གི་བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་བར་ལ། མངོན་རྟོགས་རྒྱན་སྐབས་གཉིས་པ་ནས་བརྒྱད་པའི་བར་གྱི་གཞུང་དོན་ལ་བསླབ་པར་མཛད་ཅིང༌། དེ་ཡང་སྐབས་གཉིས་པ་ཆེད་དུ་བྱ་བ་རྣམ་མཁྱེན་ཐོབ་བྱེད་ཀྱི་ཐབས་ལམ་ཤེས་ཀྱི་ཡན་ལག་ལྔ༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ཤེས་པའི་ལམ་ཤེས། ཐེག་ཆེན་མཐོང་ལམ་གྱིས་བསྡུས་པ་གསུམ། དེའི་སྒོམ་ལམ་གྱི་བྱེད་པ་དྲུག །ཐེག་ཆེན་མོས་སྒོམ་ལམ་ལ་རྩ་བ་ཡན་ལག་ཉིང་ལག་གིས་གསུམ་ནས་ཉེར་བདུན། མོས་སྒོམ་ཕན་ཡོན་ལ་བསྟོད་བཀུར་བསྔགས་གསུམ་གྱིས་དགུ་ཚན་དགུ། བསྔོ་བ་ཡི་རང་སྒྲུབ་པ་རྣམ་དག་བཅས་ཀྱི་སྒོམ་ལམ་ཉེར་བརྒྱད། གོང་སྨོས་རྣམས་ཀྱི་ས་མཚམས་སོགས། མདོར་ན་ལམ་ཤེས་ཀྱི་རྒྱུ་ངོ་བོ་འབྲས་བུ་གསུམ་པོ་གང་རུང་གིས་བསྡུས་པའི་ལམ་ཤེས་རྫོགས་བྱེད་ཀྱི་ཆ་ཤས་སུ་གྱུར་པའི་ཐེག་ཆེན་རིགས་སད་ཀྱི་ཡོན་ཏན་ཁྱད་པར་ཅན་ལ་དད་འདུན་གྱིས་ཐོས་བསམ་གནད་དུ་སྨན་པའི་རྩོད་པ་གནང༌། དེ་ནས་སྐབས་གསུམ་པ་ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་དང༌། སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས། འབྲས་ཡུམ་ལ་ཉེ་རིང་གི་གཞི་ཤེས་སམ། འདིར་བསྟན་བྱང་སེམས་ཀྱི་སྦྱོར་བ་བཅུ། འདིར་བསྟན་བྱང་སེམས་ཀྱི་སྦྱོར་བའི་མཉམ་ཉིད་བཞི། གཞི་ཤེས་ཀྱི་སྐབས་ནས་བསྟན་པའི་འདའ་བྱ་དང་འདའ་བྱེད་ཀྱི་མཐོང་ལམ་དེ་རྣམས་སོ་སོའི་ས་མཚམས་བཅས་ལ་ཐོས་བརྩོན་བཤད་རྩོད་ཞིབ་ཏུ་གནང༌། དེ་ནས་ཕར་ཕྱིན་གྱི་གཞུང་ཆེ་བ་སྐབས་བཞི་པའི་སྦྱང་བྱའི་རིམ་པ། མཁྱེན་གསུམ་གྱི་རྣམ་པ་མདོར་བསྟན། དྲན་པ་ཉེར་བཞག་བཞི་ནས་འཕགས་ལམ་ཡན་ལག་བརྒྱད་བར་གྱི་བྱང་ཕྱོགས་སོ་བདུན། གཉེན་པོའི་ལམ་གསུམ་མམ་རྣམ་ཐར་སྒོ་གསུམ། སྤྲུལ་ལམ་གསུམ་སོགས་རྣམ་ཐར་བརྒྱད། མཐར་གནས་སྙོམས་འཇུག་གམ་འཇིག་རྟེན་ལས་འདས་པའི་ལམ་དགུ་སྤོང་ལམ་རིགས་འདྲ་ཕྱི་མ་བཞི། ཕར་ཕྱིན་བཅུ། སྟོགས་བཅུ་སོགས་ཐུན་མོང་མིན་པའི་རྣམ་མཁྱེན་གྱི་ཤེས་རྣམ་སོགས་དགུ། འབྲས་བུ་མཐར་ཐུག་རྣམ་མཁྱེན་གྱི་ཤེས་རྣམ་གསུམ། སྤང་བྱ་བདེན་འཛིན་གྱི་གཉེན་པོ་སྟོང་ཉིད་རྟོགས་པའི་སྦྱོར་བ་ཉི་ཤུ། བདུད་ཀྱི་མཐུ་བཅོམ་པ་སོགས་ཐེག་ཆེན་སྦྱོར་བའི་ཡོན་ཏན་བཅུ་བཞི། འགལ་རྐྱེན་རང་ལ་བརྟེན་པ་སོགས་ཐེག་ཆེན་སྦྱོར་བའི་སྐྱོན་ཞེ་དྲུག །ལམ་ཤེར་ཕྱིན་གྱི་ཤེས་མཚན་ཞེ་བརྒྱད། ཁྱད་མཚན་བཅུ་དྲུག །འདིར་བསྟན་ཐར་པ་ཆ་མཐུན་ལྔ༌། ངེས་བྱེད་ཆ་མཐུན་བཞི། མཐོང་སྒོམ་སྦྱོར་གསུམ་གྱི་ཕྱིར་མི་ལྡོག་པའི་རྟགས་ཞེ་བཞི། གསེར་འཕྲེང་ནས་བཤད་པ་ལྟར་གྱི་འཕྲོས་དོན་དབང་པོ་ཉེར་གཉིས་ཀྱི་རྣམ་གཞག །དེ་ལ་ཉན་ཐོས་སྡེ་གཉིས་ཐེག་ཆེན་པ་དང་བཅས་པའི་འདོད་ཚུལ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། ཞིང་དག་སྦྱོར་བ། ཐབས་མཁས་སྦྱོར་བ། བདུད་བཞི་ངོས་བཟུང་ནས་ཇི་ལྟར་བཅོམ་ཚུལ། མདོར་བསྡུས་ན། སྐབས་འདིར་ཆོས་བཅུ་གཅིག་གིས་མཚོན་པའི་བསྒོམ་བྱ་རྣམ་རྫོགས་སྦྱོར་བའི་ངོ་བོ་ངོས་བཟུང་ནས། སྒོམ་པ་པོས་ཇི་ལྟར་སྒོམ་ཚུལ་དང༌། དེ་ཡང་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན། ལམ་ཤེས་ཀྱི་རྣམ་པ་སོ་དྲུག །རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་སྟེ། མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཞི་ལྷག་ཟུང་མེལ་གྱི་སྦྱོར་བའི་ཡུལ་དུ་བསྡུས་ནས་གོམས་པ་དབང་དུ་བྱེད་པའི་རྒྱུ་རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པའི་རིམ་པ་ལ་ལུང་རིགས་ཟུང་འབྲེལ་གྱིས་བརྒལ་བརྟགས་རྒྱ་ཆེར་མཛད་དེ་གཞུང་དོན་དངོས་ཀྱི་གོ་བ་དཀྱིས་ཕྱིན་པ་ཐུགས་ངོར་འཆར། དེ་ནས་སྐབས་ལྔ་པ་དྲོད་རྩེ་སྦྱོར་ཆུང་འབྲིང་ཆེ་གསུམ་དང༌། རྩེ་མོའི་རྩེ་སྦྱོར་གསུམ། བཟོད་པའི་རྩེ་སྦྱོར་གསུམ། ཆོས་མཆོག་རྩེ་སྦྱོར་གསུམ། མཐོང་ལམ་རྩེ་སྦྱོར་མཉམ་རྗེས་གཉིས། སྒོམ་ལམ་རྩེ་སྦྱོར་སྐོར་དགུ། འགོག་སྙོམས་སྤེལ་ཚུལ་ཉན་རང་གི་སྦྱོར་བ་དང་བཅས་པ། བར་ཆད་མེད་པའི་རྩེ་སྦྱོར། འདིར་བསྟན་གསལ་བྱ་ལོག་སྒྲུབ་བཅུ་དྲུག་སྟེ། མདོར་ན་དབང་ཐོབ་པའི་འབྲས་བུ་རྩེ་སྦྱོར་རྣམས་ལ་རྩོད་པ་གནང༌། དེ་ནས་སྐབས་དྲུག་པ་སྦྱིན་སོགས་ཕར་ཕྱིན་དྲུག་སོ་སོར་སྦྱར་བའི་མཐར་གྱིས་སྦྱོར་བ་དྲུག་དང༌། མཆོག་གསུམ་ལ་སྦྱར་བའི་མཐར་གྱིས་སྦྱོར་བ་གསུམ། མི་མཐུན་ཕྱོགས་ལྡོག་གི་ཚུལ་ཁྲིམས་རྗེས་དྲན། དགེ་བའི་གཏོང་བ་རྗེས་དྲན། དབང་པོ་རྗེས་དྲན། དངོས་མེད་ངོ་བོ་ཉིད་མེད་རྟོགས་པ་སྟེ། དེ་དག་ལ་བརྟན་པ་ཐོབ་པའི་ཕྱིར་སྒོམ་པ་རྒྱུ་མཐར་གྱིས་སྦྱོར་བ་བཅུ་གསུམ་ལ་བཤད་རྩོད་གནང༌། དེ་ནས་སྐབས་བདུན་པ་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་དང༌། རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ། མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་སྟེ། འདིར་བརྟན་པ་ཐོབ་པའི་འབྲས་བུ་སྐད་ཅིག་མའི་སྦྱོར་བ་བཞིའི་རྣམ་གཞག་ལ་བཤད་རྩོད་གནང༌། དེ་ནས་སྐབས་བརྒྱད་པ་འཕགས་སེང་གཉིས་ཀྱི་བཞེད་ཚུལ་མ་འདྲེས་པར་སྐུ་བཞི་བཤད་པ་དང་དེའི་གྲངས་ངེས། ངོ་བོ་ཉིད་སྐུ་གཉིས། ཡེ་ཤེས་ཆོས་སྐུ་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག །དེའང་བརྒྱ་དང་ཞེ་དྲུག་དུ་དབྱེ་ཚུལ། སྐུ་མཚན་དཔེའི་གསལ་རྫོགས་སོགས་ངེས་པ་ལྔ་ལྡན་གྱི་ལོངས་སྐུ། བཟོ་བོ་སྤྲུལ་སྐུ་སོགས་ངེས་པ་ལྔ་དང་མི་ལྡན་པའི་སྤྲུལ་སྐུ་གསུམ། ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ཉེར་བདུན་སོགས། འབྲས་བུ་སྐུ་གསུམ་གྱི་རྣམ་གཞག་མཛད་པ་འཕྲིན་ལས་དང་བཅས་པའི་བར་ཏེ། མདོར་ན་ཕར་ཕྱིན་འཛིན་གྲྭ་འདིར་ལོ་གཅིག་གི་རིང་ལ་དངོས་པོ་བརྒྱད་ཀྱི་རིམ་པ་རྣམས་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་ལེགས་པར་གཏན་ལ་འབེབས་པའི་བོགས་འདོན་རྩོད་པ་ཕུལ་ཕྱིན་གནང༌། རྗེ་འདི་ཉིད་གདན་སར་སློབ་གཉེར་མཛད་པའི་སྐབས་འཚོ་ཆས་ཤིན་ཏུ་བཀྲེན་པས་སྐབས་འགར་རྩམ་པ་ཡོངས་སུ་རྫོགས་ནས་ཅི་བྱར་མེད་པར་གྱུར་པ་དང༌། རྒྱུན་ལྡན་ཆུ་བན་ནང་རྩམ་པ་ཕོར་བ་གང་ཙམ་རེ་བླུགས་ནས་དཀྲུག་དཀྲུག་བཏང་སྟེ་དེ་ཉིད་བཏུང་ནས་འཚོ་ཙམ་མ་གཏོགས། གསོལ་ཆས་གྲ་རྒྱས་དེ་འདྲ་གྲྭ་སར་སྡོད་རིང་གཅིག་ཀྱང་བྱེད་མ་མྱོང༌། གྲྭ་སར་ལོ་བཅུ་གྲངས་སྡོད་རིང་མོག་མོག་ཟེར་པ་ཐེངས་གཅིག་ཀྱང་བཟོ་མ་མྱོང་གསུངས། སྐབས་འགར་ཕྱི་ལ་དཔེ་ཆ་སྐྱོར་སྐབས་རླུང་གིས་རེངས་གྲབས་བྱེད་པ་དེ་འདྲ་ཡང་བྱུང་འདུག་མོད། དེ་ནི་རྗེ་བླ་མ་འདི་ཉིད་གཅིག་པུ་མ་ཡིན་པར་གདན་སའི་གྲྭ་རྐྱང་དཔེ་ཆ་བ་ཀུན་ཀྱང་འཚོ་བའི་གནས་བབ་དེ་ག་རང་དུ་བཤད་དེ། དེ་སྔོན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་དབང་ཕྱུག་ཀྱང་ཧ་ཅང་བཀྲེན་པའི་རྣམ་ཐར་མང་ཞིང༌། འབྲས་སྤུངས་ཏྲེ་ཧོར་སྐྱོར་དཔོན་དང༌། བསྟན་པའི་གསལ་བྱེད་འབྲས་སྤུངས་ཏྲེ་ཧོར་མཁན་ཟུར་བློ་བཟང་ཉི་མ། སེ་ར་ཇ་རྩེ་སོགས་སྐབས་དེའི་མཁས་པ་ཕལ་ཆེ་བ་ཟས་གོས་གནས་མལ་ལ་གྱོང་གུད་སྤྲོད་ནས་མཁས་པ་དང་གྲུབ་པའི་གོ་འཕངས་མཐོན་པོ་བརྙེས་པ་མ་གཏོགས། དེང་སང་ནང་བཞིན་འབྲས་དང་བག་ལེབ། མོག་མོག་དང་ཤ་ཚལ། བྱ་ཤ་དང་ཉ་ཤ་སོགས་ཟོས་དྲགས་ནས་གྲོད་ཁོག་ལུག་པ་དང༌། མིས་ཟ་མ་ཐུབ་པར་མ་ཟད་དགོན་གསེབ་ཀྱི་ཁྱི་ལྡོམ་ཚོ་ཡང་སྤུ་རིས་འགྲོ་བའི་བསོད་ནམས་ཀྱི་འབྲས་བུ་འཚོ་བའི་ཐོག་སྨིན་པ་དེ་འདྲ་མིན་པར་སེམས། དགུང་ལོ་ཉེར་དྲུག་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་༡༩༥༤གནམ་ལོ་གསར་པའི་དགའ་སྟོན་ཚར་ནས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་ཕེབས། དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཐུབ་བསྟན་ཀུན་དགའ་དཔལ་བཟང་པོ་མཆོག་ལས་སྐྱེས་རབས་སོ་བཞི་པ་སོགས་ཀྱི་ཆོས་བཀའ་གསན། བྲག་གཡབ་སྐྱབས་མགོན་རིནཔོ་ཆེས་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་སྨོན་ལམ་ཚོགས་མགོན་དུ་གདན་འདྲེན་ཞུས་པ་ལྟར་སྨོན་ལམ་ཆེན་མོའི་ཚོགས་ཕེབས་སྐབས་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་ཐོབ་པར་མ་ཟད། སྨོན་ལམ་ཚེས་བཅོ་ལྔ་་ཉིན་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་མཁན་སློབ་སྦྲགས་མ་དང༌། དགའ་ལྡན་ཁྲི་ཆེན་ཐུབ་བསྟན་ཀུན་དགའ་མཆོག་གིས་དུས་བསྒོ་བ། སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་གསང་སྟོན་སློབ་དཔོན། དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མི་ཉག་བཀྲ་ཤིས་སྟོང་འདུས་དང༌། བྱང་རྩེ་ཆོས་རྗེ། མཚན་ཞབས་རྣམ་པ་བཅས་ཀྱིས་ལས་ཀྱིས་ཁ་སྐོང་མཛད་དེ་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས་པའི་བཀྲ་ཤིས་དགའ་སྟོན་གྱི་མཛད་སྒོ་ལ་མཚན་དཔེའི་མཛེས་སྐུ་སླར་ཡང་མཇལ་བའི་སྐལ་བཟང་ཐོབ། ལོ་དེའི་བོད་ཟླ་བདུན་པའི་ནང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་དབང་ཕྱུག་ཉིད་གོང་ས་མཆོག་གིས་སེར་བྱེས་མཁན་པོར་བཀའ་བསྒྱུར་ཕྱག་རྟགས་གནང་དོན་བཞིན་མདོ་ཁམས་དཀར་མཛེས་ཁུལ་ནས་དབུས་སུ་ཕེབས་ཏེ། བོད་ཟླ་བརྒྱད་པའི་ཚེས་གསུམ་ཉིན་སེ་རར་ཕེབས་པར་ཕེབས་བསུ་དང༌། ཚེས་བཅུ་ཉིན་ཀུན་མཁྱེན་བློ་གྲོས་རིན་ཆེན་སེངྒེའི་གདན་སར་མཁན་པོ་ཁྲི་སྟོན་མངའ་གསོལ་གནང་བ་བཅས་ལ་ཞབས་ཞུ་ཧུར་ཐག་ཞུས། དེ་ནས་བཟུང་ས་ཕག་དུས་འགྱུར་མ་བྱུང་གི་བར་དུ་རྗེ་དམ་པ་དེ་ཉིད་ཀྱི་དྲུང་ནས་ཀྱང་གཞུང་ཆེན་ཁག་གི་དཔེ་འཁྲིད་ཞུས། སྐབས་ཤིག་དགེ་ཕྲུག་ཅིག་གིས་ཚོགས་ལངས་བསྒྲིགས་མ་གནང་དགོས་ཀྱི་ཞུ་བ་འབུལ་དོན་བཞིན་ཕར་ཕྱིན་གཞུང་ཚན་ཞིག་གི་ཐོག་ནས་ལུང་རིགས་ཀྱི་སྤྲོས་པ་ཤིན་ཏུ་རྒྱས་པའི་ཚོགས་ལངས་སྒྲིགས་མ་ཞིག་བཟོས་པ་དེ་ཉིད་ཡིག་ཐོག་ཕབ་མཁན་གཞན་མ་རྙེད་སྟབས་དགེ་རྒན་དམ་པ་རང་ཉིད་ཀྱིས་ཐོག་མར་སམ་ཊའི་ཐོག་བྲིས། དེ་རྗེས་ཤོག་ཐོག་ཏུ་ཕབ་པས་དེ་ནས་བཟུང་དབུ་ཅན་ཡིག་གཟུགས་འབྲི་ཤེས་ཙམ་བྱུང་ཞེས་གསུངས། དུས་ཕྱིས་ང་རང་དགེ་རྒན་དམ་པའི་འཁྲིས་སུ་བསྡད་པའི་སྐབས་དབུ་མེད་འཁྱུགས་རིས་དེ་ཙམ་མི་མཁྱེན་ཡང་དབུ་ཅན་ཕྱག་བྲིས་གྲ་མཉམ་ཞིང་བཀོད་པ་མཛེས་པར་མ་ཟད་བརྡ་སྤྲོད་དང་ཚིག་རྒྱན། སྡེབ་སྦྱོར་བཅས་ལའང་དམིགས་བསལ་གྱིས་བསླབ་མྱོང་མེད་ནའང་སྐྱེས་སྟོབས་ཀྱི་ཤེས་རབ་ལྟ་བུས་ཕྱག་བྲིས་གང་ཞིག་གནང་ནའང་བརྗོད་བྱ་འབྲེལ་ཆགས་ཤིང་རྗོད་བྱེད་སྙན་ཆ་ལྡན་པ་ཁོ་ནར་འབྲི་བར་མཛད་དེ། ཕྱག་བྲིས་ཙམ་དུ་མ་ཟད་ལྗགས་རྩོམ་ཡང་འགའ་ཞིག་ཡོད་པ་ལ་གཟིགས་ན་མཁྱེན་ངེས་ཡིན། ཞལ་ནས་ཀྱང་ཚོགས་ལངས་བསྒྲིགས་མ་དེ་ཉིད་སམ་ཊའི་ཐོག་བྲིས་ནས་བཟུང་ཡི་གེ་འབྲི་ཤེས་ཙམ་བྱུང་ལ་ཐ་སྙད་རིག་གནས་ལ་ཆེད་མངགས་མ་བསླབ་ཀྱང༌། དཔེ་ཆ་བསླབ་པའི་ཞོར་ལ་རང་མགོ་ཐོན་ཙམ་ཞིག་ཤེས་ཀྱི་ཡོད་གསུངས་ཤིང༌། ད་དུང་ངེས་དོན་གྱི་ཆོས་པ་ཞིག་བྱེད་ན་ཡི་གེ་འབྲི་རྒྱུ་སོགས་མ་ཤེས་ནའང་ཆོག མི་ལ་བཞེད་པའི་རྡོ་རྗེའི་བྲག་ཕུག་ནང་སམ་ཊ་དང་སྨྱུ་གུ་ཡོད་རབས་མེད། ཅེས་དང༌། སྐབས་འགར་ཞལ་ཤོབས་ཀྱི་ཚུལ་དུ་བརྡ་སྤྲོད་ཐ་སྙད་རིག་གནས་ནི་གཞུང་ཆེན་པོ་བསླབ་པའི་ཁོག་པ་ནས་རང་བཞིན་གྱིས་སླེབས་ཡོང༌། དཔེར་ན་ལྷ་རིས་མཁས་པས་མེ་ཏོག་ཇི་ཙམ་སྙིང་རྗེ་བོ་འབྲི་ནའང་དོན་དངོས་ལ་མེ་ཏོག་རྫུན་མ་རེད། ས་བོན་བཏབ་ནས་སྐྱེས་པའི་མེ་ཏོག་དེ་མེ་ཏོག་དངོས་གནས་ཡིན་པ་དེ་བཞིན་དུ་གཞུང་ཆེན་པོ་ལ་ཆ་རྒྱུས་མེད་པའི་སྒོ་ནས་བརྡ་སྤྲོད་ཐ་སྙད་རིག་གནས་ལ་ཇི་ཙམ་བསླབ་ནའང་ཕུ་ཐག་ཆོད་པའི་བརྡ་སྤྲོད་དངོས་གནས་དེ་ཤེས་མི་ཐུབ། ཅེས་ཀྱང་གསུང་སྟེ་དུས་ཕྱིས་བརྟག་ཚེ་གསེར་སྲང་སྟོང་ཕྲག་གིས་མི་ཁུག་པའི་ལེགས་བཤད་དང་བསླབ་བྱ་རིམ་ཐང་བྲལ་བ་ཞིག་ཏུ་ངེས། དེ་ལྟར་ཕར་ཕྱིན་གྱི་སློབ་གཉེར་རྩོད་པ་ཐོན་ལ་ཉེ་བ་ན། གདན་ས་འདིའི་སྔར་གྱི་ཕྱག་སྲོལ་གྱི་རྒྱུན་ལ། ྋགོང་ས་སྐྱབས་མགོན་ྋརྒྱལ་བའི་དབང་པོའི་ཆོས་ཞུགས་མཚན་བཏགས་མཛད་ཆེན་སོགས་ཀྱི་སྐབས་དེའི་རྗེས་འབྲེལ་ཕར་ཕྱིན་སྟོན་མོ་འཕར་ཚུགས་ཞུ་དགོས་པ་དང༌། དེ་མིན་གྲྭ་ཚང་བྱེས་སྨད་གཉིས་ནས། ལོ་རེས་འཁོར་གྱིས་བོད་ཟླ་བཅུ་པ་ཤར་མཚམས། འཛིན་གྲྭར་ཕར་ཕྱིན་སྟོན་མོ་ཞེས་ྋགོང་ས་ཐམས་ཅད་མཁྱེན་པའི་ཞབས་པད་ཡུན་བརྟན་དང༌། དབུ་མའི་སློབ་གཉེར་མཐར་སོན་པའི་སླད་དུ་ཞབས་བརྟན་སྟོན་མོ་ཉིན་བསྟུད་ཚོགས་སྲོལ་ཡོད་པ་བཞིན། འཛིན་གྲྭའི་གྲྭ་འབོར་དང་བསྟུན་པའི་ཁང་ཚན་ཆེ་ཆུང་ཅི་རིགས་པའི་འདུ་ཁང་དུ་བསྙེན་བཀུར་ལ་རོལ་ཏེ་ཚོགས་དབུས་སུ་ཉིན་རེ་བཞིན་ཚོགས་ལངས་གནང་བ་དང༌། དེའི་རིང་འཛིན་གྲྭ་པའི་ནང་ནས་དགའ་ལྡན་ཁྲི་པ་དང༌། དགོད་བྲོ་དགེ་སྐོས་སོགས་བསྐོས་ནས་རྟེན་འབྲེལ་གྱི་ལེགས་ཉེས་དེ་དེ་བཞིན་དུ་འགྲིག་པའི་ཐུགས་སྨོན་གནད་དུ་སྨིན་པ་གནང༌། དེ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསེར་ཞལ་མཇལ་ཁར་བཅར་དགོས་པས་ཚེས་ཆ་སྙན་གསེར་དང་འབྲེལ་འཛིན་གྲྭ་པ་ལྷན་ཅིག་པར་རྩེ་ཤོད་མཇལ་ཕྱག་ཏུ་ཕེབས་ཏེ། རྩེ་པོ་ཏ་ལར་ྋགོང་ས་ཆེན་པོའི་ཞབས་བརྟན་མཇལ་ཁའི་སྐལ་བཟང་ཐོབ། ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་དང༌། སེ་རར་གླིང་བསྐོར་བསངས་གསོལ་སོགས་ཐམས་ཅད་གྲ་རྒྱས་ཕུན་སུམ་ཚོགས་པར་གནང་པའི་རྗེས། དབུ་གསར་མཚན་འཁྱོངས་དམ་བཅའ་ཡང་དབུ་ཚུགས་དགོས་པ་སོགས་གནང༌། དེ་ནས་མི་རིང་བར་འཇང་དགུན་ཆོས་ལ་ཕེབས་ཏེ་ཆོས་ཐོག་དེའི་རིང་ཕྱོགས་སྒྲ་སྐོར་ལ་གསན་བསམ་རྒྱ་ཆེར་གནང༌། ལམ་དང་གཞི་ཡི་ཤེས་པའི་རྣམ་གཞག་དང༌།། འབྲས་བུ་ཆོས་སྐུ་འཕྲིན་ལས་དང་བཅས་པ།། སྙན་གྱི་ལམ་ནས་ཐོས་པའི་སྒོར་བྱང་ཞིང༌།། རྩོད་པའི་ལམ་ནས་བསམ་པས་གཏན་ལ་ཕབ།། གང་ཞིག་རྟོགས་ན་མ་ཧཱ་པཎྜི་ཏ།། གསེར་རིའི་དབུས་ན་སྐབས་གསུམ་ལྷུན་པོ་བཞིན།། མངོན་པར་འཕགས་པ་པཱ་ར་མི་ཏའི་གཞུང༌།། མཁྱེན་རབ་སྣང་བ་དམ་པའི་འོད་ཀྱིས་འཆིངས༌།། གངས་ཅན་མཁས་པ་སྤྱི་ཡི་བཞེད་སྲོལ་དང༌།། དགེ་ལྡན་རང་ལུགས་གཙང་མའི་མཐའ་དཔྱོད་གཉིས།། ཟུང་འབྲེལ་བཀའ་སྲོལ་རྒྱུད་པའི་འཇུག་ངོགས་ལམ།། གཞལ་ལ་འཇུག་པ་བཅུ་པའི་གོམ་སྟབས་ཡངས།། རྣམ་དཔྱོད་སྤྱན་སྟོང་གཡོ་བའི་ཞགས་པ་ཡིས།། མཐའ་དག་ཆོས་བཅུ་ཅིག་ཅར་འཆིངས་བ་ན།། ལྷ་ཡི་ལམ་གྱིས་རང་གི་ཕར་མཐའ་ཡང༌།། གཞལ་བར་དོགས་ནས་ཐོགས་རེག་བཀག་མིན་ནམ།། གང་ཞིག་ཐོས་པའི་རླབས་ལྡན་འོ་མའི་མཚོ།། བསམ་པའི་རིགས་ཚུལ་སྟོང་གིས་བསྲུབས་པའིདོན།། རྩེ་གཙིག་སྒྲུབ་པའི་མར་གྱི་སྙིང་པོའི་ཁམས།། གསལ་རིག་སེམས་ཁམས་སྣུམ་པོའི་ལང་ཚོ་བརྟས།། མདོར་ན་མི་ཕམ་ཆོས་རྗེའི་ཞིང་ཁམས་མཆོག། ཡིད་དགའ་ཆོས་འཛིན་འདྲ་བའི་གདན་ས་དེར།། མཁྱེན་པ་ཡུལ་དང་སྦྱོར་བ་འབྲས་བུའི་སྐུ།། གླིང་གི་གྲངས་ལྡན་བརྩོན་པའི་ཕ་མཐར་ཕྱིན།། མི་ཕམ་རྒྱལ་བའི་དགོངས་དོན་འབྱེད་པ་ལ།། འཕགས་སེང་གཅིག་ཏུ་བསྡུས་པའི་རྣམ་དཔྱོད་ཀྱིས།། མཚོན་ནུས་མ་ཡིན་གང་གི་མཁྱེན་རབ་རྩལ།། ཕལ་གྱི་སྐྱེ་བོ་བདག་འདྲས་བརྗོད་ནུས་མིན།། ཞེས་པ་ནི་བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོ་ཤེས་རབ་ཀྱི་ཕར་རོལ་ཏུ་ཕྱིན་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་དཀའ་སྤྱད་འབད་པ་དྲག་པོས་སློབ་གཉེར་ཇི་ལྟར་བྱས་ཚུལ་ལས་བརྩམ་པའི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

༦དབུ་མ་གསར་རྙིང༌།

ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། ཆོས་དབྱིངས་བསམ་མི་ཁྱབ་པ་ས་ལེ་མམ།། སོ་སོར་རང་རིག་སྨྲ་བསམ་བརྗོད་མེད་མས།། ཕྱོགས་དུས་བདེ་གཤེགས་ཡོངས་དང་ལྷན་ཅིག་སྐྱོངས།། འཇང་དགུན་ཆོས་ནས་ཕྱིན་སླེབས་པ་དང་ཕར་ཕྱིན་འཛིན་གྲོགས་རྣམས་དང་ལྷན་གྲྭ་ཚང་མཁན་རིན་པོ་ཆེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་དབང་ཕྱུག་ལས་དབུ་མའི་བརྩི་བཞག་གསན་པ་དང་སྒོ་བསྟུན་སྨིན་དྲུག་ཟླ་བ་བཅུ་པའི་ཚེས་བཅོ་ལྔའི་ཉིན། དབུ་མ་གསར་པའི་འཛིན་གྲྭར་འཕོས་ཏེ། ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པའི་སྙིང་པོ་དབུ་མའི་ལམ་གསལ་བྱེད་ཀྱི་བསྟན་བཅོས་རྩ་བ་ཤེས་རབ་དང༌། དེའི་དགོངས་དོན་དཔལ་ལྡན་ཟླ་བས་ཐལ་འགྱུར་དུ་བཀྲལ་བའི་བསྟན་བཅོས་དབུ་མ་འཇུག་པར་ཇི་ལྟར་བཤད་པའི་སྙིང་རྗེ་གསུམ་དང༌། གཉིས་སུ་མེད་པའི་བློ་གཉིས། བྱང་ཆུབ་ཀྱི་སེམས་གཉིས་ཏེ་སོ་སྐྱེའི་ཆོས་གསུམ། བསླབ་གསུམ་ལ་སློབ་པ། ཕུང་པོ་ལྔའི་སྦྱོང་ཁྱད། ཡོན་ཏན་གྲངས་འཕེལ་གྱི་ཁྱད་པར། མཐུ་ཕུལ་བྱུང་ཐོབ་པའི་ཁྱད་པར། ཕར་ཕྱིན་བཅུ་ལྷག་པའི་ཁྱད་པར། རྣམ་སྨིན་གྱི་སྐྱེ་བ་འཛིན་པའི་ཁྱད་པར། གཉེན་པོ་ཡོངས་སྦྱོང་གི་ཁྱད་པར་ཏེ། ཐལ་འགྱུར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྒྱད། གཞན་ཡང་ཀུན་གཞིའི་རྣམ་ཤེས་མི་འདོད་པ། རང་རིག་འགོག་ལུགས་ཐུན་མོང་མ་ཡིན་པ། ཕྱི་དོན་ཡོད་པར་འདོད་པ། ཐེག་གསུམ་རང་རང་གི་འཕགས་ལམ་ཐོབ་པ་དང་བདག་མེད་གཉིས་ཅིག་ཅར་མངོན་སུམ་དུ་རྟོགས་པ། ལུགས་འདིས་སྦྱོར་ངག་ཐལ་འགྱུར་རེ་རེས་ཀྱང་གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པའི་རྗེས་དཔག་སྐྱེད་ནུས་པ། གྲུབ་མཐའ་འོག་མས་ཤེས་སྒྲིབ་ཏུ་འདོད་པའི་བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པ། གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད་པ། ཞིག་པ་དངོས་པོར་འདོད་པ། མངོན་པ་གཉིས་ནས་བཤད་པའི་དགྲ་བཅོམ་དགྲ་བཅོམ་མ་ཡིན་པར་བཞེད་པ། རགས་པའི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་རྣལ་འབྱོར་མངོན་སུམ་ལམ་མ་ཞུགས་དང༌། ཚོགས་ལམ་འབྲིང་མན་ཆད་ལའང་ཡོད་པ། རིགས་ངེས་ས་བརྒྱད་པས་ཉོན་སྒྲིབ་སྤོང་བ་དང༌། དེས་བཞག་པའི་བག་ཆགས་ལུང་མ་བསྟན་དུ་བཞེད་པ། སྤྱིར་བཏང་སོ་སྐྱེའི་བློ་མངོན་སུམ་ལ་རྟོག་བྲལ་ཡིན་མིན་ཆ་གཉིས་ཡོད་པ། མངོན་རྗེས་ཚད་མས་དྲངས་པའི་དཔྱད་ཤེས་གཉིས་ཀ་ཚད་མར་འདོད་པ། སྣང་སྟོང་གི་མཐའ་སེལ་ཚུལ་རང་སྡེ་འོག་མ་ལས་གོ་ལྡོག་ཏེ་འཆད་པ། འགོག་བདེན་དང་ཆོས་ཉིད་དོན་དམ་བདེན་པར་འདོད་པ། ཉན་རང་དགྲ་བཅོམ་མཉམ་བཞག་པའི་རྒྱུད་ཀྱི་མྱང་འདས་ལྷག་མེད་མྱང་འདས་དང༌། དེའི་རྗེས་ཐོབ་པའི་མྱང་འདས་ལྷག་བཅས་སུ་འདོད་པ། སེམས་ཅན་གྱི་བློ་གང་ཡིན་ལྐོག་གྱུར་དུ་འདོད་པ། རྟོག་པས་ཕར་བཏགས་ཙམ་མིན་པ་ཡོད་པར་སྣང་བའི་ཆ་དེ། རང་བཞིན་གྱིས་གྲུབ་ཚད་དུ་བཟུང་ནས། དེ་སྟོང་ཉིད་གཏན་འབེབས་ཀྱི་དགག་བྱ་ཕྲ་མོར་འདོད་པ། བྱས་བསགས་ཀྱི་ལས་ཞིག་ནས་བསྐལ་པ་དུ་མ་འདས་པས་ཀྱང་འབྲས་བུ་འབྱིན་པར་འདོད་པ་སྟེ། ཐུན་མོང་མ་ཡིན་པའི་དཀའ་བའི་གནད་ཉི་ཤུའི་སྒོ་ནས་རང་རྒྱུད་དང༌། སེམས་ཙམ་གྱི་ལུགས་ལྟར་འགྲེལ་དུ་མི་རུང་བའི་དགག་སྒྲུབ་ཀྱི་རིགས་པ་མཐའ་ཡས་པ་དང༌། གཞན་ཡང་འཕགས་པ་སློབ་པའི་ས་བཅུ། མི་སློབ་པའི་སས་བསྡུས་པའི་འབྲས་བུ་སྐུ་གསུམ་དང་བཅས་པ་སྟེ། མདོར་ན་ཟབ་རྒྱས་གཉིས་ཀྱི་སྒོ་ནས་རྩ་བ་ཤེས་རབ་ལ་ཇི་ལྟར་འཇུག་ཚུལ་ཞིབ་མོར་སྟོན་པའི་འཇུག་པ་རྩ་འགྲེལ་གཉིས་ཀྱིས་མཚོན་རྩ་འཇུག་བཞི་གསུམ་དང༌། དེ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པའི་རྗེའི་དབུ་མ་རྩ་ཤེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ཞེས་བྱ་བ། རྗེ་བདག་ཉིད་ཆེན་པོ་སེ་ར་ཆོས་སྡིངས་སུ་བཞུགས་པའི་སྐབས། དོན་གཉེར་ཅན་མང་པོས་གསོལ་བ་བཏབ་པ་བཞིན་མཛད་པར་བཞེད་པ་ན། རིགས་པའི་གནད་ཕྲ་མོ་འགའ་ཞིག་ཐུགས་ལ་འཆར་དཀའ་བ་བྱུང་ནས། བླ་མ་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་འདེབས་གནང་བས། ཤེར་ཕྱིན་གྱི་མདོའི་སྟོང་ཉིད་ཉི་ཤུའི་འགྲེལ་རྐང་རྣམས་གསེར་གཙོ་མའི་མདོག་ཅན་གྱི་ཡེ་གེས་བར་སྣང་གང་བར་གཟིགས་པས་ཐུགས་དྭོགས་ལྷག་མེད་དུ་ཆོད་དེ་ལྗགས་རྩོམ་གནང་བའི་བསྟན་བཅོས་ངོ་མཚར་ཅན་འདི་དང༌། གཞན་ཡང་འཕགས་བོད་ཀྱི་དབུ་མའི་གཞུང་དུ་མའི་ནང་ནས་ཡང་འགྲེལ་ཀྱི་གཙོ་བོ་རང་གཞུང་རྗེ་བཙུན་པའི་དབུ་མའི་སྤྱི་མཐའ་དཔྱོད་གཉིས། རྗེ་དྲུང་ཤེས་རབ་དབང་པོའི་དབུ་མ་དགོངས་པ་ཡང་གསལ། སྒོམ་སྡེའི་དབུ་མ་ཐར་འདོད་འཇུག་ངོགས་དང༌། དེའི་ཐལ་བཟློག་སོགས་ཀྱི་གཞུང་རྣམས་དང༌། རྒྱལ་ཚབ་ཀྱི་སྤྱོད་འཇུག་དར་ཊཱིཀ མཁས་གྲུབ་རྗེའི་སྟོང་ཐུན། རྗེ་དགེ་འདུན་གྲུབ་པའི་འཇུག་ཊཱིཀ ལམ་རིམ་ཆེན་མོའི་ལྷག་མཐོང་སྐོར། དྲང་ངེས་དབུ་མའི་སྐོར་སོགས་རྒྱ་བོད་ཀྱི་གཞུང་ལུགས་མང་པོའི་ཚིག་དོན་གོ་བསྡུར་གྱིས་བློ་གསལ་མཁས་པའི་ཁྱུ་དང་ལྷན་ཅིག་ཟབ་དོན་མཐའ་བྲལ་དབུ་མའི་དཀའ་གནད་ཀྱི་འཁྲུལ་སེལ་རྩོད་པའི་བརྒལ་བརྟགས་ཁོར་མོ་ཡུག་ཏུ་འབྱམས་པར་མཛད་སྲོལ་ཡོད་པ་ལྟར། ཐོག་མར་དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་གྱི་དཀའ་གནད་གསལ་བར་བྱེད་པའི་ལེགས་བཤད་སྐལ་བཟང་མགུལ་རྒྱན་ཞེས་འཇམ་པའི་དབྱངས་ཆོས་ཀྱི་རྒྱལ་མཚན་ལ་དམ་ཅན་ཆོས་ཀྱི་རྒྱལ་པོས་ཞལ་གཟིགས་ནས་བསྟན་བཅོས་འདི་ཉིད་ངས་རྒྱུན་དུ་བདག་པོ་བྱེད་ཅེས་གསུང་བའི་ལེགས་བཤད་ཁྱད་པར་ཅན་དེ་ཉིད་བློ་འཛིན་དང་འབྲེལ། དགེ་བའི་བཤེས་གཉེན་ཆེན་པོ་སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་དབང་ཕྱུག་དང་དགེ་བའི་བཤེས་གཉེན་ཆེན་པོ་མ་འདུ་ཁག་ཚང་བློ་བཟང་མཐུ་སྟོབས་གཉིས་ཀྱི་དྲུང་ནས་རྗེ་ཡབ་སྲས་ཀྱི་དབུ་མ་རྩ་འཇུག་བཞི་གསུམ་གྱི་རྣམ་བཤད་དང་སྟོང་ཐུན་ཆེན་པོ་སོགས་གྲྭ་ཚང་ཡིག་ཆ་དང་བསྒྲགས་ནས་དཔེ་འཁྲིད་ཞུས་པ་གསལ་ཏེ། ཞལ་གདམས་དགེ་ལེགས་འདྲེན་པའི་ཕོ་ཉ་ལས། དགེ་རྒན་མཐུ་སྟོབས་དགེ་བཤེས་བཏང་ནས་ཕ་ཡུལ་ལ་ཕེབས་དུས་ཁྱོད་རང་རིག་པ་ཡག་པོ་འདུག དཔེ་འཁྲིད་དགེ་རྒན་བློ་བཟང་དབང་ཕྱུག་སར་སོང་ལ་དཔེ་ཆ་སློབ་གཉེར་ཡག་པོ་གྱིས་གསུང་བྱུང་བ་དེ་ནས་བཟུང་དགེ་རྒན་བློ་བཟང་དབང་ཕྱུག་སར་བཅར་བ་ཡིན། དགེ་རྒན་མཐུ་སྟོབས་ཀྱི་དྲུང་ནས་ཕར་ཕྱིན་དབུ་མ་གཉིས་ཀ་འཁྲིད་པ་རེད། དུས་འགྱུར་མ་བྱུང་བར་དུ་དགེ་རྒན་བློ་བཟང་དབང་ཕྱུག་གི་མདུན་ནས་དཔེ་འཁྲིད་བྱས་པ་ཡིན། ཞེས་གསུང་པ་ལྟར་རྒན་དམ་པ་གཉིས་ཀྱི་མདུན་ནས་དབུ་མའི་གཞུང་ལུགས་ལ་གསན་བསམ་གྱི་དབུ་བཙུགས་ཏེ་བསླབ་བཞིན་པའི་མུར། དགེ་བའི་བཤེས་གཉེན་དམ་པ་མཁས་གྲུབ་མཆོག་འབམ་ནད་ཀྱི་སྙུན་གཞི་ཕོག་པ་ནས་རྗེ་བླ་མ་འདི་ཉིད་ཀྱིས་ལོ་ཧྲིལ་པོ་གཅིག་དང་ཟླ་བ་དགུའི་རིང་ལ་སྙུན་གཡོག་ཚུལ་བཞིན་ཞུས། དེ་ཡང་བཤེས་གཉེན་དམ་པ་མཁས་གྲུབ་དེ་ཉིད་ནད་ཀྱི་ཁ་གཤིས་སམ་སྐལ་ལྡན་གྱི་གདུལ་བྱའི་བསོད་ནམས་གསག་པའི་ཆེད་གང་ལྟར་ཡང་སྐུ་རླུང་ཤིན་ཏུ་ཚ་བ་དང༌། བཀའ་བསྒྱུར་འདྲ་མིན་གནང་བར་མ་ཟད། ཐ་ན་ཕྱག་འབེབས་ཀྱང་ཡང་ཡང་གནང་ནས་དགེ་ཕྲུག་གཞན་དག་ཚོ་འཁོར་ས་མེད་པ་ལྟ་བུ་མཛད་ཀྱང༌། རྗེ་བླ་མ་འདི་ཉིད་ཇི་ཙམ་གྱི་བཀའ་བསྒྱུར་དང་ཕྱག་འབེབས་གནང་བ་དེ་ཙམ་གྱིས་དྲུང་དུ་བཅར་བར་མ་ཟད་སྙུན་གཡོག་དེ་བས་ནན་ཆེར་ཞུས་ཏེ། དགུང་མོ་མཚན་ཧྲིལ་པོར་གཉིད་མི་ཁུག་པར་དགེ་རྒན་དམ་པའི་རྐང་པ་འཕུར་མཉེད་ཞུ་བ་དང༌། ཉིན་ཧྲིལ་པོ་འཁྲིས་ལ་བསྡད་དེ་ཚོགས་ཆོས་སོགས་སུ་མི་སླེབས་པར། མདོར་ན། པཎ་ཆེན་ན་རོ་པས་ཏེ་ལོ་པ་དང༌། མི་ལས་མར་པ། འབྲོམ་གྱིས་སེ་བཙུན་བསྟེན་པའི་རྣམ་པར་ཐར་པ་རྨད་དུ་བྱུང་བ་དེ་དག་དང་སྒོ་ཀུན་ནས་མཚུངས་པར་བསྐྱངས་འདུག་སྟེ། དུས་ཕྱིས་ཞབས་བཞུགས་ཡོད་པའི་གནས་བརྟན་རྒན་གྲས་དུ་མའི་ཞལ་ནས་བློ་བཟང་འཇམ་དབྱངས་སྐྱིད་པོ་ཡོང་གི་རེད། སྐུ་ཚེ་རིང་པོ་ཡོང་གི་རེད། མཛད་པ་དང་འཕྲིན་ལས་རྒྱས་པོ་ཡང་ཡོང་གི་རེད། སྟོད་གྲྭ་སའི་གྲྭ་ཚང་ནང་མཁས་པ་ནམ་མཁའི་སྐར་ཚོགས་ལྟ་བུ་ཡོད་རྒྱུ་རེད་དེ། དགེ་བའི་བཤེས་གཉེན་བསྟེན་ཚུལ་ཁོང་འདྲ་བ་སུ་ཡང་ཡོད་རྒྱུ་མ་རེད། ཅེས་གསུངས་རྒྱུན་ལན་གཅིག་མིན་པར་ཁག་དུ་མ་ནས་ཡང་ཡང་ཐོས། གསར་རྙིང་རེས་མེད་ཀྱི་མཁས་བཙུན་བཟང་པོའི་རྣམ་ཐར་རྨད་དུ་བྱུང་བ་བདག་གིར་བསྐྱངས་པའི་སྐུ་ཚེ་མཐའ་མཇུག་ཏུ་ཟུང་འཇུག་འོད་གསལ་གྱི་གོ་འཕངས་ལ་འཛེགས་ཏེ་འཇའ་ལུས་སུ་ཐིམ་པའི་སྐྱེས་ཆེན་དམ་པ་ཀླུ་མོ་ར་མཁན་པོ་ཨ་ཆོས་ངག་དབང་མཁྱེན་རབ་རིན་པོ་ཆེས། བློ་བཟང་འཇམ་དབྱངས་འདི་བཤེས་གཉེན་བསྟེན་ཚུལ་ཤིན་ཏུ་བཟང་བས་སྐུ་ཚེ་བརྟན་ཅིང་མཛད་པ་དང་འཕྲིན་ལས་རྒྱས་ཀྱི་རེད། ཅེས་དང༌། ཡང་དཀར་མཛེས་ཁུལ་གྱི་དད་ལྡན་ཁག་གཅིག་ལྷ་སར་མཆོད་མཇལ་དང་གནས་སྐོར་ལ་འགྲོ་དགོས་ཚུལ་ཞུས་པར། ཡ་ཡ་ད་ཁྱོད་ཚོས་ཤེས། ངས་བྱས་ན་མི་རྒོད་ཀྱིས་རི་རྒོད་བསྐོར་ནས་སེམས་རྒོད་འདུལ་ཨེ་ཐུབ་མི་ཤེས། དེ་བས་ཀླུ་སྦྱིན་དགེ་བཤེས་རིན་པོ་ཆེའི་དྲུང་ནས་ལམ་རིམ་གྱི་ཆོས་འབྲེལ་དང་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་རེ་ཞུས་དང༌། ཁྱོད་ཚོའི་རྒྱབ་ལ་གསེར་ཁུར་པོ་རེ་ཁུར་ནས་དབུས་གཙང་རུ་བཞི་བསྐོར་ནའང་བླ་མ་དགེ་བའི་བཤེས་གཉེན་འདི་འདྲ་ཆོས་ཞུ་ས་རག་གི་མ་རེད། ཅེས་གསུང་ཚུལ་ཡང་ཐོས། གྲྭ་སའི་དགེ་བཤེས་གཟུ་བོར་གནས་པ་དུ་མས་རང་གི་དགེ་ཕྲུག་གམ་འབྲེལ་ཡོད་གསར་བུ་རྣམས་ལ༌། ཁྱོད་ཚོ་ཏྲེ་ཧོར་བློ་བཟང་འཇམ་དབྱངས་སར་དཔེ་འཁྲིད་བཅོར། གྲྭ་སར་བློ་བཟང་འཇམ་དབྱངས་ལས་མཁས་པའི་དགེ་བཤེས་མང་པོ་ཡོད་རྒྱུ་རེད་དེ། བཤེས་གཉེན་བསྟེན་ཚུལ་ཁོང་ནང་བཞིན་ཁག་པོ་ཡིན་པས་བྱིན་རླབས་མི་འདྲ། དཔེ་ཆ་ཤེས་བདེ་བ་ཡོང་གི་རེད་ལ་རྗེས་མར་རང་གི་སེམས་རྒྱུད་དང་བསྟན་འགྲོ་གཉིས་ཀ་ལ་ཕན་པ་ཡོང་གི་རེད་ཅེས་བསླབ་བྱ་གནང་ཚུལ་ཡང་ངག་རྒྱུན་དུ་འདུག འཛིན་གྲྭ་གཅིག་པའི་ཁྲོད་ནས་མཁས་པའི་མཚན་སྙན་ཆེ་ཤོས་ཡིན་མིན་མ་ཤེས་ཀྱང༌། དཔེ་འཁྲིད་གནང་སའི་དགེ་ཕྲུག་མང་ཤོས་ཡིན་འདུག་པས་གོང་གི་ངག་སྒྲོས་དེ་དག་ཅིས་ཀྱང་བདེན་ངེས་སྙམ། རྗེ་རང་ཉིད་ཀྱི་ཞལ་ནས་ཀྱང་ངའི་མི་ཚེའི་ནང་འདི་ཕྱི་ལེགས་ཚོགས་གི་རྩ་བ་སུ་ལ་ངོམས་ནའང་ངོམས་རིན་ཡོད་པ་དེ། དགེ་བའི་བཤེས་གཉེན་དམ་པ་མཁས་གྲུབ་མཆོག་ལོ་གཅིག་དང་ཟླ་བ་དགུ་སྙུན་གཡོག་བྱས་པ་དེ་ཡི། ཞེས་ཡང་ཡང་གསུང་པ་ཐོས་ཤིང༌། དེས་ན་ས་པཎ་ཀྱིས་ས་ཆེན་གྲགས་པ་རྒྱལ་མཚན་ལ་སྙུན་གཡོག་ཞུས་པས་བླ་མ་འཇམ་དབྱངས་སྐུ་དངོས་མཇལ་བ་དང༌། རྟག་ཏུ་ངུས་ཆོས་འཕགས་ཚུལ་བཞིན་བསྟེན་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་དང༌། འབྲོམ་གྱིས་སེ་བཙུན་བསྙུན་གཡོག་ཞུས་པ་དེས་སྡིག་པ་རླབས་ཆེན་དག་པ་དང་མཚུངས་པར་རྗེ་འདི་ཉིད་ལའང་སྐབས་དེ་ནས་སྡིག་པ་བྱང་བ་དང་མངོན་པར་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་དུ་མ་རྒྱུད་ལ་འཁྲུངས་ཡོད་པར་གོ་མ་ཆགས་སྟེ། རྗེ་འདི་ཉིད་འཛིན་གྲྭ་དབུ་མའི་སྐབས་སུ་རིམ་གྱིས་འཛིན་གྲྭ་གཅིག་པའི་ཁྲོད་ནས་གོ་རྒྱ་འབུར་དུ་ཐོན་པ་བྱུང་འདུག་པ་དང༌། སྐབས་དེའི་གྲྭ་རྒན་ཚོའི་ངག་རྒྱུན་དུ་ཡང་བློ་བཟང་འཇམ་དབྱངས་དབུ་མ་འཛིན་གྲྭའི་སྐབས་སུ་དཔེ་ཆ་ཡག་ཏུ་ཕྱིན་པ་རེད་ཅེས་ལན་ཁ་ཡར་དུ་གོ་བས། དེས་ན་སྐབས་དེ་དག་ཏུ་ཚོགས་དང་ཆོས་གྲྭ་ལ་འགྲོ་རྒྱུའི་ལོང་མེད་ནའང༌། བཤེས་གཉེན་བསྟེན་ཚུལ་རྣམ་པར་དག་པ་འདི་ཁོ་ནས་བླ་མའི་བྱིན་རླབས་སེམས་ལ་འཇུག་སྟེ། ཇི་སྐད་དུ་རྗེ་མར་པ་ཆེན་པོས། ཤར་ཆུ་བོ་གང་གི་འགྲམ་དུ་ཕྱིན།། རྗེ་མཻ་ཏྲི་ཆེན་པོའི་བཀའ་དྲིན་ལས།། སེམས་སྟོང་པ་ཉིད་ལ་སྦར་འཛིན་བྱས།། ཞེས་གསུངས་པ་དང་སྒོ་མཐུན་པར་དུས་གསུམ་རྒྱལ་ཀུན་གཤེགས་པའི་ཤུལ་ལམ་གནས་ལུགས་སྟོང་པའི་རང་ཞལ་རྗེན་པ་གཞི་མེད་རྩ་བྲལ་གྱི་ངོ་བོར་མ་བུ་མཇལ་བ་ལྟར་བྱུང་ཡོད་པའང་སེམས་ཏེ་རྒྱུ་མཚན་ནི་གོང་གི་དེ་དག་སྟེ། ད་དུང་རྗེ་རང་གི་བཀའ་སློབ་ཞལ་གདམས་ལས་ཀྱང༌། ༣༧ དབུ་གསར་སྐབས་སུ་དབུ་མར་ལྟ་རྒྱུ་མ་བྱུང༌། དབུ་རྙིང་སྐབས་ཅུང་ཟད་ལྟ་རྒྱུ་བྱུང༌། རེད་དེ་དབུ་རྙིང་སྐབས་འཛིན་གྲོགས་ཡོངས་དང་མཉམ་དུ་རྩོད་དུས་མགོ་ནས་བཟུང་ཐལ་བཟློག བདག་འགོག་སོགས་གང་གི་ཆ་ལ་ཡག་པོ་འདྲ་ཞིག་བྱུང་ལ། ཉམས་ལེན་སྐོར་ལའང་རང་རྒྱུད་ལ་ངེས་ངེས་ཏག་ཏག་འདྲ་བོ་ཞིག་བྱུང༌། སུ་གང་རེད་ལབ་མཁན་མི་འདུག་སྟེ་རང་གིས་ནི་དགེ་རྒན་རྡོ་རྗེ་འཆང་སྙུན་གཡོག་བྱས་པའི་བསོད་ནམས་ཀྱི་འབྲས་བུ་ཨེ་ཡིན་བསམ་གྱིན་ཡོད། ཅེས་གསུངས་པས་སོ།། དགུང་ལོ་ཉེར་བརྒྱད་པ་ས་བྱ་༡༩༥༦ལོར་ཆོ་འཕྲུལ་སྨོན་ལམ་ཆེན་པོ་དང་ཚོགས་མཆོད་ཆེན་མོ། དཔྱིད་ཆོས་ཆེན་མོ་སོགས་སུ་ཕེབས་ལོང་མ་བྱུང་བར་དགེ་རྒན་དམ་པ་མཁས་གྲུབ་མཆོག་གི་བསྙུན་གཡོག་ཁོ་ནས་དུས་བཞི་ཡོངས་སུ་འདའ། དབུ་གསར་འཛིན་གྲྭའི་སྐབས་ཚོགས་ཆོས་སློབ་གཉེར་གནང་ལོང་མ་བྱུང་བའི་ངང་མཁན་རིན་པོ་ཆེས་བརྩི་བཞག་གནང་བ་དང་བསྟུན་བོད་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཉིན་དབུ་མ་རྙིང་པའི་འཛིན་གྲྭར་འཕོས།

 དགུན་ཐོག་དེར་འཇང་དགུན་ཆོས་ཚོགས་ལ་ཉེ་སྐབས་དགེ་རྒན་དམ་པ་དེས། ད་རེས་ཁྱེད་འཇང་དགུན་ཆོས་ལ་དགེ་ཕྲུག་ཚོའི་འགོ་རྫི་བྱས་ནས་སོང༌། ཞེས་ནན་ཏུ་མངགས་པར་རྗེ་བླ་མ་འདིས། ང་རང་སྐུ་ཉིད་སྙུན་གཡོག་གི་ཆེད་དུ་ཅིས་ཀྱང་བསྡད་ཆོག་པར་ཞུས་ཀྱང༌། ད་རེས་ཁྱེད་འཇང་དགུན་ཆོས་ལ་མ་འགྲོ་ན་ང་དང་དམ་ཚིག་མེད་གསུངས་ནས་གཟིམས་མལ་ལས་ཁ་ཕར་ལོག་སྟེ་གཟིམས་སོང༌། བླ་མའི་བཀའ་བཞིན་སྒྲུབ་ཆོག་ཞུས་པས་གཞི་ནས་ཐུགས་མཉེས་པོར་གནང་སྟེ། ཁྱོད་རང་ང་ལ་སེམས་ཁྲལ་མི་དགོས། བློ་བདེ་བོ་བྱས་ནས་འཇང་དགུན་ཆོས་ལ་སོང༌། དཔེ་ཆར་ཧུར་ཐག་གྱིས། ལྷ་དང་བླ་མར་གསོལ་བ་ཐོབ། མ་འོངས་པར་བསྟན་པ་ལ་ཕན་ཐོགས་པའི་སྨོན་ལམ་ཐོབ། ཅེས་པའི་གདམས་ཚིག་དང་ལུང་བསྟན་གྱི་གསུང་མཐའ་མ་དེ་བྱོན་ཀྱང༌། རྗེ་བླ་མ་འདིས། གསུང་འདི་དག་ཆེས་མཐའ་མཇུག་གི་བསླབ་གདམས་སུ་མ་སེམས་བར་སྤྱིར་སྟངས་ཀྱི་བསླབ་བྱ་ཙམ་དུ་དགོངས་ཏེ་ཕྱིས་ནས་སླར་ཡང་མཇལ་རྒྱུ་རང་དགོངས་བཞིན་དེ་ལོར་འཇང་དགུན་ཆོས་སུ་ཕེབས། 

ཤག་ཚང་གཅིག་པ་འཛིན་གྲྭ་གོང་མ་དགེ་རྒན་སྐལ་དབྱངས་དང་མཉམ་དུ་ཤག་ཚང་དང་དཔེ་འཁྲིད་དགེ་ཕྲུག་འཇང་དགུན་ཆོས་ལ་འགྲོ་མཁན་རྣམས་འཁྲིད་ཏེ་ཕེབས། འཇང་དགུན་ཆོས་ལ་ཕེབས་པའི་མཐའ་མའང་འདི་ཉིད་ཡིན་འདུག དེ་ལོའི་འཇང་དགུན་ཆོས་སུ་ཐུགས་སེམས་སྐྱོ་བོའི་ངང་ནས་ཚོགས་ཆོས་ཧུར་ཐག་འདྲེན་ཐོག་དགེ་ཕྲུག་ཚོ་ལའང་སློབ་འཁྲིད་ཧུར་ཐག་གནང་བཞིན་ཟླ་བ་གཅིག་ཕྱིན་པའི་རིང༌། གཟིམས་ལམ་དུ་ཉི་ཟླ་ནུབ་པ་དང་སྐར་མདའ་ལྷུང་བ། རི་བོ་ཉིལ་བ་དང་རྒྱ་མཚོ་བྱོལ་བ་སོགས་ཀྱི་རྨི་ལྟས་ངན་པ་ཡང་ཡང་བྱུང་ཞིང༌། དེ་བཞིན་ཤག་ཚང་དགེ་ཕྲུག་རྒན་པ་སྐལ་དབྱངས་ལའང་རྨི་ལྟོས་འཁྲུགས་པའི་གཟིམས་ལམ་འདྲ་མིན་བྱུང་བས། ཐུགས་བློ་གཏིང་ནས་མི་བདེ་བར་ཁོང་གཉིས་ཀ་ཕྱིར་སེ་ར་དགེ་རྒན་དམ་པའི་སྐུ་མདུན་དུ་སྙུན་གཞི་ལ་ལྟ་མཁན་ཡོང་རྒྱུ་ཐུགས་ཐག་བཅད་དེ་དགོངས་པ་ཞུས་ཀྱང༌། འཇང་དགུན་ཆོས་ནང་དེ་འདྲ་བྱས་ཏེ་དགོངས་པ་ཞུ་སྲོལ་དང་སྤྲོད་སྲོལ་མེད་ཚུལ་བཤད་དེ་ཚུར་ཕེབས་དབང་མ་བྱུང༌། ཟླ་བ་གཅིག་ཙམ་ཟིན་པའི་སྐབས་རྭ་སྟོད་ཕུག་རྗེའི་སྒྲུབ་ཕུག་ནང་དེ་ལོར་དགུན་ཆོས་ཐོག་ཡོད་པའི་དགེ་སློབ་རྣམས་མཉམ་འཛོམས་ཀྱིས་ཟབ་ལམ་བླ་མ་མཆོད་པའི་ཚོགས་འཁོར་དང་འབྲེལ་ཚེ་རབས་རྗེས་འཛིན་གྱི་ཐུགས་སྨོན་རྒྱ་ཆེར་གནང༌། དེ་ལྟར་ཧ་ཅང་ཐུགས་སེམས་མི་བདེ་བའི་ངང་ནས་ལོ་དེའི་འཇང་དགུན་ཆོས་ཟླ་བ་གཅིག་དང་ཞག་པོ་བཅོ་ལྔའི་དུས་ཡུན་ཡོངས་སུ་གཙང་པ་དང༌། གསང་ཕུ་རྭ་བ་སྟོད་ནས་སེ་རར་ཕྱིར་ཕེབས་ལམ་དུ། རྒྱུན་སྲོལ་ལྟར་བ་རི་ཁུག་ཅེས་པའི་ས་ཁུལ་དེར་སླེབས་དུས། སེ་ར་ནས་ཤག་ཚང་དང་དགེ་ཕྲུག་གཅིག་པ་རྣམས་ཕེབས་བསུར་བཅར་ནས་བག་ཐུག་བཟོ་བཞིན་སྒུག་བསྡད་ཡོད་པ་རྣམས་དང་འཕྲད་མ་ཐག རྗེ་འདི་ཉིད་ཀྱིས། ཤག་ཚང་དགེ་ཕྲུག་ཚོ་ལ་དགེ་རྒན་དམ་པའི་སྙུན་གཞི་གང་འདྲ་ཡོད་ལུགས་བཀའ་འདྲི་གནང་པས། ཤག་ཚང་དགེ་ཕྲུག་སྐུ་འབུམ་ཞབས་ཚང་ངག་དབང་པདྨས། དགེ་རྒན་དམ་པའི་སྙུན་གཞི་སོས་དྲག་འགྲོ་བཞིན་ཡོད་ཐོག ད་ཆར་སྤྱི་སྒོ་རྒྱབ་ཚང་སར་སྨན་བཅོས་གནང་ནས་བཞུགས་ཡོད། གཟིམས་ཤག་ཏུ་བཞུགས་མེདཟེར་བ་ལྟར་དགེ་ཕྲུག་གཞན་དག་ཚོས་ཀྱང་དེ་བཞིན་ཞུས་པས། རེ་ཞིག་ཐུགས་སེམས་བདེ་བ་ལྟ་བུ་བྱུང་ཞིང༌། དེ་ནས་རིམ་པར་བཞིན་དགོན་པའི་ནང་ཕེབས་ཀྱང་ཤག་ཚང་དགེ་ཕྲུག་སུ་ཡང་བཅར་མཁན་མེད་པས་ཅི་ཡིན་ནམ་དགོངས་ནས་བཞུགས་པའི་སྐབས། སེར་བྱེས་མཁན་རིན་པོ་ཆེས་དགེ་ཕྲུག་གཅིག་འབོད་མཁན་གཏོང་བྱུང༌། འཇང་དགུན་ཆོས་སྐབས་ཆོས་ཁྲིམས་དང་འགལ་བའི་ཉེས་པ་གངཧཡང་བྱས་མེད། བཀའ་ཉེས་ཕོག་པའི་རྒྱུ་མཚན་གང་ཡང་མེད། གཅིག་བྱས་ན་མ་ཉེས་ཁ་གཡོག་ལྟ་བུའི་ཉེས་འཁྲིས་འདྲ་བྱུང་ཡོད་པ་ཡིན་ནམ་དགོངས་ཏེ་ཐུགས་རྟོག་གནང་ཞོར་ཐད་ཀར་སྐྱབས་རྗེ་མཁན་རིན་པོ་ཆེའི་སྐུ་འདུན་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར། སྤུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་ནས་བཅར། མཁན་རིན་པོ་ཆེ་ཐུགས་ཧ་ཅང་མཉེས་པའི་ཟོལ་གྱིས་མར་ཐད་དཀར་བཞུགས་སུ་བཅུག འཇང་དགུན་ཆོས་སྐབས་རྩོད་གཞུང་གང་ཞིག་འཁེལ་པ་དང་བློ་སྐྱེད་ཇི་ཙམ་རག་པ། གདན་སའི་མཁས་པ་སུ་དང་སུ་ཞིག་དམ་བཅའ་ལ་བཞུགས་པ་དང༌། རྟགས་བསལ་གཏོང་ཚུལ་བཅས་ཀྱི་དྲི་བ་གནང་ཞོར༌། དཔེ་ཁྲིད་དང་སློབ་གཉེར་གང་ཐད་ནས་གང་ལེགས་གནང་ཡོད་པར་བསྔགས་བརྗོད་གནང༌། དེ་རྗེས་མཁན་རིན་པོ་ཆེས་འཐེ་བོ་ལ་དཀྲིས་ཆོག་པའི་ཕྲེང་ཆུང་ཐུང་ཐུང་ཞིག་ཕྱག་གཉིས་དབར་ཕན་ཚུར་འཕེན་གིན་ཐུགས་སྣང་ཟབ་མོའི་སྒོ་ནས། མཉམ་མེད་ཇོ་བོ་ཆེན་པོ་ཞི་བར་གཤེགས་པ་འབྲོམ་སྟོན་གྱིས་གསན་ཚུལ་དང༌། མི་ལ་བཞེད་པའི་རྡོ་རྗེ་ཞི་བར་གཤེགས་པ་རས་ཆུང་རྡོ་རྗེ་གྲགས་པས་གསན་ཚུལ། དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་དང༌། རྗེ་ཙོང་ཁ་པ་ཆེན་པོ་སོགས་འཕགས་བོད་ཀྱི་འཁས་གྲུབ་དུ་མ་ཞི་བར་གཤེགས་རྗེས་སློབ་མ་ཚོས་མྱང་ངན་བྱས་ཚུལ་ལས་བརྩམས་པའི་སྔོན་བྱོན་དམ་པའི་རྣམ་ཐར་དུ་མ་གསུངས་པ་དང༌། སྐབས་དེར་རྗེ་དམ་པ་ཉིད་ཀྱི་ཐུགས་དགོངས་ལ། དགེ་རྒན་དམ་པ་དེ་ཉིད་ཞི་བར་གཤེགས་པ་མིན་ནམ་སྙམ་པའི་དོགས་པ་རང་དབང་མེད་པར་བྱུང་ཡང༌། མཁན་རིན་པོ་ཆེར་བཀའ་འདྲི་ཞུ་མ་ནུས་པར་ཉན་ནས་བཞུགས་པའི་བར་མཚམས་ཤིག་ཏུ་མཁན་རིན་པོ་ཆེའི་ཞལ་ནས། ཉེ་ཆར་ཁྱེད་རང་འཇང་དགུན་ཆོས་ལ་ཕེབས་ཤུལ་དགེ་རྒན་དམ་པ་མཁན་གྲུབ་ཁོང་ཞི་བར་གཤེགས་སོང༌། ཤག་ཚང་དགེ་རྒན་དང་དགེ་ཕྲུག་འབྲེལ་ཡོད་ཁག་བཅས་ཀྱིས་སྐུ་འཚོ་གཞུགས་རིང་སྨན་བཅོས་གཡོག་བྱ་སོགས་གང་ནུས་ཞུས་ཐོག་ཞི་བར་གཤེགས་རྗེས་སུའང་འདས་འཇུག་དང་སྐུ་གདུང་ཞུགས་འབུལ་སོགས་གང་ལེགས་གནང་སོང་བས་ཁྱེད་རང་སེམསཁྲལ་གནང་མི་དགོས། སྔོན་གྱི་སྐྱཻས་ཆེན་དམ་པ་མང་པོས་རང་རང་གི་དགེ་བའི་བཤེས་གཉེན་ཞི་བར་གཤེགས་ཁར་མྱ་ངན་ཆེན་པོ་གནང་ཚུལ་རྣམ་ཐར་དུ་མར་གསལ་ཡང༌། དེས་རྐྱེན་བྱས་ནས་འཆི་བ་མི་རྟག་གིས་མཚོན་པའི་བདཻན་བཞིའི་ཆོས་ཚུལ་ལ་བློ་གོམས་པར་བྱས་ཚུུལ་ལས་གླེན་རྟགས་བསྟན་ནས་གང་བྱུང་བྱེད་པ་དེ་འདྲ་བྱུང་མྱོང་མེད་པ་རེད། ཁྱོད་རང་ཡང་དགེ་རྒན་དམ་པ་ཞི་བར་གཤེགས་པ་ཐོས་རྗེས་བློ་ཕམ་པོ་བྱུང་བ་ཐུགས་ཁག་མེད་ཀྱང༌། དེ་སྔོན་ཞབས་བཞུགས་རིང་དགེ་རྒན་དམ་པའི་སྙུན་གཡོག་ཁྱོད་ནང་བཞིན་ཁག་པོ་ཡིན་ཚུལ་སེ་ར་ཐེག་ཆེན་གླིང་ན་གྲགས་པས་དགེ་རྩ་ཟེར་ནའང་འདྲ། ཡ་རབས་བཟང་སྤྱོད་ཟེར་ནའང་འདྲ། ཐེག་པ་ཆེན་ཆུང་གི་ལམ་གྱི་རྩ་བ་དངདགེ་ལེགས་ཐམས་ཅད་ཀྱི་འབྱུང་ཁུངས་བཤེས་གཉེན་བསྟེན་ཚུལ་ཡིན་པ་མདོ་རྒྱུད་དུ་མ་ནས་ལན་གཅིག་མིན་པར་ཡང་ཡང་གསུང་པ་དང་མཐུན་པར་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་བསྟེན་པ་དེ་ཁོ་ནས་འཐུས་པས། ཁྱེད་རང་བློ་ཕམ་པོ་གནང་མི་དགོས། ངའི་ངོས་ནས་ཀྱང་ཁྱོད་ཀྱིས་དགེ་རྒན་མཁན་གྲུབ་དམ་པ་དེ་ཉིད་མི་ལོ་གཅིག་དངཟླ་བ་དགུའི་རིང་ལ་ངལ་བ་ཁྱད་གསོད་ཀྱིས་སྙུན་གཡོག་རྒྱུག་པ་དེ་དག་་ལ་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན་ཞེས་གསུང་པ་ཐོས་འཕྲལ༌། རྗེ་བླ་མ་དམ་པ་འདིའི་ཐུགས་ལ་གནོན་ཐབས་མེད་པའི་ཐུགས་ཕམ་ཆེན་པོ་ཞིག་གིས་རེ་ཞིག་ཐུགས་དྲན་མི་སོས་ལྟར་བུར་གྱུར་ཏེ། འཇིག་རྟེན་འདིའི་ཐོག་སྐྱེས་ནས་འདི་ལས་སེམས་པ་སྐྱོ་བ་དང་བློ་ཕམ་པ་ཞིག་བྱུང་མྱོང་མེད་ཅེས་བཀའ་སློབ་དང་ལམ་རིམ་གསུང་ཆོས་སྐབས་ཐེངས་མང་གསུངས། གོང་དུ་སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་དབང་ཕྱུག་གི་སྐུ་མདུན་སུ་བཀའ་འགུགས་གནང་ཐོག་སྐྱེས་ཆེན་གོང་མ་མང་པོའི་འདའ་ཁའི་རྣམ་ཐར་དང་འབྲེལ། གཞི་ནས་དགེ་རྒན་དམ་པ་མཁས་གྲུབ་མཆོག་ཞི་བ་གཤེགས་ཚུལ་གསུང་དོན་ཡང༌། ཁང་ཚན་དང་ཤག་ཚང་གི་འབྲེལ་ཡོད་གྲྭ་པ་ཚོས། གལ་ཏེ་ཁོང་ཚོས་རྗེ་བླ་མ་ཉིད་ལ་ཐད་ཀར་ཞུས་ན། ཐུགས་ཕམ་གྱིས་སྐུ་གཟུགས་དང་དགོངས་པ་ལ་སྐྱོན་ཆ་བཟོ་རྒྱུའི་དོགས་པ་ལ་བརྟེན། སུས་ཀྱང་སྔོན་དུ་ཞུ་བ་མ་སྤོབས་པར་མཁན་རིན་པོ་ཆེ་ལ་རེ་བ་བཅོལ་བ་ཡིན་འདུག སེར་བྱེས་མཁན་རིན་པོ་ཆེའི་ཞལ་ནས་ཐུགས་སྐྱོ་བའི་གསུང་མོལ་དེ་ཉིད་ཐོས་པ་དང་ཨ་འབག་ནང་དུ་དངུལ་དཀར་པོ་དྭ་ཡོན་གཅིག་ཡོད་པ་དེ་ཉིད་མཁན་རིན་པོ་ཆེ་ལ་བསྔོ་རྟེན་དུ་ཕུལ་བས། མཁན་རིན་པོ་ཆེས་དེ་འདྲ་མ་གནང་ན་འགྲིག་གི་རེད། དགེ་སློབ་དབར་གྱི་དད་པ་དམ་ཚིག་དེ་ག་རང་གིས་བསྔོ་རྟེན་འགྲིག་པ་གསུངས་ཀྱང༌། ཨུ་ཚུག་ནན་ཏན་གྱིས་དངུལ་དཀར་པོ་དྭ་ཡོན་གཅིག་པོ་དེ་ཉིད་མཁན་རིནཔོ་ཆེ་ལ་བསྔོ་རྟེན་དུ་ཕུལ། ཕྱིར་རང་ཤག་ཏུ་ལོག་པའི་ལམ་བར་དུ་འཇིག་རྟེན་གྱི་ཁམས་འདི་སྐྱོ་ཤས་ཀྱིས་སྐྱ་ལྷམ་མེར་བའི་རྣམ་པ་ཁོ་ནར་གཟིགས་ཤིང༌། གདན་སར་མུ་འཐུད་ནས་བཞུགས་ཏེ་དཔེ་འཁྲིད་དང་སློབ་གཉེར་གྱི་ཐུགས་འདུན་གློད་ནས་དབེན་པའི་རི་སུལ་ཞིག་ཏུ་རི་དྭགས་རྨས་མ་བཞིན་འགྲིམས་ཐོག་སྒྲུབ་པའི་རྒྱལ་མཚན་སྒྲེང་རྒྱུའི་ཐུགས་འདུན་ཡོངས་སུ་བཏད་ནས་རང་ཤག་ཏུ་སླེབས། གཟིམས་མལ་དུ་ཐུགས་སེམས་ཤིན་ཏུ་སྐྱོ་བས་སྤྱན་ཆབ་ཤུགས་ཆེར་བཏང་ནས་བཞུགས་པར་ཤག་མཚེས་ཕན་ཚུན་དང་ཤག་ཚང་གི་གྲྭ་པ་རྒན་གཞོན་མང་པོས་གསོལ་ཇ་དྲངས་ཞོར་ཁྱོད་རང་ཐུགས་ཁྲལ་གནང་དགོས་གང་ཡང་མེད། དགེ་རྒན་དམ་པ་དེ་ཉིད་སྐུ་འཚོ་བཞུགས་རིང་སྙུན་གཡོག་ཇི་ལྟར་གནང་ཚུལ་ཐོག་སེ་ར་ཐེག་ཆེན་གླིང་ལ་སྐད་གྲགས་འདུག སྐུ་ཞི་བར་གཤེགས་སྐབས་སུ་ཁྱོད་ཉིད་འདི་གར་དངོས་སུ་བཞུགས་མེད་ནའང༌། ང་ཚོས་འདས་འཇུག་གི་བྱ་བ་དེའི་གོང་ན་མེད་པ་ཞུས་ཡོད། དེ་བས་ཁྱེད་ཉིད་ཀྱིས་སྔར་བཞིན་ཁ་ལྟ་མཁན་ཤག་ཚང་དང་ཁང་ཚན་སོགས་འབྲེལ་ཡོད་གྲྭ་དགེ་ཕྲུག་རྣམས་ལ་མུ་འཐུད་དེ་དཔེ་འཁྲིད་གནང་རྒྱུ་དང༌། སློབ་གཉེར་འཕྲོ་འཐུད་གནང་ནས་ཞིང་གཤེགས་དགེ་རྒན་དམ་པ་དེ་ཉིད་ཀྱི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫཽགས་ཐབས་གནང་དགོས། ཞེས་ནན་ཏན་ཆེན་པོས་སེམས་གསོ་དང་སྐུལ་མ་ཡང་ཡང་བཏང་པ་དང༌། ལྷག་དོན་མཁན་རིན་པོ་ཆེ་བློ་བཟང་དབང་ཕྱུག་སོགས་འབྲེལ་ཡོད་སྐྱེས་ཆེན་དུ་མས་ནན་གྱིས་སྐུལ་བ་ལ་བརྟེན་ནས་རིམ་གྱིས་མུ་འཐུད་གྲྭ་སར་བཞུགས་ཏེ་དགེ་ཕྲུག་ཚོར་དཔེ་འཁྲིད་གནང་རྒྱུ་ཐུགས་གཏན་འཁེལ་བར་མཛད། འདིའི་སྐོར་ཞལ་གདམས་ནང་གི་རྣམ་ཐར་ཞལ་གསུང་མ་མདོར་བསྡུས་ལས་ཀྱང༌། དབུ་གསར་སྐབས་སུ་དགེ་རྒན་མཁས་གྲུབ་སྙུན་གཞི་ཇེ་ལྕི་རུ་གྱུར་པ་རེད༌། དང་པོར་མཆིན་པ་རྡོའི་ནད་གཞི་དང་མཐར་འབམ་ཡང་སྙུན་པ་རེད། ཆབ་གསང་འོག་ནས་བྲུས་ཏེ་ལོ་གཅིག་དང་ཟླ་བ་དགུ་ལ་དངོས་གནས་དྲང་གནས་སྡུག་དཀའ་ལས་བརྒྱབ་པ་ཡིན། དགེ་རྒན་གྱིས་ཐུགས་ལ་གཏན་ནས་བབ་ཀྱི་མ་རེད། ཡིན་གཅིག་མིན་གཅིག་གཡོག་མཁན་ང་ཡིན་དགོས་ཀྱི་རེད། དེ་དུས་དགུང་མོར་མཚན་ཕུད་འགྲོ་རེས་དེར་སླེབས་ཀྱི་འདུག་མ་གཏོགས་དེ་མིན་ཆོས་ར་སོགས་ལ་སླེབས་པའི་རེ་བ་ཡོད་པ་མ་རེད༌། དེ་འདྲའི་ངང་ནས་རྗེས་མ་དགེ་རྒན་སྙུན་གཞིག་ཅུང་དྭངས་སྐབས་འཇང་དགུན་ཆོས་ཚོགས་དུས་འཁེལ་བ་རེད༌། དགེ་རྒན་མཆོག་གིས་ཁྱོད་རང་འཇང་དགུན་ཆོས་ལ་སོང༌། ང་ནི་ཡར་དྲག་ཡ་མི་འདུག་ལ་ཤི་རྒྱུའང་མི་འདུག ཁྱོད་རང་གི་དཔེ་ཆ་དེ་འཕྲོ་བརླག་ཤོར་ས་རེད་གསུངས་བྱུང༌། ངས་སྐྱོན་མེད་དགེ་རྒན་མཆོག་སྙུན་གྱྀ་ཡོད་པ་རེད་ངས་སྙུན་གཡོག་བྱེད་ནས་སྡོད་ཀྱི་ཡིན་ཞུས་པ་ཡིན༌། དགེ་རྒན་གྱིས་ངས་བཤད་པ་འདི་ཁྱོད་རང་གིས་ཉན་དང་ཏག་ཏག་ཡིན་གསུངས་སྟེ་ཨུ་ཚུགས་གནང་པས་རྗེས་མར་ང་རང་འགྲོ་དགོས་བྱུང༌། ང་ཚོའི་འཛིན་གྲྭ་གོང་མའི་དགེ་རྒན་སྐལ་དབྱངས་དང་མཉམ་དུ་ང་རང་ལ་དགེ་ཕྲུག་ཁ་ཤས་ཡོད་པ་དེ་ཚོ་ཁྲིད་ནས་ཕྱིན་པ་ཡིན། དེ་ནས་ཟླ་གཅིག་གི་མཚམས་སུ་ཉིན་ཞིག་ལ་དགེ་རྒན་སྐལ་དབྱངས་ཀྱིས་ངས་རྨི་ལམ་ནང་དུ་དགེ་རྒན་རྨིས་ནས་རྨི་ལམ་འཁྲུགས་ཀྱི་འདུག་གསུངས་བྱུང༌། ངས་ང་རང་ལའང་དེ་ལྟ་རྨིས་ཚུལ་སོགས་བཤད་ནས་ང་རང་སེ་རར་ལྟ་འགྲོ་རྒྱུ་ཐག་བཅད་དེ་གནས་ཚང་རྒན་པ་ལ་དགོངས་པ་ཞུ་འགྲོ་དུས། གནས་ཚང་རྒན་པས་དེ་འདྲ་ལུགས་སྲོལ་ཡོད་པ་མ་རེད་གསུངས་སྟེ་དགོངས་པ་གནང་མ་བྱུང་བས་ང་རང་འགྲོ་དབང་མེད་པར་ལུས་སོང༌། དེ་ནས་ཟླ་གཅིག་དང་ཞག་བཅོ་ལྔ་ཚང་སྟེ་གསང་ཕུ་རྭ་སྟོད་ནས་སེ་རར་ཚུར་འོང་ནས་བར་རུ་ཁུག་ཅེས་པ་དེར་སླེབས་དུས་གླིང་ཁའི་ནང་ཐུག་པ་སྐོལ་ནས་སྤྲོ་བོ་བྱེད་དེ་བསྡད། དུས་དེར་སེ་ར་ནས་སོ་སོར་དགེ་ཕྲུག་རྣམས་བསུ་བར་སླེབས་ཀྱི་རེད། དེ་ཉིན་ང་རང་གི་དགེ་ཕྲུག་སྐུ་འབུམ་གླིང་ཚང་ངག་དབང་པདྨ་དང་པོ་སླེབས་བྱུང༌། ངས་དགེ་རྒན་སྙུན་གཞི་ག་འདྲ་འདུག་ཅེས་འདྲི་དུས་ཁོས་རྒན་སྔོན་མ་ལས་ཅུང་དྲག་གི་འདུག༌། ད་སྐབས་ལྷ་སར་སྤྱི་སྒོ་རྒྱབ་ཚང་སར་སྨན་བཅོས་བྱེད་ནས་བཞུགས་ཡོད་ཟེར། དེའི་རྗེས་དགེ་ཕྲུག་འགའ་ཞིག་སླེབས་བྱུང༌། ཚང་མ་ཁ་གཅིག་གྲགས་རེད། ང་རང་དགའ་མགུ་ཡི་རངས་ནས་ཕྱི་བོར་མ་གཏོགས་སྡོད་ནས་རང་ཤག་ཏུ་འོང་བ་ཡིན། ཤག་ལ་སླེབས་ནས་ཅུང་མ་སོང་གོང་དགེ་རྒན་བློ་བཟང་དབང་ཕྱུག་གི་སྐུ་ཚ་ཉི་མ་ཚེ་རིང་ཡོང་ནས་མཁན་རིན་པོ་ཆེས་དགེ་བཤེས་བློ་བཟང་དབང་ཕྱུག་ཁྱོད་རང་གྲྭ་ཚང་ཐོག་ཁར་ཤོག་གསུངས་བྱུང་ཟེར་ནས་བརྡ་སྐྱེལ་བྱུང༌། ང་སྐྲག་ནས་གང་འདྲ་ཡིན་ན་ང་ཁྲིམས་ལ་ཐུག་དོན་ནི་མེད་བསམ་བཞིན་གྲྭ་ཚང་ཐོག་ཁར་མཁན་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་ཕྱག་གསུམ་ཕུལ་བ་ཡིན༌། མཁན་རིན་པོ་ཆེ་དགེ་རྒན་བློ་བཟང་དབང་ཕྱུག་ཕྲེང་བ་ཆུང་ཆུང་ཞིག་ཕྱག་ལ་བསྣམས་སྟེ་ཕར་ཕེབས་ཚུར་ཕེབས་བྱེད་བཞིན་ང་ལ་དཀའ་ཨེ་བྱུང་གསུངས་བྱུང༌། ངས་དཀའ་མ་བྱུང་རྒན་སྐུ་ཁམས་དྭངས་གསལ་ལགས་སམ་ཞུས་པ་ཡིན༌། རྒན་ནས་ང་ཅི་གང་ན་འི་མི་འདུག༌། ཁྱོད་རང་སློབ་གཉེར་ག་འདྲ་བྱུང་གསུངས་བྱུང༌། ངས་འགྲིག་ཙམ་བྱུང་ཞུས་པ་ཡིན༌། རྒན་མཆོག་གིས་ངས་གོ་བྱུང་ཁྱེད་རང་གིས་སློབ་གཉེར་བྱེད་སྟངས་དང་དགེ་ཕྲུག་ཚོ་ལ་དཔེ་ཆ་ཁྲིད་སྟངས་ཆ་ཚང་གོ་བྱུང་གསུངས་ནས་སྔོན་མ་ཇོ་བོ་རྗེ་དང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར་ཇོ་འབྲོམ་ཕེབས་སྐབས་འདི་འདྲ་དང་དེ་འདྲ་མཐའ་སྙེ་ཐང་དུ་ཇོ་བོ་ཆེན་པོ་དགོངས་པ་རྫོགས་ཚུལ་གསུངས་བྱུང་ཡང་ཁོ་བོས་རྒྱུ་མཚན་དང་དགོས་པ་ཅི་གང་མ་ཤེས། མཐའ་མར་རྒན་གྱིས་དངོས་གནས་དྲང་གནས་ཁྱོད་རང་གིས་དགེ་རྒན་ལ་གཡོག་བྱེད་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་ཞིག་བྱས་སོང༌། སེ་ར་ཏྲེ་ཧོར་ནང་སྐད་གྲགས་འདུག ཡིན་ན་ཡང་ད་རིང་དགེ་རྒན་སྐུ་ཚེ་བརྟན་མ་སོང་དེ་དངོས་གནས་དྲང་གནས་ཁྱོད་རང་ལ་འགྱོད་པ་ཅི་གང་ཡོད་མ་སོང༌། རྒན་དགེ་ཕྲུག་མི་ཚེ་ལ་མཐའ་རྟག་པ་ནི་གང་ཡང་ཡོད་མ་རེད་གསུངས་པ་དང་ང་རང་བློ་ཕམ་ཞེ་དྲག་བྱུང་ཡང་མཁན་རིན་པོ་ཆེ་ལ་ཅི་གང་ཞུ་མ་ནུས༌། ཡང་མཁན་རིན་པོ་ཆེ་མཆོག་གིས་ཁྱོད་རང་ཡར་འགྲོ་མར་འགྲོ་ཕར་འགྲོ་ཚུན་འགྲོ་སོགས་སེམས་པ་ཕམ་པའི་ལས་ཀ་འདྲ་མིན་བྱེད་མི་ཉན། དོན་དག་ཡོད་མ་རེད། དེ་ལས་དགེ་ཕྲུག་མང་པོ་རེད། དེ་རྣམས་ལ་དཔེ་ཆ་ཡག་པོ་ཁྲིད་རོགས། ངའི་རེ་བ་འདུན་པའང་དེ་ཡིན་ཞེས་བཀའ་གནང་བྱུང༌། ངས་རང་ལ་ཡོད་པའི་རྡ་ཡན་དཀར་པོ་གཅིག་དེ་བསྔོ་རྟེན་ཆེད་དུ་ཕུལ་དུས་མཁན་རིན་པོ་ཆེ་མཆོག་གིས་ཞལ་འཛུམ་པའི་ངང་ནས་ང་མཁན་པོ་རེད་ཁྱོད་རང་གྲྭ་བ་གྲྭ་རྐྱང་རེད། དེ་འདྲ་དགོས་པ་མ་རེད་གསུངས་ནས་བླ་སྤྱིའི་ནང་སྡོད་ཨ་གསུངས་བྱུང༌། དེ་ནས་རང་ཤག་ལ་མར་འོང་སྟེ་མིག་ཆུ་བཏང་ནས་ལུས་པའི་སྐབས་ཞིག་ལ་དགེ་རྒན་ཚུལ་ཁྲིམ་ས་ཕེབས་ནས་ཁྱོད་རང་ག་རུ་ངུ་ཡིན་རྒན་ལ་གཡོག་བྱེད་ཡག་པོ་ག་འདྲ་བྱེད་སོང་སེམས་ཁྲལ་བྱེད་དགོས་པ་མ་རེད། དགེ་རྒན་ཡ་མ་ཆོས་གྲགས་དང༌། དགེ་རྒན་ཡ་མ་རྒྱ་མཚོས། སྐུ་ཕུང་ཕ་བོང་ཁར་ཡར་གདན་དྲངས་ཏེ་ཞུགས་འབུལ་ཞུས་སོང༌། ཁྱོད་རང་སེམས་ཕམ་ནས་སྡོད་པའི་དགོས་པ་ཡོད་མ་རེད་གསུངས་བྱུང༌། དེ་ནས་དགེ་རྒན་ཡ་མ་ཆོས་གྲགས་སོགས་དགེ་རྒན་མང་ཐག་ཆོད་ཕེབས་ཏེ་བསླབ་བྱ་གང་མང་གནང་བྱུང༌། དེ་འདྲ་འོང་བ་དེ་ཡང་དགེ་རྒན་རིན་པོ་ཆེ་ལ་གཡོག་བྱེད་ཕུན་སུམ་ཚོགས་པར་བྱས་པས་བློ་བཟང་འཇམ་དབྱངས་འདི་ནི་དགེ་རྒན་ལ་དད་པ་སྙིང་ནས་ཡོད་མཁན་ཞིག་རེད། འཇང་དགུན་ཆོས་ནས་ཚུར་འཁོར་ཡོང་དུས་སྐད་ཆ་བཤད་སྟངས་ཡག་པོ་ཞིག་མ་བྱུང་ན་མཐར་དེས་རྐྱེན་སློང་སྟེ་གནས་ཚུལ་སྡུག་པོ་མི་ཡོང་བའི་ངེས་པ་མེད། དེས་ན་ང་ཚོས་བཤད་ཁག་པོ་འདུག ཅི་དྲག་གང་དྲག་ཟེར་ནས་དགེ་རྒན་ཡ་མ་ཆོས་གྲགས། དགེ་རྒན་པདྨ་རྒྱ་མཚོ། ཉག་རྩ་ཆོས་མཛད་སོགས་ཀྱིས་ཞུ་མ་ནུས་པའི་མཐར་མཁན་རིན་པོ་ཆེས་ཐོག་མར་གཅིག་གསུངས་ན་སྐྱོན་མི་འོང་ཟེར་ནས་ཞུ་བ་ཕུལ་བས། མཁན་རིན་པོ་ཆེས། ང་མགྱོག་པོ་ཤོག་ཅེས་འབོད་དགོས་པའི་རྒྱུ་མཚན་དེ་རེད་འདུག རང་གི་དགེ་རྒན་རྡོ་རྗེའཆང་ལ་དེ་འདྲ་བྱས་ནས་གཡོག་རྒྱུ་བྱུང་ལ་སྙུན་གཡོག་བྱེད་སྟངས་ཀྱང་དེ་འདྲ་ཡིན། ཐ་མར་དགེ་རྒན་རྡོ་རྗེའཆང་དགོངས་པ་རྫོགས་སོང་བ་རེད༌། བཤེས་གཉེན་བསྟེན་ཚུལ་ནི་གཉིད་ཀྱི་རྨི་ལམ་གནས་སྐབས་ལ་ཡང་བློས་བཏང་མ་མྱོང༌། དེ་འདྲ་ཡིན། ཞེས་གསུང་འདུག་པ་ལས་ཀྱང་ཤེས་ནུས་སོ།། དབུ་གསར་ལོ་གཉིས་པར་རྗེའི་དབུ་མ་དགོངས་པ་རབ་གསལ་གྱི་ཐོག་ནས་རྩ་ཤེའི་འགྲེལ་བ་ཚིག་གསལ་སོགས་དང་སྦྱར་ཏེ། སླར་ཡང་དབུ་མའི་གཞུང་ཆ་ཚང་བར་བསྐྱར་ཞིབ་ཀྱི་སྦྱང་བཤད་རྩོད་པ་ཕུལ་ཕྱིན་གནང༌། ལྷག་པར་ཉོན་མོངས་སྐྱོན་རྣམས་མ་ལུས་འཇིགས་ཚོགས་ལ།།ལྟ་ལས་བྱུང་བ་བློ་ཡིས་མཐོང་གྱུར་ཅིང༌།།བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ཏེ།།རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད།།ཅེས་པའི་ཐད་ཀྱི་རྩ་འགྲེལ་ཁག་ལ་གཟིགས་ཞིབ་གནང་བ་ནས་དབུ་མའི་ལྟ་བ་ལ་གོ་རྒྱ་འབུར་དུ་འཐོན་པ་བྱུང་ཚུལ་གོང་དུ་གསལ་བ་ལྟར་ལགས་སོ།། ཐུབ་པའི་གསུང་གི་དགོངས་པ་མཐར་གཏུགས་པ།། ཀླུ་སྒྲུབ་སྙིང་པོས་ཐོག་མར་གཏོད་པའི་སྲོལ།། ཟླ་གྲགས་རིགས་པའི་རྩལ་གྱིས་འབྱེད་པའི་ལུགས།། འཇམ་འགོན་བླ་མའི་ཐུགས་ཀྱི་དགོངས་པའི་མཛོད།། རྩ་འཇུག་བཞི་གསུམ་དབུ་མའི་གཞུང་གི་དོན།། དྲི་མེད་ལུང་དང་རིགས་པའི་རྒྱ་མཚོ་ཆེ།། ཆོས་ཀྱི་རྒྱལ་མཚན་མཐོན་པོའི་རླབས་གཡོ་བར།། མང་ཐོས་གྲུ་རྫིངས་བརྩོན་པའི་རླུང་གིས་བསྐུལ།། དེ་ཚེ་མཁས་དང་གྲུབ་པའི་བཤེས་ཀྱི་མཆོག། ངེས་དོན་འབྱེད་པའི་དྲི་མེད་ལུང་རིགས་ལ།། རླབས་ཆེན་བསོད་ནམས་ཟོང་གི་རམ་འདེགས་ཆེད།། ཐུན་མོང་སྣང་ངོར་སྙུན་ཚུལ་འཛིན་པའི་སྐབས།། གང་ཁྱོད་སེ་བཙུན་མར་པ་ས་པཎ་བཞིན།། སྙུན་གཡོག་བྱས་པའི་ངོ་མཚར་གཏམ་གྱི་ཕྲེང༌།། རྨད་བྱུང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་བསྟར།། མར་པ་མི་ལ་གཞོན་ནུ་འོད་ལ་སོགས།། སྔོན་བྱོན་དམ་པའི་རྨད་བྱུང་རྣམ་ཐར་དང༌།། ཐེག་མཆོག་བཤེས་གཉེན་ཚུལ་བཞིན་བསྟེན་ཚུལ་ལ།། དམ་པ་ཁྱོད་དང་དུས་ཀྱི་ཁྱད་པར་ཙམ།། དེ་ཕྱིར་བསོད་ནམས་རྟ་བདུན་རླུང་ཤུགས་ཀྱིས།། སྐྱེས་སྟོབས་རྣམ་པར་འབྱེད་པའི་ཉི་གཞོན་ནི།། རབ་ཡངས་ཤེས་བྱའི་མཁའ་དབྱིངས་ལ་དྲངས་པས།། འཛད་དུ་མེད་པའི་འོད་བརྒྱའི་དགའ་སྟོན་འབྱེད།། སྣང་བས་ཡོད་མཐའ་སེལ་བའི་ཀུན་རྫོབ་དང༌།། སྟོང་པས་མེད་མཐའ་བསལ་པའི་དོན་དམ་གཉིས།། རེས་འཇོག་མེད་པར་ཅིག་ཅར་འཆར་བའི་བློས།། གནས་ལུགས་སྟོང་པའི་རང་ཞལ་རྗེན་པར་འཇལ།། འཇིགས་ཚོགས་བདག་ལྟའི་རི་བོ་འཇོམས་པའི་འཕྲུལ།། བདག་མེད་རྟོགས་པའི་རྡོ་རྗེ་རྩེ་བརྒྱ་བ།། ཕུལ་བྱུང་བསོད་ནམས་དཔུང་པས་འདེགས་པ་ལ།། མགོན་ཁྱོད་གྲགས་པའི་མུ་ཁྱུད་དངོས་ལས་ལྷག། རྣམ་དག་སྤྱོད་པའི་འདབ་སྟོང་ལྷུག་པོར་གྲོལ།། ངེས་དོན་མཁྱེན་པའི་སྦྲང་རྩིའི་དགའ་སྟོན་སྨིན།། གྲགས་པའི་རླུང་དང་འགྲོགས་པའི་དྲི་བསུང་གིས།། ཡིད་ཅན་བུང་བ་འགུགས་པའི་འཕྲོ་འདུ་གཡོ།། ཚིག་གི་ལོ་མའི་ཤག་སྒྲ་གོ་མ་ཐག། མཁས་རློམ་དྲེགས་པའི་ཕུད་སྒྲ་སྒྲོགས་པའི་བུ།། མ་ཡིན་རྣམ་པར་དཔྱོད་པའི་མཚོན་རྣོན་གྱིས།། ཆོས་ཀུན་འབིགས་པའི་རྣོ་དབལ་བརྗོད་ལས་འགོངས།། ཟབ་རྒྱས་མཁྱེན་རབ་རྒྱ་མཚོ་བརྟས་ན་ཡང༌།། ཐོས་པའི་ཆུ་ཕྲན་བཏུང་ལ་མི་ངོམས་ཤིང༌།། རློམ་པའི་ཅ་ཅོ་སྒྲོགས་པ་མི་ལྡན་པས།། དྲན་དབང་གདེངས་ཅན་བྱེ་བའི་རྟེན་དུ་གྲུབ།། སྡེ་འདིའི་གནས་བརྟན་གསེར་གྱི་རི་བོ་ལྟར།། བཀུར་འོས་དུ་མས་ཁྱོད་ལ་བསྔགས་བརྗོད་དབྱངས།། སྙན་འཇེབས་གཡས་སུ་འཁྱིལ་བའི་དུང་གི་སྒྲ།། ཕྱོགས་ཀྱི་བུ་མོའི་རྣ་བའི་བདུད་རྩིར་སྨིན།། རྨད་བྱུང་ཚོགས་གཉིས་བསགས་པའི་ལྷུན་པོ་དང༌།། ཟབ་རྒྱས་མཁྱེན་གཉིས་འཁྱིལ་བའི་ཆུ་གཏེར་འཇིངས།། འཛད་མེད་འཕྲིན་ལས་གནམ་མཐོངས་ཡངས་པོའི་ཁྱོན།། ཕལ་གྱི་སྐྱེ་བོའི་བློ་ཡིས་གཞལ་ནུས་མིན།། ཞེས་པ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།། ༧འདུལ་བ་གསར་རྙིང༌།

ཐུབ་མཆོག་ཞི་བར་གཤེགས་པའི་ཤུལ་ལམ་དུ།། ཐུབ་པའི་རིང་ལུགས་བླ་ནས་བླར་འདེགས་པའི།། ཐུབ་པའི་གསུང་སྐྱེས་འཕགས་པའི་དགེ་འདུན་སྡེ།། ཐུབ་བསྟན་ཁང་བཟང་མཛེས་པའི་རྒྱན་དུ་བསྔགས།།

 དེ་ནས་བོད་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཉིན་འདུལ་གསར་འཛིན་གྲྭར་འཕོས་ཏེ། ཕ་མའི་སོ་ཐར་ཀྱི་མདོ་དང༌། ལུང་སྡེ་བཞི་སོགས་རྩ་བཤད་ཕྱོགས་མཐུན་གྱི་མདོ། ཡོན་ཏན་འོད་ཀྱི་འདུལ་མདོ་དེའི་རྒྱ་ཆེར་འགྲེལ་རྣམས་དང༌། ཁྱད་པར་མཚོ་ཊཱིཀ་རྣམ་བཤད་ཉི་མའི་འོད་ཟེར་དང༌། རང་གཞུང་འདུལ་བའི་ཡིག་ཆ་གཞིར་འཛིན་པའི་སྟེང་ནས་མདོ་རྩའི་མཆོད་བརྗོད་དམ་བཅའ་བ་སོགས་ནས་དབུ་བརྩམས། ངེས་པར་འབྱུང་བའི་ཚུལ་ཁྲིམས། སྡོམ་པ་སྐྱེ་བའི་བར་ཆད། མཐུན་རྐྱེན་ཕུན་ཚོགས་གསུམ་ལྡན། དགེ་བསྙེན། བར་མ་རབ་བྱུང༌། མཁན་སློབ་ཀྱི་རྣམ་གཞག སོ་ཐར་རིགས་བརྒྱད་ལས་དགེ་བསྙེན་དང༌། དགེ་ཚུལ་ཕ་མའི་སྡོམ་པ་སྤང་བླངས། དགེ་སློབ་མའི་སྐོར། མཐུན་མིན་དགེ་སློང་མའི་སྤྲོས་བཤད་ལས་དེའི་ལྟུང་བ་སྡེ་ལྔ་སོགས་ཁྲིམས་སུམ་བརྒྱ་དྲུག་ཅུ་རེ་བཞི། སྤྱིར་བཏང་སྡོམ་པའི་གཏོང་རྒྱུའི་སྐོར། དགེ་སློང་ཕའི་བསྙེན་རྫོགས་སྐོར། སྔོན་ཆོག་དང་ད་ཆོག་ཉེས་མེད་ཕུན་ཚོགས་སྐོར། བསྙེན་རྫོགས་ཀྱི་ཁ་སྐོང་ཆོས་བཞི། མངོན་གྱུར་བཅུ། དེའི་སྒྲུབ་ཆོག་གི་ཁྱད་པར་དུས་གོ་དང༌། གདམས་ངག་བརྗོད་པ། དང་པོ་ལོ་བཅུ་ལོན་པའི་ལྔ་ཚན་ནས་ལྟུང་ཤེས་ཀྱི་བར་ལྔ་ཕྲུགས་ཉེར་གཅིག །སྣོད་སྤྱད་རྟགས་ལྷུང་བཟེད་སྐོར། ལྟུང་བ་སྡེ་ལྔའི་སྐོར། ཕམ་པའི་སྡེ། སྦོམ་པོའི་སྐོར། དགེ་འདུན་ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། རྫུན་སྐྱོན་ལ་སོགས་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། དགེ་སློང་མ་ལས་ཟས་ལེན་པ་སོགས་སོར་བཤགས་བཞི། གོས་བགོ་བ་ལས་འགྱུར་བའི་སྡེ་ཚན་སོགས་ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ། མདོར་ན་འདུལ་བ་གཞི་སྟོད་ཆ་ཚང་ལ་རྩོད་པ་ཞིབ་ཏུ་གནང་བཞིན་པའི་མུར། 

ས་ཁྱི་༡༩༥༨ཆུ་སྟོད་ཟླ་བ་དྲུག་པའི་ནང་གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པས་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་ལེགས་གྲུབ་གྱིས་གྲྭ་སྐོར་མཚན་རྟགས་བཞེས་སླད་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་དུ་ཆིབས་བསྒྱུར་དམ་འཇོག་ཟིན་རྗེས། བྱམས་ཆེན་ཆོས་ཀྱི་རྒྱལ་པོའི་གདན་ས་སེ་ར་ཐེག་ཆེན་གླིང་དུ་ཚོགས་ཆེན་གཙུག་ལག་ཁང་ཆེན་པོའི་ཡང་ཐོག་རྣམ་པར་རྒྱལ་པའི་ཕོ་བྲང་དུ་ཞབས་སེན་འཁོར་ལོའི་རེ་ཁ་མངོན་པར་འཁོད་ཅིང༌། དེ་ནས་ཚོགས་ཆེན་རྡོ་བཅལ་ཆེན་མོར་ལུང་རིགས་སྨྲ་བའི་དགེ་འདུན་ཁྲི་ལ་ཉེ་བའི་དབུས་སུ་མཆོད་བརྗོད་སྔོན་དུ་བཏང་ནས་རབ་འབྱམས་སྨྲ་བའི་གྲྭ་སྐོར་དམ་བཅར་བཞུགས་པར། སེར་བྱེས་མཁན་པོ་བློ་བཟང་དབང་ཕྱུག་དང་སེར་སྨད་མཁན་པོ་གཉིས་ནས་རིམ་པར་བཞིན་རྒྱན་དྲུག་མཆོག་གཉིས་ལྟ་བུའི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོ་དུ་མས་གཞུང་ཆེན་པོད་ལྔའི་བཀའ་གནད་དོགས་གཅོད་གང་ཟབ་ཀྱི་བརྒལ་རྟགས་མཆོད་སྤྲིན་རྒྱ་ཆེར་སྤྲོས་པ་ལ། ཇི་སྐད་དུ། རྒྱལ་ཚབ་རྭ་སྒྲེངས་རིན་པོ་ཆེས། འཇམ་དཔལ་གཞོན་ནུ་ཐུགས་ལ་ཞུགས་པའི་མཐུས།། ངག་གི་དབང་ཕྱུག་མདོ་སྔགས་ཆོས་ཚུལ་ཀུན།། རབ་འཁྱིལ་བློ་བཟང་ཡེ་ཤེས་རྒྱལ་བའི་བསྟན།། འཛིན་མཁས་རྒྱ་མཚོའི་མགོན་དུ་བརྟན་པར་བཞུགས།། ཞེས་གསུང་པ་དང་མཐུན་པར་བདེ་བར་གཤེགས་པའི་གསུང་རབ་རྒྱ་མཚོ་ལྟ་བུའི་བཀའ་གནད་རྣམས་ལ་མི་འཇིགས་སྤོབས་པ་བཞི་ལྡན་གྱི་བཀའ་ལན་ཐོག་མེད་དུ་གནང་བའི་སྐལ་བཟང་དུས་སྟོན་དུ་ཞུགས་ཤིང༌། ྋགོང་ས་རྒྱལ་དབང་མཆོག་གི་མཚན་དཔེའི་སྐུ་དངོས་མཇལ་ཞིང་གསུང་གི་བདུད་རྩི་དངོས་སུ་མྱོང་བའི་སྐལ་བཟང་ཐོབ། དམ་བཅའ་ལེགས་གྲུབ་བྱུང་ནས་གྲྭ་དམངས་མཉམ་གཤར་གྱིས་ཕྱག་དབང་དང༌། འོག་མིན་གཉིས་པ་ནོར་བུ་གླིང་གར་ཕྱིར་ཕེབས་སྐབས་ཕེབས་བསྐྱེལ་སེར་ཕྲེང་གི་གྲལ་བསྟར་ཞུགས་པའི་སྐལ་བཟང་ཐོབ། དགུང་ལོ་སོ་གཅིག་པ་རབ་བྱུང་བཅུ་གཅིག་པའི་ས་ཕག་༡༩༥༩ གནམ་ལོ་གསར་པའི་དགའ་སྟོན་ཚར་ནས། ལྷ་ལྡན་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་སྒོ་ནང་ཞུགས༌། ལོ་དེའི་སྨོན་ལམ་ཚེས་༡༣ ཉིན་ྋགོང་ས་སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གཞུང་ཆེན་པོད་ལྔར་གསན་བསམ་ལེགས་གྲུབ་ཀྱིས་ལྷ་ལྡན་སྨོན་ལམ་ཆེན་མོའི་རབ་འབྱམས་པའི་གྲྭ་སྐོར་དམ་བཅའ་བཞག་ཉིན། གདན་ས་གསུམ་གྱི་རྩོད་མེད་མཁས་གྲུབ་དུ་མས་སྟག་སེང་ཁ་འཐབ་པ་ལྟ་བུའི་ཆོས་ཀྱི་བགྲོ་གླིང་ཕུལ་བར། འདྲི་བ་ཀུན་འདེབས་པ་དང༌།། ཞེས་པ་ལྟར་མི་འགལ་བ་དང༌། མ་འཁྲུལ་བ། མ་ཟློས་པའི་ལམ་ནས་གསུང་ལན་ཐོགས་མེད་གནང་བའི་སྐལ་བཟང་གི་དགའ་སྟོན་དང་སྦྲགས། སྔ་ཕྱིར་མང་ཇ་དང་གསུང་ཆོས་རྭ་བར་སྔ་དགུང་དམ་བཅའ་ཆེན་པོ་བཅས་སུ་ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཡབ་སྲས་ཞལ་དངོས་སུ་མཇལ་ཞིང་གསུང་རྗེན་པར་ཐོས་པའི་བགོ་སྐལ་བྱུང༌། འོན་ཀྱང་སྐབས་དེར་རྒྱ་གཞུང་གིས་ལྷ་སའི་བར་སྐོར་དང་ཁྲོམ་གཟིགས་ཁང་སོགས་གྲོང་ཁྱེར་ལྷ་སའི་ཁྲོམ་ཚོགས་ཆེ་ས་ཕལ་ཆེ་བའི་ཐོག་ཁང་ནས་མེ་མདའ་སྦག་སྦག་བཙུགས་ནས་ཡོད་པ་དང་དམག་མི་ཚོ་ཡང་གང་སར་བཀྲམ་ནས་ཡོད་སྟབས་མང་ཚོགས་ཀྱི་བསམ་བློའི་ནང་རང་དབང་མེད་པར་དངངས་སྐྲག་བྱེད་པའང་བྱུང༌། སྨོན་ལམ་གཏོར་རྒྱབ་དང་བཅས་པ་ལེགས་གྲུབ་ཟིན་ནས་སེ་རར་ཕྱིར་ཕེབས་ཏེ་དཔྱིད་ཆོས་དང་པོར་ཞུགས་ནས་སློབ་གཉེར་གྱི་འཕྲོ་སྐྱོང༌། བསྟན་ལ་སྟོན་པ་ཉིད་ཀྱི་ཚབ་རུང་བའི།། བསྟན་པའི་ནང་མཛོད་དམ་ཆོས་འདུལ་བའི་གཞུང༌།། བསྟན་མཁས་བཤེས་གཉེན་དུ་མའི་གསུང་རྒྱུན་ལས།། བསྟན་པའི་བདུད་རྩི་ཁྱོད་ཐུགས་ཀློང་ན་འཁྱིལ།། མཚོ་ལྟར་ཟབ་པའི་མཚོ་ཊིག་ཆེན་མོ་དང༌།། རིན་གྱིས་གཞལ་མིན་རིན་ཊིག་ནོར་བུའི་གཏེར།། ལེགས་པར་བཤད་པའི་གཞུང་ལ་ལེགས་བསླབས་པས།། མཁས་པའི་བཞེད་སྲོལ་མཁས་པ་ཁྱོད་ཀྱིས་མཁྱེན།། སྡེ་བཞི་ལུང་གི་འདུལ་བའི་དགོངས་པའི་དོན།། རྣམ་པར་འབྱེད་ལ་གཞན་དྲིངས་མི་འཇོག་པའི།། ཡོན་ཤཀ་མཁས་པའི་གཞུང་འགྲེལ་ནོར་བུའི་མཛོད།། དབང་བསྒྱུར་ཁྱོད་ནི་གདེངས་ཀའི་དབང་པོ་བཞིན།། ཆོས་ཀྱི་གདན་ས་གནམ་གྱི་མཐོངས་ཡངས་པོར།། འདུལ་འཛིན་བྱེ་བའི་སྐར་ཚོགས་འཁྲིགས་པའི་དབུས།། གང་ཁྱོད་ཞི་དུལ་སྟོན་ཀའི་ཟླ་བ་བཞིན།། སྐལ་བཟང་དང་བ་འདྲེན་པའི་མིག་རྒྱན་འཛིན།། མང་ཐོས་ཤེས་བྱ་རིག་པའི་གནས་ལ་མཁས།། དམ་ཆོས་འདུལ་བའི་ཉམས་ལེན་ཟབ་པས་བཙུན།། ཟོལ་མེད་གཞན་དོན་སྒྲུབ་པའི་ལྷག་བསམ་བཟང༌།། འདུལ་འཛིན་བྱེ་བའི་གཙུག་གི་རྒྱན་དུ་མཛེས།། ཞེས་པ་ནི་བར་སྐབསཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

༨གདན་སར་བཞུགས་རིང་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་མདོ་དང་རྒྱུད་སྡེ་རྒྱ་མཚོའི་བཀའ་ལུང་མན་ངག་ ཇི་ལྟར་ཞུས་པའི་ཚུལ།


མི་བཟད་སྙིགས་ལྔའི་རྨུ་རྒོད་འབྱུང་པོ་ཀུན།། མ་ནོར་ཐར་པའི་ལམ་བཟང་བསྟན་པ་ལ།། བདེ་གཤེགས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན།། མཚུངས་མེད་དྲིན་ཅན་བླ་མས་དགེ་ལེགས་སྩོལ།།

 ད་ནི་དབུས་འགྱུར་ཆོས་ཀྱི་ཞིང་ཁམས་དམ་པའི་ཆོས་ཀྱི་གདན་སར་བཞུགས་པའི་རིང་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་མི་གཉིས་པའི་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་མདོ་དང་རྒྱུད་སྡེ་རྒྱ་མཚོའི་བཀའ་ལུང་མན་ངག་ཇི་ལྟར་ཞུས་པའི་ཚུལ་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་ཆེད་འདིར་ཟུར་དུ་ཕྱུང་ནས་བརྗོད་པར་འདོད་དེ། དེ་ཡང་སྐུ་ཚེ་འདིའི་ཕྱིའི་ཡོངས་འཛིན་གཙོ་བོ་ནི་འཇམ་མགོན་སྙན་བརྒྱུད་བསྟན་པའི་བདག་པོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ལྡན་ཁྲག་འཐུང་ཧེ་རུ་ཀ༔པ་གསུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་རོལ་མདོ་སྔགས་ཐ་སྙད་རིག་གནས་དང་བཅས་པ་ལ་ཆགས་ཐོགས་མེད་པའི་མཁྱེན་རབ་ཀྱི་ཀློང་བརྡོལ་བ། དཔལ་མཉམ་མེད་དགེ་ལྡན་རིང་ལུགས་པའི་བསྟན་པའི་སྲོག་ཤིང༌། གངས་ཅན་ལྷ་གཅིག་ཕྱག་ན་པདྨོའི་རིགས་ཀྱི་ཅོད་པན་ྋསྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་ཞེས་མཚན་གྱི་སྙན་པའི་བ་དན་དཀར་པོ་རྩོད་མེད་མཁས་གྲུབ་བྱེ་བའི་བླ་ན་འཁོར་བ་དེ་ཉིད་ཡིན་ཞིང༌། རྗེ་བཙུན་བླ་མ་དམ་པ་དེ་ཉིད་ཀྱི་ཞལ་སྔ་ནས། ས་གླང་༡༩༤༩ལོར་དཔྱིད་དུས་རྒྱུད་སྨད་དགེ་སློང་གསར་སྒྲུབ་ཁག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ལྷ་ས་རྒྱུད་སྨད་གྲ་ཁང་དུ་རྒྱུད་སྨད་མཁན་བླ་དགེ་འདུན་རྣམས་དང༌། གདན་ས་གསུམ་གྱི་བླ་སྤྲུལ་དགེ་བཤེས་སོགས་ཞུ་བ་ཤིན་ཏུ་མང་པོ་དང་ལྷན་གཅིག་ཏུ་གསང་བདེ་འཇིགས་གསུམ་གྱི་དབང་ཆེན་དང༌། སྔགས་བཏུས་རྗེས་གནང༌། མགོན་ཆོས་ལྷ་མོ་རྣམ་སྲས་བཅས་ཀྱི་རྗེས་གནང་ཞུས་ཐོག བདག་བསྐྱེད་རྒྱུན་འདོན་དམ་བཅའ་ཅན་ཆིག་སྟོང་ལྷག་དང་ལྷན་ཅིག་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཆེན་ཞུས།

བོད་ཟླ་ལྔ་པའི་ཚེས་བཅུ་ནས་བཟུང་ཉེར་དགུའི་བར་ཉིན་ཉི་ཤུའི་རིང་སྨན་སྟོད་ལྕམ་སྦ་ཡེར་ཚང་ཚེ་རིང་སྒྲོལ་དཀར་གྱིས་ཞུས་དོན་བཞིན་རྗེ་དེ་ཉིད་ཀྱི་དྲུང་ནས་བཞི་སྡེ་འདུ་ཁང་དུ་བླ་སྤྲུལ་དགེ་བཤེས་གྲྭ་དཀྱུས་མི་སྐྱ་ཐེ་བའི་ཆོས་ཞུ་བ་སྟཽང་ཕྲག་མ་ཟིན་ཙམ་དང་ལྷན་ཅིག་བདེ་མཆོག་དྲིལ་བུའི་ལུགས་ཕྱི་དཀྱིལ་ལྷ་ལྔའི་དབང་ཆེན་དང་ལུས་དཀྱིལ་གྱི་དབང་ཆེན། དྲིལ་བུ་ལུས་དཀྱིལ་རིམ་གཉིས་ཀྱི་འཁྲིད། ན་རོ་ཆོས་དྲུག་གི་མྱོང་འཁྲིད་བཅས་ཞུས། ལྕགས་སྟག་༡༩༥༠དབྱར་ཆོས་ཆེན་པོའི་ནང་སེར་བྱེས་མཁན་སྙན་གྲྭ་ཚང་གི་མཁན་རབས་རེ་གསུམ་པ་དགེ་བའི་བཤེས་གཉེན་ཆེན་པོ་ཏྲེ་ཧྲོར་ཐུབ་བསྟན་བསམ་གཏན་གྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སེར་བྱེས་མཁན་སྙན་གྲྭ་ཚང་གི་འདུ་ཁང་དུ། གྲྭ་ཚང་བྱེས་སྨད་སྔགས་གསུམ་མཁན་ལས་ཟུར་དང་བླ་སྤྲུལ་དགེ་བཤེས་དགེ་འདུན་འདུས་དམངས། གཞན་ཡང་ལྷ་ས་དང་འབྲས་སྤུངས་བཅས་ཀྱི་གྲྭ་བླ་བསྡོམས་པའི་ལྔ་སྟོང་ལྷན་གཅིག་ཏུ་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས། ལམ་རིམ་བདེ་ལམ་དང་མྱུར་ལམ། འཇམ་དཔལ་ཞལ་ལུང་གསུམ་སྦྲགས་ཀྱི་སྟེང་ནས་ལམ་རིམ་གྱི་ཉམས་ཁྲིད་དང༌། བློ་སྦྱོངས་དོན་བདུན་མའི་ཁྲྀད། ཐུན་དྲུག་བླ་མའི་རྣལ་འབྱོར་གྱི་བཀའ་ཁྲིད་བཅས་ཞུས། ཆུ་སྦྲུལ་༡༩༥༣ལོར་རྨེ་རུ་ཆོས་མཛད་རྒྱ་ཕྲུག་གིས་བསྐུལ་ངོར་འདུས་པ་སྟོང་ཕྲག་ལྷག་དང་མཉམ་དུ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་བདེ་མཆོག་དྲིལ་བུ་ལྷ་ལྔ་དང༌། འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང་ཆེན་སྟ་གོན་དང་བཅས་པ་ཟབ་རྒྱས་ཞུས། ལོ་དེའི་སྟོན་དུས་འབྲས་སྤུངས་གུང་རི་དགེ་བཤེས་ཡེ་ཤེས་རྒྱ་མཚོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་འདུ་ཁང་དུ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས། གདན་སའི་མཁན་པོ་ལས་ཟུར་དང་བླ་སྤྲུལ་དགེ་བཤེས་སེར་འབྲས་དགེ་གསུམ་གྱི་དགེ་འདུན་བཞི་སྟོང་ལྷག་དང་ལྷན་ཅིག་ཏུ་ལམ་རིམ་བདེ་མྱུར་འཇམ་དཔལ་ཞལ་ལུང་སུམ་སྦྲགས་ཀྱིས་འཁྲིད་ལུང་ཉིན་གསུམ་རིང་ཞུས། ཤིང་རྟ་༡༩༥༤ལོར་ཚོགས་མཆོད་གྲོལ་རྗེས་རིམ་བཞི་ཆབ་སྤེལ་བའི་སྐུ་མཆེད་ལྕམ་དཔལ་སྒྲོན་གྱིས་ཞུས་དོན་བཞིན་ལྷ་ལྡན་རྨེ་རུ་འདུ་ཁང་དུ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་ཕ་བོང་ཁ་མཆོག་སྤྲུལ་རིན་པོ་ཆེ་དང་བྲག་གཡབ་སྐྱབས་མགོན། གྲོ་མོ་དགེ་བཤེས་མཆོག་སྤྲུལ་རིན་པོ་ཆེ་སོགས་བླ་སྤྲུལ་མང་པོས་མཚོན་དོན་གཉེར་བ་བཞི་བརྒྱ་ལྷག་དང་ལྷན་དུ་རྡོ་རྗེ་རྣལ་འབྱོར་མའི་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པའི་དབང་བཞི་བྱིན་རླབས། འཁྲིད་ཡིག་བཻཌཱུརྱཱ་ཞུན་མའི་ཐེམ་སྐས། ཞ་ལུ་མཁན་ཆེན་གྱི་འཁྲིད་ཡིག་མཁའ་སྤྱོད་གྲུབ་པའི་ཉེ་ལམ་སྦྲགས་པའི་སྟེང་ནས་རིམ་གཉིས་ཀྱི་ཉམས་འཁྲིད་ཟབ་རྒྱས་ཞུས། མེ་སྤྲེལ་༡༩༥༦ལོ་ཟླ་བ་དྲུག་པའི་ནང༌། རོང་བདེ་སྐྱིད་གླིང་གི་ སྲས་དགེ་འདུན་ཆོས་དབྱངས་ཀྱིས་ཞུས་དོན་བཞིན་བཞི་སྡེ་འདུ་ཁང་དུ་བླ་སྤྲུལ་དགེ་བཤེས་སོགས་དོན་གཉེར་བ་སྟོང་ཕྲག་དང་ལྷན་ཅིག་ཏུ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས། སྟག་ཕུའི་དག་སྣང་ཉེ་བརྒྱུད་སྒྲོལ་མ་ཙིཏྟ་མ་ཎིའི་རིམ་གཉིས་ཀྱི་ཉམས་འཁྲིད་ཞུས། དེ་རྗེས་བྲག་གཡབ་སྐྱབས་མགོན་ཧོ་ཐོག་ཐུས་བསྐུལ་དོན་བཞིན་གཞི་སྡེ་གྲྭ་ཚང་དུ་འདུས་པ་སྟོང་ཕྲག་བརྒལ་བ་ལ་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ་ཀྱི་དབང་ཆེན་སྟ་གོན་དང་བཅས་པ་དང༌། དེའི་མཇུག་ཏུ་སྒྲུབ་ཐབས་ཟུར་བཀའ་བརྒྱ་དང༌། གྲུབ་ཆེན་བརྒྱད་ཅུའི་དབང་རྒྱལ་དབང་དགེ་འདུན་རྒྱ་མཚོའི་གསུང༌། ཡི་དམ་སྒྲུབ་སྐོར་གྱི་ལྷ་ཚོགས་རྣམས་ཀྱི་རྗེས་གནང༌། སྒྲ་མི་སྙན་གྱི་ཚེ་དཔག་མེད་ཀྱི་ཚེ་དབང་རིང་བརྒྱུད་དང༌། འབྲི་གུང་ཆོས་གྲགས་ཀྱི་དག་སྣང་ཉེ་བརྒྱུད་གཉིས། གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ལྷ་གཅིག་གི་ཚེ་དབང་ཐུན་མོང་མ་ཡིན་པ་དབང་བཞི་བྱིན་རླབས་དང་འབྲེལ་བ། བཅོམ་ལྡན་འདས་དམ་ཚིག་རྡོ་རྗེའི་རྗེས་གནང༌། གསང་བདེ་འཇིགས་གསུམ་གྱི་སྔགས་བཏུས་རྗེས་གནང་དང་བཅས་པ་ཞུས། མེ་བྱ་༡༩༥༧ལོ་ཟླ་བ་བཞི་པའི་ནང་གྲིབ་ཚེ་མཆོག་གླིང་བླ་བྲང་ནས་ཇི་ལྟར་སྐུལ་བ་བཞིན་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས། ཚེ་མཆོག་གླིང་རྡོ་བཅལ་ཆེན་མོར་བྲག་གཡབ་སྐྱབས་མགོན་དང༌། ཕ་བོང་ཁ་བ་མཆོག་སྤྲུལ་རིན་པོ་ཆེ། སེར་འབྲས་དང་ལྷ་ས་སོགས་ནས་ཕེབས་པའི་ཆོས་ཞུ་བ་བརྒྱ་ཕྲག་དང་ལྷན་དུ་ཟབ་ལམ་བླ་མ་མཆོད་པའི་རྩ་ཚིག་དང༌། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་བླ་མཆོད་འཁྲིད་ཡིག་ཆེན་མོ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དགའ་ལྡན་ཕྱག་རྒྱ་ཆེན་པོ་རྩ་འགྲེལ་བཅས་ཀྱི་སྟེང་ནས་ཟབ་འཁྲིད་ཉིན་ཉེར་ལྔ་རིང་ཞུས།

 དེ་རྗེས་གཡུ་ཐོག་སྐྱེད་ཚལ་ལྕམ་རྡོ་རྗེ་ཆོས་སྒྲོན་གྱིས་བསྐུལ་དོན་ལྟར་བཞི་སྡེ་གྲ་ཚང་གི་འདུ་ཁང་ནང་ཕ་བོང་ཁ་མཆོག་སྤྲུལ་རིན་པོ་ཆེ་དང༌། ཆབ་མདོ་འཕགས་པ་ལྷ། བྲག་གཡབ་སྐྱབས་མགོན་སོགས་སྤྲུལ་སྐུ་ཆེ་ཁག་དང༌། སེར་བྱེས་གཙང་པ་མཁན་ཟུར་ལྷུན་གྲུབ་ཐབས་མཁས་སོགས་དགེ་བཤེས་གྲགས་ཅན་དུ་མས་མཚོན་འདུས་པ་བཞི་སྟོང་ལྷག་དང་ལྷན་དུ་ལམ་རིམ་བདེ་མྱུར་གཉིས་དང༌། འཇམ་དཔལ་ཞལ་ལུང་དབུས་བརྒྱུད་ལྷོ་བརྒྱུད་གཉིས། ལམ་རིམ་ཟིན་བྲིས་རྣམ་གྲོལ་ལམ་བཅངས་བཅས་སྦྲགས་པའི་སྟེང་ནས་ཉམས་འཁྲིད་ཐོག བདག་གཞན་མཉམ་བརྗེའི་སེམས་བསྐྱེད་སྐབས་བློ་སྦྱོངས་དོན་བདུན་མ་དང་སྦྲགས་ཤིང༌། མཇུག་ཏུ་སེམས་བསྐྱེད་མཆོད་པ་དང་བཅས་ཟླ་བ་གཅིག་ལྷག་རིང་ལ་གསན། 
ཕྱིས་སུ་ལམ་རིམ་བཀའ་ཆོས་ནམ་གནང་ནའང་སྐྱབས་རྗེ་རིན་པོ་ཆེས་ལམ་རིམ་བཀའ་ཆོས་གནང་སྐབས་སྦྱོར་ཆོས་རྟ་དབྱངས་འདི་འདྲ་འཐེན་གི་རེད། འདི་ཆོས་བཟང་རི་ཁྲོད་ཀྱི་རྟ་དབྱངས་རེད། འདི་དབེན་ས་སྙན་བརྒྱུད་ཀྱི་རྟ་དབྱངས་རེད་ཅེས་དང༌། ལམ་རིམ་བླ་བརྒྱུད་གསོལ་འདེབས་སྐབས་ཕྱག་རྒྱ་མཛད་ཚུལ་དང༌། ཁྲུས་གསོལཧགནང་ཚུལ། དེ་བཞིན་སྐྱབས་རྗེ་རིན་པོ་ཆེས་ལམ་རིམ་ས་བཅད་འདིའི་ཁ་ཐུག་གཏམ་རྒྱུད་འདི་འདྲ་གསུང་གི་རེད། ཡང་སྔོན་གྱི་སྐྱེས་ཆེན་འདི་དང་འདིའི་རྣམ་ཐར་གསུང་གི་རེདཅེས་སོགས་སྐྱབས་རྗེ་རིན་པོ་ཆེའི་གསུང་རྒྱུན་ཙམ་མ་ཟད་ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་དམ་འཛིན་ཐོག་སློབ་མ་རྣམས་ལ་ངོ་སྤྲོད་ཡང་ཡང་གནང༌། ཡང་སྐྱབས་རྗེ་རིན་པོ་ཆེས་ལམ་རིམ་བཀའ་ཆོས་ཀྱི་སྔོན་འགྲོ་སྦྱོར་ཆོས་ཚོགས་ཞིང་སྤྱན་འདྲེན་ཞུ་བའི་སྐབས་ནམ་ཡིན་ལ་ཡེ་ཤེས་པ་རྣམས་གསལ་བཏབ་པའི་དམ་ཚིག་པ་ལ་ཞུགས་རྗེས་དམ་ཚིག་པ་མེད་པའི་འཇིག་རྟེན་དྲེགས་པའི་ལྷ་སྲུང་མང་པོ་རང་འགུལ་གྱིས་ཆོས་ཞུ་བའི་ཁྲོད་དུ་བབ་ནས་ཟིང་ཟིང་ལོང་ལོང་ཡང་ཡང་ཡོང་ཚུལ་ཡང་གསུངས།

དེ་རྗེས་སེར་བྱེས་ཏྲེ་ཧོར་དགེ་བཤེས་གཞུང་བརྒྱ་སྨྲ་བ་ཨོ་རྒྱན་ཚེ་བརྟན་གྱིས་གསོལ་བ་བཏབ་དོན་བཞིན་སེར་བྱེས་ཏྲེ་ཧོར་ཁང་ཚན་གྱི་རྡོ་བཅལ་ཆོས་རྭར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས། རྭ་སྒྲེངས་མཆོག་སྤྲུལ་རིན་པོ་ཆེ་གཙོས་བྱེས་སྨད་སྔགས་གསུམ་གྱི་མཁན་པོ་ལས་ཟུར། བླ་སྤྲུལ་དགེ་བཤེས་སོགས་དགེ་འདུན་ཁྱོན་ཆེ་དང་ལྷན་གཅིག་ཏུ་དགའ་ལྡན་ལྷ་བརྒྱ་མའི་བཤད་འཁྲིད་ཞུས།

ས་ཁྱི་༡༩༥༨ལོའི་དགུན་ཁར་སེར་སྔགས་རབ་འབྱམས་པ་བློ་བཟང་དབང་ལྡན་གྱིས་བསྐུལ་བ་ལྟར་སེ་ར་སྔགས་པ་གྲྭ་ཚང་དུ་བླ་སྤྲུལ་དགེ་འདུན་ཉིས་སྟོང་ལྷག་ཙམ་དང་ལྷན་དུ་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་གསང་འདུས་འཕགས་ལུགས་མི་བསྐྱེད་རྡོ་རྗེ་དང༌། འཇིགས་བྱེད་ལྷ་བཅུ་གསུམ། བདེ་མཆོག་དྲིལ་བུ་ལྷ་ལྔ། ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་ཆེན་སྟ་གོན་དང་བཅས་པ། གསང་བདེ་འཇིགས་གསུམ་གྱི་སྔགས་བཏུས་རྗེས་གནང་བཅས་ཞུས།

ས་བྱི་༡༩༤༨ལོར་རྒྱལ་ཀུན་གསང་བའི་མཛོད་འཛིན་འཕགས་མཆོག་ལག་ན་རྡོ་རྗེ་གསུམ་ལྡན་ངུར་སྨྲིག་གར་གྱི་རྣམ་རོལ་འདུལ་བ་འཛིན་པ་ཀུན་གྱི་དབུས་ན་ཉ་གང་བའི་དཀྱིལ་འཁོར་ལྟར་མངོན་པར་འཕགས་པ། རིས་མེད་རྒྱལ་བསྟན་སྤྱི་དང་མཉམ་མེད་ཞྭ་སེར་རིང་ལུགས་པའི་བསྟན་པའི་སྲོག་ཤིང༌། མཁས་པ་དང་གྲུབ་པ་བརྙེས་པའི་སྐྱེས་ཆེན་ཀུན་གྱི་གཙུག་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ། ལུང་དང་མན་ངག་རྒྱ་མཚོའི་མངའ་བདག ྋསྐྱབས་རྗེ་བྲག་རི་རྡོ་རྗེ་འཆང་བློ་བཟང་ལུང་རིགས་དབང་རྒྱལ་དཔལ་བཟང་པོ་མཆོག་གི་དྲུང་ནས་སེར་བྱེས་ཚྭ་བ་ཁང་ཚན་དུུ་བླ་སྤྲུལ་དགེ་བཤེས་འདུས་དམངས་དང་ལྷན་ཅིག་ཏུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡོངས་རྫོགས་ཀྱི་ལྗགས་ལུང་ཞུས། ལྕགས་སྟག༡༩༥༠ལོར་སེར་བྱེས་མཁས་མང་གྲྭ་ཚང་གི་གཙུག་ལག་ཁང་དུ་སྐྱབས་རྗེ་བྲག་རི་རྡོ་རྗེ་འཆང་གི་དྲུང་ནས་སེ་ར་བྱེས་སྨད་སྔགས་གསུམ་གྱི་འདུས་པ་ཤིན་ཏུ་མང་པོ་དང་ལྷན་ཅིག་ཏུ། གཞུང་ཆེན་པོད་ལྔ་རྩ་བའི་ལྗགས་ལུང༌། དབུ་མའི་སྤྱི་དོན་སྐལ་བཟང་མགུལ་རྒྱན། ཀློག་མྱུར་བའི་གཟུངས་ཀྱི་ལྗགས་ལུང༌། དྲང་ངེས་ལེགས་བཤད་སྙིང་པོའི་ལྗགས་ལུང༌། འཇིགས་བྱེད་དཔལ་བོ་གཅིག་པའི་དབང་འཁྲིད། ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་སོགས་ཆོས་བཀའ་རྒྱ་ཆེར་ཞུས། ཡང་རྗེ་དེའི་དྲུང་ནས་བྲག་རི་རི་ཁྲོད་དུ་བླ་སྤྲུལ་དགེ་བཤེས་དང་གྲྭ་དམངས་སྟོང་ཕྲག་འདུས་པའི་སྡེ་དང་ཐབས་ཅིག་ཏུ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ལས་ལུང་རྒྱུན་ཡོད་པ་ཐམས་ཅད་ཀྱི་བཀའ་ལུང་ཞུས། ད་དུང་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་ཡང་རྗེ་འདིའི་དྲུང་ནས་ཞུས་ཚུལ་གོང་དུ་གསལ་བ་ལྟར་ལགས་ཤིང༌། དམ་པ་འདིའི་དྲུང་ནས་རྗེ་བླ་མ་གཅིག་པོས་སྙན་རྒྱུད་གདམས་པའི་གསང་མཛོད་དགའ་ལྷའི་བླ་མའི་རྣལ་འབྱོར་གྱི་དམིགས་རྣམ་སྐྱོང་ཚུལ་གྱི་མན་ངག་ཟབ་རྒྱས་སུ་ཞུས་པར་མ་ཟད་དེ་དོན་ཉམས་སུ་ལེན་པ་ལ་བརྟེན་ནས་གེགས་སེལ་བོགས་འབྱིན་གྱི་རྟགས་ཐོན་བྱུང་ཚུལ་གོང་དུ་གསལ་བ་ལྟར་ལགས་སོ།། འཇམ་མགོན་བསྟན་པའི་གསལ་བྱེད་རྒྱལ་བ་གཉིས་པའི་ལུགས་བཟང་འཛིན་ཅིང་སྤེལ་བ་ལ་ཐུགས་བསྐྱེད་དུས་སུ་སྨིན་པའི་མཛད་པ་རྒྱ་མཚོ་ལས་ཟབ་ཅིང་འཕྲིན་ལས་ནམ་མཁའ་ལྟར་ཡངས་པ། མཉམ་མེད་དགའ་ལྡན་རིང་ལུགས་པའི་ལྟ་སྤྱོད་གཙང་མའི་རྣམ་ཐར་བཟང་པོ་བདག་གིར་སྐྱོང་བ་ལ་འགྲན་པའི་ཟླ་དང་བྲལ་བ། མཁས་བཙུན་གྲུབ་པའི་དབང་ཕྱུག སྐྱབས་རྗེ་ལྷ་བཙུན་རིན་པོ་ཆེ་ཐུབ་བསྟན་དགེ་ལེགས་རབ་རྒྱས་དཔལ་བཟང་པོ་མཆོག་གི་དྲུང་ནས་བླ་སྤྲུལ་འདུས་པ་ཤིན་ཏུ་མང་པོ་དང་ལྷན་ཅིག་ཏུ་རྒྱལ་ཀུན་སྙིང་རྗེའི་བདག་ཉིད་འཕགས་མཆོག་གྲུ་འཛིན་བདག་ཉིད་དྲག་པོའི་སྐུའི་རྣམ་པར་རོལ་བ་དཔལ་ལྡན་རྟ་མཆོག་རོལ་བ་ཡང་གསང་ལྷ་དགུ་ཁྲོས་པའི་དབང་ཆེན་སྦྱོར་དངོས་རྗེས་གསུམ་ཆ་ཚང༌། མ་རྒྱུད་རྡོ་རྗེ་ཐེག་པའི་ཡང་རྩེ་དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀ༔འི་གསང་བའི་ཡུམ་མཆོག་ན་རོ་མཁའ་སྤྱོད་དབང་མོའི་སིནྡྷུ་རའི་དཀྱིལ་འཁོར་དུ་དབང་བཞིའི་བྱིན་རླབས་ཡོངས་སུ་རྫོགས་པར་ཞུས། གཞན་ཡང་སྒྲོལ་ལྗང་དང༌། ཚེ་ལྷ་རྣམ་གསུམ། གདུགས་དཀར་དབང་ཆེན་སོགས་ཀྱང་ཞུས། རང་རེ་ཁ་བ་རི་བའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་གསུམ་ལྡན་ངུར་སྨྲིག་གར་གྱི་རྣམ་རོལ། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཛམྦུ་ནཱ་དའི་ཞི་བདེའི་དེད་དཔོན་ཆེན་པོ་ྋགོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཞལ་གྱི་བུམ་བཟང་ནས། ཤིང་རྟ་༡༩༥༤ལོ་བོད་ཟླ་ལྔ་པའི་ནང༌། ལྷ་ཀླུ་ལྷ་ལྕམ་གྱིས་ཇི་ལྟར་གསོལ་བ་བཏབ་དོན་བཞིན་ལྷ་ས་ནོར་བུ་གླིང་ཁ་སངས་རྒྱས་ཀུན་གྱི་བྱིན་རླབས་འཁྱིལ་བའི་དགའ་ཚལ་དུ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མི་ཉག་བཀྲ་ཤིས་སྟོང་འདུས་སོགས་བླ་ཆེན་སྐྱེ་སྤྲུལ་བརྒྱ་ཕྲག་དུ་མ་དང་ས་དགེ་བཀའ་སྙིང་རིས་སུ་མ་ཆད་པའི་དགེ་འདུན་ཁྲི་ཕྲག་དུ་མ། བོད་རྒྱ་ཧོར་གསུམ་གྱི་མི་ཚོགས་འབུམ་ཕྲག་གཉིས་ལྷག་ཙམ་དང་མཉམ་དུ་དཔལ་དུསཀྱི་འཁོར་ལོའི་དབང་ཆེན་ཞུས།

 ཡང་མེ་བྱ་༡༩༥༦ཟླ་བ་གཉིས་པའི་ནང་ལི་ཐང་ཨ་འབྲུག་མགོན་པོ་

བཀྲ་ཤིས་དང་འབྲས་སྤུངས་ཕ་ར་སྤྱི་གསོ་འབའ་བ་ཡེ་ཤེས། བེ་རི་སྐུ་འབུམ་གླིང་ཚང་ཆོས་མཛད་སོགས་འཐུས་མི་དྲུག་གིས་ཕ་ལྷ་མགྲོན་གཉེར་ཐུབ་བསྟན་འོད་ལྡན་བརྒྱུད་ནས་ཇི་ལྟར་གསོལ་བ་བཏབ་པ་ཞལ་བཞེས་གནང་དོན་བཞིན། ལོ་དེའི་ཟླ་བ་གསུམ་པའི་ཚེས་གསུམ་ཉིན་ནས་ལས་གྲྭ་མགོ་འཛུགས་ཀྱིས། ར་ས་འཁྲུལ་སྣང་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་ཡིད་བཞིན་ནོར་བུའི་སྤྱན་སྔར་གསེར་ཏོ་ལ་བདུན་བརྒྱ་ཉི་ཤུ་ལས་གྲུབ་པའི་ཚགས་ལྡན་གསེར་ཀོང༌། ར་མོ་ཆེ་ཇོ་བོ་མི་བསྐྱེད་རྡོ་རྗེའི་སྤྱན་སྔར་སེར་ཏོ་ལ་བརྒྱ་དང་ཉི་ཤུ་ལས་གྲུབ་པའི་གསེར་ཏིང་བདུན་ཚར། ཕོ་བྲང་པོ་ཏ་ལའི་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་སྤྱན་སྔར་གསེར་ཏོ་ལ་བརྒྱ་དང་བཅུ་གཉིས་ལས་གྲུབ་པའི་གསེར་ཏིང་བདུན་ཚར། ཇོ་བོ་ལོ་ཀཻ་ཤྭ་རའི་སྤྱན་སྔར་གསེར་ཏོ་ལ་བརྒྱ་དང་བཅུ་གཉིས་ལས་གྲུབ་པའི་གསེར་ཏིང་བདུན་ཚར། དགའ་ལྡན་གསེར་གདུང་ཆེན་མོའིསྤྱན་སྔར་གསེར་ཏོ་ལ་བདུན་ཅུ་དོན་ལྔ་ལས་གྲུབ་པའི་གསེར་ཏིང་བདུན་ཚར། ར་ཆེན་ཚེ་དཔག་ལྷ་ཁང་དུ་གསེར་ཏོ་ལ་བརྒྱ་དང་ལྔ་ལས་གྲུབ་པའི་ཚེ་བུམ་དང་གསེར་ཏོ་ལ་ལྔ་ལས་གྲུབ་པའི་སྐལ་བཟང༌། གསེར་སྲང་ ༣༦༥༠ འཇང་བརྡུངས་བྱས་པ་ཚགས་དང་ཕྲ་ཚོམས་བཟོ་བཀོད་འགྲན་ཟླ་བྲལ་བའི་གསེར་ཁྲི་རིན་པོ་ཆེ་གསར་སྐྲུན་དང་ཆབས་གཅིག གསེར་སྲང་ ༡༣༠༡ ་གསེར་ཚགས་ལ་སོང་བ་གསེར་ཏོ་ལ་ ༤༥ བསྡོམས་པས་གསེར་ཏོ་ལ་ ༧༧༨༤ བཏང་ནས་ལས་གྲྭ་ལེགས་གྲུབ་བྱུང་བ་དང༌། མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། མེ་བྱ་ཟླ་བ་ ༥ ཚེས་ ༧ གཟའ་སྐར་མཆོག་ཏུ་དགེ་བའི་ཉིན་ནོར་གླིང་བསྐལ་བཟང་ཕོ་བྲང་གི་ཤར་རྒྱུད་དབུ་གུར་ཆེན་པོ་ཕུབ་པའི་དབུས་སུ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་རིན་པོ་ཆེའི་སྟེང་ན་ཁ་བ་གངས་ཅན་པའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་གཅིག་པུ་འཕགས་མཆོག་ཕྱག་ན་པདྨོའི་ཞབས་པད་མངོན་པར་བཀོད་པའི་དྲུང་ནས། གདན་ས་གསུམ་གྱིས་གཙོས་པའི་རིས་མེད་བླ་སྤྲུལ་ཁག་དང་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན། མང་ཐོས་འདུལ་བ་འཛིན་པ། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་དགེ་འདུན་ཁྲི་ཚོ་བརྒལ་བ། གཞན་ཡང་རྒྱ་བོད་ཧོར་གྱི་དད་ལྡན་སྐྱེ་བོ་འབུམ་ཕྲག་གཉིས་ལྷག་དང་ལྷན་དུ། ཐུབ་པའི་གསུང་རབ་མཐའ་དག་གཅིག་ཏུ་བསྡུས་པའི་ཉིང་ཁུ་ཤིང་རྟ་ཆེན་པོ་གཉིས་ཀྱི་ལམ་སྲོལ། ཆེ་བ་བཞི་དང་ཁྱད་ཆོས་གསུམ་ལྡན་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་འཁྲིད་དང༌། བཅོམ་ལྡན་འདས་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་དབང་གི་སྔོན་འགྲོ་སྟ་གོན་གྱི་རིམ་པ་སྨིན་རྒྱས་དང༌། བྱིས་པ་ལྟར་འཇུག་པའི་དབང་བདུན། གོང་མ་གོང་ཆེན། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བཞི་ཡོངས་སུ་རྫོགས་པ་སྐུ་བཞིའི་ས་བོན་ཐེབས་ཀྱི་སྐལ་བཟང་དགའ་སྟོན་ཐོབ། ཐུབ་པའི་ལུང་གིས་ཟིན་པ་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་དང་མི་གཉིས་པ་ཐུགས་རྗེ་དང་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་རྣོ་བ་འཛམ་གླིང་རྟེན་གྱི་གཙོ་བོ་ཇོ་བོ་ཤཱཀྱ་མུ་ནི་གང་དུ་བཞུགས་པའི་གཞལ་མེད་ཁང་གི་གཡོན་ཕྱོགས་གསུང་ཆོས་རྭ་བར་དགའ་ལྡན་ལྷ་བརྒྱ་མའི་བླ་མའི་རྣམ་འབྱོར་དང༌། ལམ་གྱི་རིམ་པ་མཐའ་དག་གི་གནད་གཅིག་ཏུ་བསྡུས་པ་ཡོན་ཏན་གཞི་གྱུར་མའི་ཁྲིད་ལུང༌། གཞན་ཡང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་དབང་ཆེན། བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་བཅས་ཞུས། ངེས་དོན་མཁས་པའི་ཁྱུ་མཆོག་དགེ་བའི་བཤེས་གཉེན་ཆེན་པོ་འོ་ནང་ལྟག་ཚང་མཁས་གྲུབ་ལས་ཚད་མ་རྣམ་འགྲེལ་རྩ་འགྲེལ་དང༌། ཐར་ལམ་གསལ་བྱེད། རྣམ་ངེས་དར་ཊིཀ རིགས་ཐིག་དར་ཊིཀ ཚད་མའི་བརྗེད་བྱང་ཆེན་མོ། རྗེ་བཙུན་པའི་རྣམ་འགྲེལ་མཐའ་དཔྱད། སྟག་ཚང་རྭ་བ་སྟོད་ཀྱི་བསྡུས་གྲྭ ཡོངས་འཛིན་བསྡུས་གྲྭ། མངོན་རྟོགས་རྒྱན་དང་འགྲེལ་པ་དོན་གསལ། ལེགས་བཤད་གསེར་གྱི་ཕྲེང་བ། ཡིད་དང་ཀུན་གཞིའི་རྩ་འགྲེལ། དགེ་འདུན་ཉི་ཤུའི་དཀའ་གནད་བློ་གསལ་བགྲོད་པའི་ཐེམ་སྐས། དྲང་ངེས་ལེགས་བཤད་སྙིང་པོ། རྣམ་བཤད་སྙིང་པོའི་རྒྱན། རྒྱུད་བླ་མའི་དར་ཊིཀ ཀུན་བཏུས་དར་ཊིཀ རྟོགས་དཀའི་སྣང་བ། རྗེ་བཙུན་པའི་གྲུབ་དོན་ས་གསུམ། ཕར་ཕྱིན་སྤྱི་དོན་ལེགས་བཤད་སྐལ་བཟང་ཀླུ་དབང་གི་རོལ་མཚོ། ཕར་ཕྱིན་མཐའ་དཔྱད་སོགས་ཀྱི་བཤད་ཁྲིད་གསན། ལུང་རིགས་སྨྲ་བའི་དབང་ཕྱུག་མཚུངས་མེད་མཁས་པའི་དབང་པོ་ལྷ་རམས་པ་མ་འདུ་ཁག་ཚང་བློ་བཟང་མཐུ་སྟོབས་མཆོག་གི་དྲུང་ནས། བསྡུས་གྲྭ་དང་ཕར་ཕྱིན་བཞུང་གསར་རྙིང༌། ཟུར་བཀོལ་སོགས་ཀྱི་བཤད་ཁྲིད་ཞུས། དགེ་ལྡན་བསྟན་པའི་མཛེས་རྒྱན་ཟླ་མེད་མཁས་པའི་ཡང་རྩེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སེར་བྱེས་མཁན་རིན་པོ་བློ་བཟང་དབང་ཕྱུག་དཔལ་བཟང་པོ་མཆོག་གི་དྲུང་ནས། དབུ་མ་རྩ་འཇུག་བཞི་གསུམ་དང༌། དགོངས་པ་རབ་གསལ། སྟོང་ཐུན་ཆེན་མོ། ཐལ་འགྱུར་བའི་དཀའ་གནད་བརྒྱད་ཀྱི་བརྗེད་བྱང༌། སོགས་རྩོད་སྒྲུབ་རིགས་པའི་ལམ་ནས་བཤད་ཁྲིད་རྒྱ་ཆེར་ཞུས། གཞན་ཡང་སྨོན་ལམ་ཆེན་མོ་ཚོགས་ཞུགས་རིང་དགའ་ལྡན་ཁྲི་ཆེན་མི་ཉག་བཀྲ་ཤིས་སྟོང་འདུས་དང༌། ཁྲི་ཆེན་ཐུབ་བསྟན་ཀུན་དགའ་ གཉིས་ལས་སྐྱེས་རབས་སོ་བཞི་པ་དང་དཔག་བསམ་འཁྲི་ཤིང་སོགས་ཀྱི་བཀའ་ལུང་ཞུས། རྣམ་ཐར་ས་བོན་ལོགས་སུ་མེད་སྟབས་གདན་ས་ཆེན་པོར་བཞུགས་ནས་སློབ་གཉེར་གནང་ཞོར་བཀའ་ལུང་མན་ངག་གང་དང་གང་ཞིག་ཞུས་པའི་ཚུལ་ཆ་ཚང་ནི་འབྲི་བ་མ་ནུས་ཞིང༌། གང་ཞིག་མཐོང་ཐོས་བྱུང་བ་རྣམས་འགོད་པའི་ཁུལ་བྱས་པ་འདིའི་ཁར་ད་དུང་རྙེད་སོན་བྱུང་ན་འོག་ནས་སླར་ཡང་འགོད་འཆར་ལགས། གངས་ཅན་ལྷ་གཅིག་པད་དཀར་འཆང་བའི་སྡེ།། ཧེ་རུ་ཀ༔པ་བློ་བཟང་ཡེས་ཤེས་དཔལ།། བྲག་རི་བློ་བཟང་ལུང་རིགས་རྒྱ་མཚོའི་རླབས།། ལྷ་བཙུན་ཐུབ་བསྟན་དགེ་ལེགས་རབ་རྒྱས་སོགས།། དམ་པའི་སྐྱེས་ཆེན་དུ་མའི་ཞལ་ཆབ་ཆུ།། བཀའ་ལུང་དབང་དང་མན་ངག་ནོར་བུའི་གཏེར།། ཆོས་ཀྱི་འཁོར་ལོར་འཁྱིལ་བའི་ལེགས་བཤད་མཚོ།། གང་ཁྱོད་དད་བརྩོན་སྙིམ་པ་ཟུང་གིས་བཏུང༌།། ཨེ་མ་མཁས་གྲུབ་བྱེ་བ་ཕྲག་བརྒྱ་ཡིས།། ལེགས་གསུང་ཆོས་ཚུལ་རྣམ་བཞི་བདུད་རྩིའི་རྒྱུན།། གང་ཁྱོད་ཐུགས་མཚོར་གཅིག་ཏུ་འཁྱིལ་བའི་ཆུ།། ཐར་འདོད་གདེངས་ཅན་བྱེ་བའི་གཏེར་དུ་གྲུབ།། དམ་པའི་མན་ངག་ལི་ཤིའི་ཡལ་འདབ་ལ།། ཟོས་པའི་སྤོས་ཀྱི་བཞོན་པ་དཀར་པོའི་ཁ།། བཀའ་ལུང་དབང་དང་མན་ངག་དྲི་བསུང་གཏེར།། འཇོ་ལ་གང་ཁྱོད་མ་ལ་ཡ་རླུང་བཞིན།། སྲིད་གསུམ་སྲིད་པའི་ས་ཁྱོན་ཡངས་པོ་འདི།། རིན་བྲལ་རིན་ཆེན་བདུན་དུ་བསྒྱུར་བྱས་ཀྱང༌།། ཆ་ཡི་ཆ་ཙམ་བསྒྲུན་པར་མི་ནུས་པའི།། མཆོག་གི་མཆོག་གྱུར་མན་ངག་རྒྱ་ཆེར་ཐོབ།། སྔོན་བྱོན་སྔོན་གྱི་སྐྱེས་ཆེན་དམ་པའི་དཔལ།། དེ་དང་དེ་འདྲའི་བཀའ་ལུང་བརྒྱུད་པའི་ཚུལ།། འདི་དང་འདི་འདྲའི་རྣམ་པར་ཐར་པ་ཡང༌།། བརྗོད་ཀྱང་བརྗོད་པའི་མཐའ་ལ་འཛེགས་ནུས་མིན།། ཞེས་པ་ཡང་གདན་སར་བཞུགས་རིང་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་མདོ་དང་རྒྱུད་སྡེ་རྒྱ་མཚོའི་བཀའ་ལུང་མན་ངག་ཇི་ལྟར་ཞུས་པའི་ཚུལ་ལས་བརྩམས་པའི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།། ཉི་ཟླའི་འགྲོས་ཀྱིས་འབྱེད་པར་ནུས་མིན་ལེགས་ལྡན་མྱ་ངན་མེད་པའི་དགའ་ཚལ་བློ་བཟང་མཛེས་མའི་རྐང་རྡུལ་བགོས་པས་སྦྲང་རྩིའི་ཟེ་བ་རྒོད་པ་ལ།། མངོན་པར་རབ་ཆགས་བློ་ཡི་རྐང་དྲུག་འཕུར་ལྡིང་དང་བཅས་སྣ་ཚོགས་ལེགས་གསུང་འདབ་གཤོག་རྩེན་པའི་ངེས་དོན་སྙན་འཇེབས་དྲི་ཟའི་ན་ཆུང་གླུ་དང་སྡེབས།། ཚངས་ཆེན་རལ་པ་བཙིར་པའི་ཀླུང་བཞི་དམ་པའི་ཞལ་ཆབ་ཛཧྣུའི་རྒྱུན་བཟང་གངྒཱའི་ཟོལ་གྱིས་གང་ཁྱོད་ཟབ་ཡངས་ཐུགས་ཀྱི་ཀློང་ན་དལ་གྱིས་འབབ།། ཟླ་བའི་ཅོད་པན་འཆང་བས་མཚོན་མིན་ཐོས་པ་རྒྱ་མཚོའི་རླབས་དཀར་ལྦུ་ཕྲེང་བློ་ལྡན་རྒྱུ་སྐར་རལ་པའི་ལན་བུ་ཀུན་གསལ་བུ་མོའི་རྒྱན་དུ་འཆང༌།། རྗེ་བཙུན་བླ་མ་དམ་པ་ཀླུ་སྦྱིན་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་འཇམ་དབྱངས་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་དད་གསུམ་རྦ་རླབས་ཕྱུར་བའི་ཆུ་གཏེར་ལས་གདན་ས་ཆེན་པོར་ཆོས་ཞུགས་གནང་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་བསམ་རྒྱ་ཆེར་མཛད་ཚུལ་གྱི་རླབས་ཕྲེང་སྟེ་གཉིས་པའོ།། །།