ཀླུ་སྦྱིན་དགེ་བཤེས་རིན་པོ་ཆེའི་རྣམ་ཐར་བཞུགས་སོ།། མཆོད་བརྗོད་དང་གླེང་གཞི།

ཡོང་ཁུངས་Wikipedia

བེ་རི་འཇིགས་མེད།


མཆོད་བརྗོད་དང་གླེང་གཞི།

ན་མོ་གུ་རུ་བཛྲ་དྷ་ར་སུ་མ་ཏི་མཉྫུ་གྷོ་ཥཱ་ཡ། དགེ་ལེགས་བརྩེ་ཆེན་རྦ་རླབས་ལྦུ་ཕྲེང་འགོག་མེད་གནམ་མཐོངས་དབྱིངས་སུ་འཕྱུར་བའི་རྨད་བྱུང་ཐུགས་བསྐྱེད་རྒྱ་མཚོའི་ཀློང༌།། ཁ་འབབ་རྣམ་བཞིའི་རྡུལ་གྱིས་མཚོན་མིན་གྲངས་མེད་བསྐལ་བར་བསོད་ནམས་ཡེ་ཤེས་རྣམ་མང་རིན་ཆེན་རྡུལ་ཚོགས་བརྩེགས།། ལུས་མེད་དཔུང་བཅས་ས་འོག་བཅིངས་ཏེ་སྟོབས་བཅུའི་གསང་བ་བསམ་མི་ཁྱབ་པའི་བདུད་རྩིའི་གོ་འཕང་ལ་རེག་པ།། གཽ་ཏཾ་རིགས་འཁྲུངས་ཐུབ་པ་ཕྱོགས་ལས་རྣམ་པར་རྒྱལ་དེའི་ཞབས་ཀྱི་པདྨོ་ལྷར་བཅས་འགྲོ་བའི་གཙུག་ན་མཆོད།།

ཟབ་ཟབ་ཐུབ་བསྟན་ལུང་དང་རྟོགས་པའི་དོན།། གསལ་གསལ་རིག་པས་གཏན་ལ་ཕབ་པ་དང༌།། སྙན་སྙན་མགྲིན་པའི་ལམ་ནས་སྡེབ་པ་ལ།། མཁས་མཁས་རྒྱ་གར་པཎ་གྲུབ་འཛམ་གླིང་རྒྱན།། ཁ་ལྗོངས་མུན་པའི་དོ་ར་ན།། ལུགས་ཟུང་འོད་སྣང་འཁྱིལ་བའི་རིས།། སུམ་གཉིས་ས་ཁྱོན་ལ་བརྡལ་བའི།། ཆོས་རྒྱལ་ལོ་པཎ་དེ་ཀོ་བསྔགས།།

བདེ་གཤེགས་མཛེས་མའི་འོ་འཛིན་ལ།། མངོན་ཆགས་བྷུ་མའི་ཕང་པར་འཛེགས།། གྲུབ་པའི་རྩེད་འཇོ་ལ་རོལ་བའི།། སྔ་རབས་ཞིང་འདིའི་མཁས་རྣམས་མཆོད།།

སྟོབས་བཅུའི་དཔལ་མངའ་ཐུབ་པ་ཡོངས་ཀྱི་མཁྱེན་བརྩེ་ནུས་པའི་གསང་བ་མཐའ་དག་གཅིག་ཏུ་སྤུངས་པའི་སྒྱུ་འཕྲུལ་དྲྭ་བ་ལ་ཆཊ་པ།། ཛམྦུ་ནཱ་དའི་ལྷོ་གླིང་དུམ་དྲུག་ཀཻ་ལ་ཤ་རིར་འོད་གསལ་ལས་ཆད་གདུང་དྲུག་འགྲོ་བའི་བསོད་ནམས་ཟོང་གིས་ཉེར་བསྒྲུབས་པའི།། ཐུབ་བསྟན་སྤྲིན་གྱི་བ་དན་དཀར་པོས་ས་གསུམ་འབྱུང་པོ་ཉེ་བར་འཚོ་དང་ལྷན་ཅིག་ལུང་རིགས་དབྱར་གྱི་རྔ་གསང་སྒྲོག་མཁས་པ།། རྣམ་གསུམ་ཐུན་མཚམས་གུར་ཀུམ་རྡུལ་འཆང་འཇམ་མགོན་བླ་མ་ཙོང་ཁ་པ་ཞེས་ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དེས་ཤིས་པ་སྒྲུབས།།

གང་གི་ཐུགས་བསྐྱེད་རྒྱ་མཚོ་ལས་འཁྲུངས་ལྟ་སྒོམ་སྤྱོད་པའི་རྣམ་ཐར་གཙང།། ཆར་སྤྲིན་གསར་པའི་ལྡིང་ཁང་ལ་རེག་རྒྱལ་ཀུན་དགྱེས་པའི་རོལ་མོ་སྙན།། ས་ཁྱོན་ལི་ཁྲིའི་ཚོན་གྱིས་རབ་བསྒྱུར་ཐུབ་བསྟན་རྒྱལ་མཚན་སྒྲེང་མཛད་པ།། དགའ་ལྡན་བཀའ་བརྒྱུད་གསེར་རིའི་ཕྲེང་བ་དད་གསུམ་རོལ་བའི་རྒྱན་དུ་ལྷཊ།།

མ་ལ་ཡ་རླུང་དྲག་ཏུ་བསྐྱོད་པའི་ཧ་རི་ལྗོན་པའི་དྲི་བསུང་ནི།། གདུང་སེལ་བདུད་རྩིའི་དཔལ་དུ་སྨིན་ཞེས་བསྟོད་པའི་ངལ་བར་ངོ་མཚར་ཅི།། གུར་ཀུམ་གསར་པའི་བླ་གོས་འཆང་བས་ཤར་ནུབ་འཇིག་རྟེན་ཟླུམ་པོའི་ཁྱོན།། ཡོངས་སུ་བརྡལ་བའི་གདུང་སེལ་བདུད་རྩི་རྒྱུན་མར་འཇོ་བའི་ཚུལ་ལ་ལྟོས།།

རྒྱལ་བ་གཉིས་པའི་གསུང་གི་བདུད་རྩི་བཏུང༌།། གོང་མའི་གཙུག་གི་རལ་པ་གདན་དུ་གཏིང༌།། དབུས་འགྱུར་ཞིང་དུ་ཆོས་ཀྱི་གདན་ས་བཏབ།། བྱམས་ཆེན་ཆོས་ཀྱི་རྒྱལ་པོས་དགེ་ལེགས་སྩོལ།།

རྣམ་དག་གསེར་སྦྱངས་གཙང་མའི་རིང་ལུགས་ཡབ་རྗེ༵་ཆོས་ཀྱི་རྒྱལ་པོའི་སྲོལ།། མཁས་བཙུན༵་བཟང་པོའི་རྣམ་ཐར་དང་འགྲོཊ་ཆོས༵་བཟང་རིཊ་པའི་གད་རྒྱངས་ཀྱིས།། མུ་སྲུན་ཕས་རྒོལ་གླང་སྨྱོན་ཚོགས་ཀྱི༵་དམ་བཅའི་ཀླད་བུམ་འགེམས་དང་ལྷན།། ཐུབ་བསྟན་སྙིང་པོ་འཆང་བའི་རྒྱལ༵་མཚན༵་སུམ་རྩེར་སྒྲེང་པའི་མགོན་དེ་མཆོད།། བསིལ་ལྡན་ཞིང་འདིར་ཕན་བདེའི་མེ་ཏོག་ཚལ།། བཞད་དང་མི་བཞད་གང་ལ་ལྟོས་པའི་མགོན།། མཐའ་ཡས་འགྲོ་བའི་འདྲེན་མཆོག་ཉི་ཟླ་ཟུང༌།། གངས་ཅན་ཞིང་གི་མཁའ་དབྱིངས་མཛེས་གྱུར་ཅིག།

མ་རིག་མཛའ་མོ་ལ་འཁྱུད་རྨོངས་པ་བདག། འཆད་རྩོད་རྩོམ་པའི་ཁྲི་ལ་དབང་བསྐུར་བའི།། ངེས་དོན་མཆོག་གི་བཤེས་གཉེན་དམ་པ་རྣམས།། བཀའ་དྲིན་དྲན་ཚེ་དད་པའི་ལུས་སྐྱེས་གཡོས།།

གང་བློ༵་བློ༵་བཟ༷ང་བཟ༷ང་པོའི་འཕྲུལ་གྱིས་འཇམ་དཔལ་རྡོ་རྗེའི་རིང་ལུཊ་འཆང༌།། གསུང་འཇ༷མ་འཇ༷མ་དབྱང༷ས་དབྱང༷ས་སུ་སྙེམས་པའི་ལེཊ་བཤད་མཁས་རྒུའི་དགའ་སྟོན་སྙན།། གང་སྐུ༷་སྐུ༵་གསུ༵མ་གསུམ༵་ལྡན་སྤྱོད་པས་སྐལ་བཟང་དད་པའི་མིག་རྒྱན་འཛིན།། དགེ་ལེགས༵་ལེགས༵་ཚོགས༵་ཚོགས༵་ཞིང་མཆོག་དེ་སྲིད་མཐའི་བར་དུ་གཙུག་ན་བཀུར།།

བློ༵་གྲོས་མཆོག་ལྡན་འདབ་མའི་སྦུབས་གྲོལ་བའི།། རྣམ་དག་སྤྱོད་བཟང༵་སྤོས་ཀྱི་རྫིང་བུ་དེར།། འཇམ༵་དཔལ་རྣོན་པོའི་དགོངས་དོན་འཐིལ་བའི་དབྱངས༵།། གྱེས་ཚེ་རྐང་དྲུག་ཡིད་དབང་མི་བརྟས་སུ།། གང་ཞིག་མཐོང་ཐོས་དྲན་པའི་མོད་ལ་ཡང༌།། འཇིགས་པ་བརྒྱད་སྐྱོབ་མཆོག་མཐུན་དངོས་གྲུབ་ཆར།། རྒྱ་མཚོའི་རླབས་བཞིན་འབད་མེད་འཇོ་མཛད་མ།། ཚེ་རབས་ཕྲེང་བར་ལྷག་པའི་ལྷ་རུ་མཆོད།།

བཞི་ལྷག་དྲུག་ཅུའི་རྣམ་རོལ་ཤར་བའི་ལྷ།། ཚངས་ཆེན་མཆེ་བ་ལས་འཁྲུངས་མཚོ་བྱུང་མ།། བདག་གི་མགྲིན་པའི་འོ་མཚོ་ལ་རྩེན་ནས།། སྙན་འགྱུར་འདོད་རྒུར་བསྒྱུར་བའི་ཤིས་པ་སྒྲུབས།།

རྒྱལ་ཀུན་གསང་བ་བསམ་མི་ཁྱབ་པའི་མཛོད།། གཅིག་བསྡུས་དྲིན་ཅན་བླ་མའི་རྣམ་ཐར་ནི།། ཆུ་གཏེར་རྣམ་བཞིའི་གཏིང་མཐས་མི་མཚོན་ན།། བདག་ལྟའི་བློ་གྲོས་ཕལ་བས་ལྟ་ཅི་ཞིག།

ཁ་འབབ་ཀླུང་བཞིའི་རྡུལ་དང་མཉམ་པ་ཡི།། སྲས་བཅས་རྒྱལ་བ་ཡོངས་ཀྱི་སྨྲ་བའི་འདབ།། ལྷན་ཅིག་བསྐྱོད་པའི་ངལ་བ་ལ་བརྟེན་ཀྱང༌།། འཛད་དུ་མེད་པ་ནམ་མཁའི་མཐའ་དང་འགྲོགས།། དེ་ལྟར་མོད་ཀྱང་ཟག་པའི་ལྕེ་རྩེ་འདི།། དོན་ལྡན་བསོད་ནམས་ཟོང་དུ་བསྒྱུར་བའི་སླད།། རྨད་བྱུང་གཏམ་གྱི་ཆ་ཤས་ཙམ་བརྗོད་ན།། སྐལ་བཟང་ལེགས་ལམ་གཞན་གྱིས་མཚོན་མིན་སྙམ།།

རང་སྤྱི་ཤེས་བྱའི་གནམ་གྱི་མཐོངས་ཡངས་པོར།། འཇལ་བྱེད་བློ་གྲོས་ཁབ་མིག་ལས་དོག་ཀྱང༌།། མཁས་པའི་ཁྲི་ལ་བསུ་བའི་སྒྲོ་བཏགས་ཀྱིས།། བསྟོད་པ་རྩོམ་པའི་རྣམ་དཔྱོད་བདག་ལ་མེད།།

དུག་ལྔའི་རང་མཚང་གཅིག་ཏུ་འཁྱིལ་བའི་ཆུར།། འདོད་དགུའི་བསམ་འཕེལ་ནོར་བུའི་གཏེར་ཡིན་ཞེས།། འཁྱོག་བརྗོད་སྦྲུལ་ནག་འཁྱུག་པའི་སྨྱུག་རྩེ་ཡང༌།། ཁོ་བོའི་སོར་རྩེ་འདི་ལས་རིང་ནས་བྲོས།།

སྤྲུལ་གཞི་ལོངས་སྐུ་མེད་པའི་སྤྲུལ་སྐུ་དང༌།། སྡོམ་གསུམ་བསླབ་ཁྲིམས་མེད་པའི་སྐུ་གསོབ་དང༌།། ཐོས་པ་སྔོན་སོང་མེད་པའི་ཆོས་འཆད་གསུམ།། རྟོག་གེ་སྨྲ་བ་བདག་འདྲའི་བསྟོད་འོས་མིན།། འཇིགས་རུང་ཆོས་བརྒྱད་སྲིན་པོའི་དུར་ཁྲོད་ན།། འདོད་ཡོན་རོ་ལངས་འགུག་པའི་ཆོ་ག་མཁན།། རིམ་གཉིས་ལམ་ལས་གོལ་པ་དེ་དག་ཀྱང༌།། བསྟོད་པའི་ངལ་བ་རྩོམ་འདོད་བདག་ལ་མེད།།

དེ་ཕྱིར་དང་པོ་མང་དུ་ཐོས་པས་མཁས།། བར་དུ་སྡོམ་གསུམ་ཚུལ་བཞིན་སྲུང་པས་བཙུན།། ཐ་མར་བསྟན་འགྲོའི་དོན་ཆེན་མཛད་པས་བཟང།། འདི་ཀོ་རྣམ་ཐར་གཏམ་གྱི་བརྗོད་གཞི་ཡིན།།

ཕལ་གྱིས་མི་བཟོད་གསང་གསུམ་ལྷུན་པོའི་རི།། འབིགས་བྱེད་པྲི་ཥའི་མིག་གིས་གཞལ་མིན་ཡང༌།། དད་གསུམ་རོལ་མཚོ་འཕྱུར་བའི་རྦ་རླབས་ནི།། བསྔགས་པའི་མཆོད་ཡོན་སྤྲོ་བར་སུ་ཡིས་བཤུང༌།།

རྨོངས་པའི་དུར་སྤྲིན་འཁྲུགས་པའི་གྲོག་རོང་ན།། གྲོང་ཚིག་ཕལ་སྐད་བརྡོལ་བ་ཁྭ་ཏའི་གླུ།། ཁོ་བོའི་སྨྲ་བྱེད་འབབས་སྟེགས་འདི་ཉིད་ཀྱིས།། རྩེད་དགས་འཁྱུད་པའི་མཛའ་བ་རིང་དུ་དོར།། དེ་སླད་སྡེ་བཞིའི་སྲོག་གི་རྩ་བ་བརྟན།། བཅད་ལྷུག་སྤེལ་མའི་ལང་ཚོ་དར་ལ་བབ།། སྒྲ་དོན་ནོར་བུའི་རྒྱན་ལྡན་དཎྜིའི་སྲོལ།། འདི་ཀོ་རྗོད་བྱེད་ཚིག་གི་དགའ་སྟོན་ལགས།།

གང་ཞིག་རྣ་བའི་ལམ་དུ་ལྷུང་མ་ཐག། དབྱར་གྱི་རྔ་ལ་མདོངས་ལྡན་རྨ་བྱ་བཞིན།། གཟུར་གནས་དཔྱོད་ལྡན་མཁས་པའི་ཡིད་ཀྱི་མཚོར།། ཡི་རངས་དགའ་བའི་རླབས་ཕྲེང་རྩེན་པ་དང༌།།

ཕྲག་དོག་དུག་གིས་ཐར་བའི་སྲོག་འཕྲོག་ཅིང༌།། རློམ་པའི་རི་བོས་ལེགས་ཚོགས་ཉི་འོད་སྒྲིབ།། ཕྱོགས་ལྷུང་ཆང་གིས་ཡིད་དག་མྱོས་གྱུར་པ།། དེ་དག་མྱ་ངན་མུན་པའི་ཁུང་ཚུད་ཀྱང༌།།

ཕུལ་བྱུང་གཏམ་གྱི་དགའ་སྟོན་འགྱེད་པ་ཡི།། སྙན་ཚིག་རིག་བྱེད་སྨྲ་བའི་ཆེ་བའི་ཕྱིར།། ཡིད་ལ་སྤྲོ་བའི་སྡུག་གུར་བཀྲ་བ་ལས།། ནོངས་པའི་ལམ་དུ་འཕྱན་སྙམ་ཅི་ལ་འགྱོད།། ཟབ་རྒྱས་ཆོས་ཚུལ་ལི་ཤིའི་ཡལ་འདབ་ལ།། ཟོས་པའི་སྤྲིན་གྱི་བཞོན་པ་དཀར་པོའི་ཁ།། ལེགས་བྱས་དྲི་བསུང་ཕྱོགས་བརྒྱ་ལ་རེག་པར།། ཕལ་བའི་གླང་སྨྱོན་གཞན་གྱི་དོ་མ་ཡིན།།

དད་སྟོབས་དབྱར་གྱི་བཞིན་རས་ངོམས་པ་དང༌།། སྐུལ་ཚིག་སྤྲིན་སྒྲས་ཐོས་འཛིན་འབིགས་པ་ན།། ཉམས་འགྱུར་སྒྱུ་རྩལ་རྫོགས་པའི་མགྲིན་སྔོན་མས།། རྟོགས་བརྗོད་མཇུག་སྒྲོ་མི་ཟླུམ་རང་དབང་ཅི།།

མི་ཕྱེད་དད་པའི་ནོར་གྱི་སྤུ་སྡུག་མཛེས།། གཟུར་གནས་བློ་གྲོས་དཔྱོད་པའི་འདབ་མ་ཡངས།། གསུང་རབ་རྒྱ་མཚོར་འཇུག་པ་ངང་མོའི་ཁྱུ།། རྟོགས་བརྗོད་རོལ་བའི་རླབས་ཕྲེང་འདིར་རྩེན་དང༌།།

ངོ་མཚར་མངོན་རྟོགས་འདོད་འཇོ་ནོར་གྱིས་ཕྱུག། མི་གནས་མྱང་འདས་དབྱིངས་ཀྱི་ས་བོན་གཏམས།། སྒྲ་དབྱངས་རྒྱ་མཚོར་འཇུག་པའི་ཚིག་སྦྱོར་སྙན།། ཡིད་ལ་འདོད་པའི་བདུད་རྩི་ཅི་ཡང་འཇོ།། དེ་ཡང་རང་ཅག་གི་དཔལ་ལྡན་བླ་མ་དམ་པ་མཉམ་མེད་ཐུབ་པའི་རིང་ལུགས་པ་ཆེནཔོ་རྒྱལ་བསྟན་སྙིང་པོ་ཞྭ་སེར་ཅོད་པན་འཆང་བའི་བདག་ཉིད། རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ། ངེས་པ་དོན་གྱི་བསྟན་འགྲོའི་དཔལ་མགོན་དམ་པ། གངས་ཅན་མདོ་ཁམས་ས་ཡི་ཐིག་ལེར་རིས་མེད་སྐྱེས་ཆེན་གནམ་གྱི་སྐར་ཚོགས་ལྟ་བུའི་དབུས་ན་ཉ་གང་བའི་དཀྱིལ་འཁོར་ལྟར་མངོན་པར་འཕགས་པ། གྲུབ་པའི་རྒྱལ་མཚན་འཛིན་པའི་རྟོགས་ལྡན་དང་འདུལ་བ་འཛིན་པ་ཀུན་གྱི་གཙུག་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ། རི་དྭགས་ཁྲོད་ན་སེངྒེ་དང་གསེར་རིའི་དབུས་ན་ལྷུན་པོ་བཞིན་སྐྱེ་རྒུའི་དབུས་ན་གཞན་གྱི་དྲིངས་སུ་མི་འཇོག་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་མངོན་པར་མཐོ་བ། སྐྱབས་དང་མགོན་དང་དཔུང་གཉེན་མེད་པའི་འགྲོ་བ་བགྲང་ལས་འདས་པར་ཁམས་དང་མོས་པ་དང་འཚམ་པའི་ཆོས་དང་ཟང་ཟིང་གིས་དབུགས་དབྱུང་བར་དཔག་བསམ་གྱི་ཤིང་དང་འདོད་འཇོའི་ནོར་ལྟར་འབད་རྩོལ་ཉེ་བར་ཞི་བ་ལྷུན་གྱིས་འགྲུབ་པ། སྙིགས་ལྔའི་མུན་པའི་ཀློང་དུ་འགྲན་པའི་ཟླ་དང་བྲལ་བའི་ཐུགས་བསྐྱེད་རྒྱ་མཚོའི་རླབས་ལྟར་དུས་སུ་སྨིན་པ། དོན་གྱི་སླད་དུ་མཚན་ནས་སྨྲས་ཏེ་ྋརྗེ་བཙུན་བླ་མ་དམ་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་འཇམ་དབྱངས་དཔལ་བཟང་པོ་ཞེས་མཚན་གྱི་ཟིལ་མངར་རྣ་བའི་ལམ་དུ་ལྷུང་བ་ཙམ་གྱིས་ཀྱང་དད་པའི་ཟེའུ་འབྲུ་སྙིང་གར་རྒོད་པའི་རྣམ་པར་དཀར་བའི་ས་བོན་སྐྲུན་པའི་སྐྱེས་མཆོག་དམ་པ་གང་དེའི་ཐུན་མོང་གདུལ་བྱའི་སྣང་ངོར་གྲུབ་པའི་རྣམ་པར་ཐར་བ་འོལ་སྤྱི་ཙམ་ཞིག་བརྗོད་པར་འདོད་དེ། དེ་ལ་གང་གི་གསང་བ་གསུམ་གྱི་མཛད་པ་དང་འཕྲིན་ལས་བཟང་པོས་ཁམས་དང་མོས་པ་གཅིག་ཏུ་མ་ངེས་པའི་འགྲོ་བ་སྣ་ཚོགས་པའི་དོན་དུ། ཇི་སྐད་དུ་མདོ་སྡེ་ལས། བརྒྱ་བྱིན་ཚངས་པའི་ཆ་བྱད་དང༌།།ལ་ལ་བདུད་ཀྱྀ་ཆ་བྱད་ཅན།།སེམས་ཅན་རྣམས་ཀྱི་དོན་མཛད་དེ།།འཇིག་རྟེན་རྣམས་ཀྱིས་རྟོགས་མི་ནུས།།ཞེས་གསུངས་པ་ལྟར་མ་དག་པའི་སྣོད་བཅུད་ཀྱྀ་ཁྱོན་རྣམས་སུ་བསམ་བཞིན་བསྟན་འགྲོའི་དོན་དུ་ལ་ལ་ནི་ཚངས་པ་དང།་ འགའ་ཞིག་ནི་བརྒྱ་བྱིན། ཁ་ཅིག་ནི་དབང་ཕྱུག དེ་བཞིན་ཉན་རང་དང་བྱང་སེམས། ཁྱིམ་པ་དང་རབ་བྱུང་སོགས་སྤྲུལ་པའི་བཀོད་པ་མུ་དང་མཐའ་མེད་པ། དཔེར་ན་ཟླ་བའི་དཀྱིལ་འཁོར་གཅིག་ཉིད་འཇིག་རྟེན་གྱི་ཆུ་སྣོད་ཀུན་ལ་དུས་གཅིག་ཏུ་འཕོས་པ་ལྟར། འཛམ་གླིང་བྱེ་བ་ཕྲག་བརྒྱར་སྐུའི་བཀོད་པ་སྣ་ཚོགས་ཀྱིས་ངང་མོ་པད་མཚོ་ལ་འཇུག་པ་དང༌། བུང་བ་དགའ་ཚལ་ལ་འཇུག་པ་བཞིན་སྣ་ཚོགས་འགྲོ་བའི་དོན་ལ་འཇུག་པའིམཛད་པ་དང་འཕྲིན་ལས་ཀྱྀ་ཚུལ་མདོ་དང་རྒྱུད་སྡེ་རྒྱ་མཚོའི་གཞུང་ལུགས་རྣམས་སུ་ཡང་ཡང་གསུངས་པའི་དགོངས་དོན་དང་མཐུན་པར། མཚུངས་མེད་བཤེས་གཉེན་དམ་པ་འདིའི་ཐུན་མོང་གི་མཛད་པའང་ཕལ་བའི་བླཽ་ལས་རིང་དུ་འགོངས་ཏེ། སྙིགས་ལྔའི་རང་མདངས་དུས་གཅིག་ཏུ་བརྡོལ་བའི་མུན་ཁྲོད་ན་བསྟན་འགྲོའི་དོན་དུ་རླབས་པོ་ཆེའི་མཛད་པ་ངོ་མཚར་ཅན་འདི་ཙམ་སྐྱོང་པས་ཀྱང༌། ངེས་པར་དོན་དུ་སྐུ་ལྔའི་བདག་ཉིད་དམ་གཞན་དུ་ན་ས་མཐོན་པོ་ལ་གནས་པའི་བདག་ཉིད་ཆེན་པོ་གང་གི་རྣམ་པར་འཕྲུལ་བའི་རོལ་གར་རྩེན་པ་ནི་ཅིས་ཀྱང་གོ་མ་ཆག་མོད། ཆོས་ཀྱི་གྲགས་པས། མཐའ་ཐུག་དོན་ཆེན་ལྐོག་གྱུར་པ།།དེ་འཆད་པ་ནི་དཀའ་བ་ཡིན།།ཞེས་འབྱུང་བ་ལྟར། ངེས་པར་དོན་གྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་བ་ནི་བྱིས་པའིབློ་གྲོས་ཅན་ཁོ་བོ་ལྟ་བུས་ཅུང་ཟད་ཀྱང་སྨྲ་བ་རྔོམི་ཐོགས་པས། དེས་ན་ཐུན་མོང་གདུལ་བྱའི་སྣང་ངོ་ཙམ་ལ་གྲུབ་པའི་བདག་ཉིད་ཆེན་པོ་འདྀའི་ངོ་མཚར་རྨད་དུ་བྱུང་བའི་མཛད་པ་དང་འཕྲིན་ལས་བཟང་པོ་གང་ཞིག་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་ཚུལ་རྣམས། ཆོས་བརྒྱད་ཀྱི་འཆིངས་ཞགས་དང༌། སྒྲོ་སྐུར་གྱི་རྫུན་ཕྲེང༌། འགལ་ཟློས་ཀྱི་བརྡོལ་གཏམ། ཟང་ཟིང་གི་འདུ་འགོད་སོགས་རིང་དུ་དོར་ཏེ། ངེས་དོན་ཇི་བཞིན་བརྗོད་པའི་བདེན་གཏམ་དྲང་སྲོང་དགྱེས་པའི་མཆོད་སྤྲིན་ཞིབ་ཏུ་བསྟར་བར་འདོད་དེ། དེ་ཡང་སྤྱི་རྣམ་ཐར་དང༌། རྒྱལ་རབས། ཆོས་འབྱུང༌། དེབ་ཐེར། ལོ་རྒྱུས་སོགས་ཀྱི་ཡིག་ཆ་འདྲ་མིན་ཡོད་པའི་ནང་ནས། རྒྱལ་རབས་ནི། སྣོད་བཅུད་ཆ་ལག་གང་ཞིག་ལ་དབང་བསྒྱུར་བྱས་པའི་རྒྱལ་པོ་རིམ་པར་བྱུང་བའི་རབས་ཀྱི་ལོ་རྒྱུས་ལ་ཟེར་ཞིང༌། ཆོས་འབྱུང་ནི། དམ་པའི་ཆོས་ཚུལ་གང་ལས་འབྱུང་བའི་ཁུངས་དང་དེ་ལས་དམ་པའི་ཆོས་ཚུལ་ཇི་ལྟར་བྱུང་བའི་རྒྱུད་རིམ་གྱི་ལོ་རྒྱུས་ལ་ཟེར། དེབ་ཐེར་ནི། ཡུལ་དུས་གནས་བབ་གང་ཞིག་གི་ལོ་རྒྱུས་ཡིག་ཐོག་ཏུ་བཞག་པའི་གཏེར་རམ་ཡང་ན་ཡུལ་དུས་གནས་སྐབས་ཀྱི་བྱུང་རིམ་དེབ་ཐོག་ཏུ་ཐེར་འདོན་བྱས་ནས་བཞག་པའི་ཡིག་ཆ་དང་ཡིག་ཚང་ལ་ཟེར། རྣམ་ཐར་ནི་སྐྱེས་ཆེན་དམ་པ་གང་ཞིག་གིས་གང་ལས་རྣམ་པར་ཐར་བའི་གཞི་མ་དག་སྐྱེ་ཤི་བར་དོའི་ཁམས་གསུམ་འཁོར་བའི་ཉེས་དམིགས་དང༌། གང་གིས་རྣམ་པར་ཐར་བའི་ཐབས་གཞི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ནས་གྲོལ་བྱེད་རྫོགས་པའི་རིམ་པའི་བར་གྱི་རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པའི་དགོངས་དོན་རྣམས་རང་དོན་ཐོས་བསམ་སྒོམ་པ་དང་གཞན་དོན་འཆད་རྩོད་རྩོམ་པའི་སྒོ་ནས་བསྟན་པ་དང་འགྲོ་བའི་དོན་དུ་དཀའ་སྤྱོད་འབད་བརྩོན་གང་ཞིག་ལ་བརྟེན་ནས། གང་ཞིག་གང་ལས་གང་ལ་རྣམ་པར་ཇི་ལྟར་ཐར་པའི་ཚུལ་ལས་བརྩམས་པའི་ལོ་རྒྱུས་ལ་ཟེར། རྟོགས་བརྗོད་ནི། གང་ཟག་སྤྱི་བཏང་པ་ལས་རིང་དུ་འགོངས་པའི་སྙིང་སྟོབས་དང་བློ་གྲོས། སྤོབས་པ། ཐབས་ཚུལ། སྟོབས་འབྱོར། དཔའ་མཛངས་གང་ཡང་རུང་བར་གཞན་གྱི་དྲིངས་སུ་མི་འཇོག་པའི་རྟོགས་པའི་གདེངས་ཐོབ་པ་ལ་བརྟེན་ནས་ལུགས་གཉིས་ཀྱིས་བསྡུས་པའི་ལག་རྗེས་གང་ཞིག་བཞག་པའི་ཚུལ་ལས་བརྩམས་པའི་ལོ་རྒྱུས་ལ་ཟེར་བས། དབྱེ་སྒོ་དེ་དག་ཀུན་ཀྱང་ལོ་རྒྱུས་ཀྱི་ཁོངས་སུ་གཏོགས་མོད། དེ་དག་ལས་སྐྱེས་བུ་དམ་པའི་རྣམ་ཐར་ནི་རབ་དང་ཕུལ་དུ་ཕྱིན་པ་ཡིན་ཏེ། དེ་ལྟར་ནའང་སློབ་མ་མཁས་པས་བླ་མ་ཟོག་པོར་བཏང༌། ཞེས་པ་ལྟར་སྐྱེས་བུ་དམ་པའི་རྣམ་ཐར་རྨད་དུ་བྱུང་བ་ས་ལེ་སྦྲམ་གྱི་གསེར་བཟང་ལྟ་བུ་ལ་སྒྲོ་བསྐུར་གྱི་བསྲེ་ལྷོད་ཅི་རིགས་པ་བྱས་ཏེ། ཚད་མ་གསུམ་གྱིས་དཔྱད་མི་བཟོད་པའི་གནས་ལ་བསྐྱལ་བ། འགའ་ཞིག་གིས་ནི་བླ་མས་མ་མཛད་པ་དང་མ་གནང་བ་ཡང་མཛད་རབས་དང་གནང་རབས་སྣ་ཚོགས་ཀྱི་རྫུན་གཏམ་ཅི་རིགས་སྒྲོགས་པ། ཡང་ཁ་ཅིག་གིས་བླ་མའི་ཡོན་ཏན་གྱི་ཆ་ཤས་ལས་ཁྲི་ཐོབ་མཐོ་དམན་དང༌། གོ་གནས་ཆེ་ཆུང༌། བླ་ཐོབ་དང་སྤྲུལ་མིང་ཡོད་མེད། སྤྲུལ་རབས་དང་འཁྲུངས་རབས་མང་ཉུང༌། བླ་བྲང་དང་ཤག་ཚང་ཆེ་ཆུང༌། གཞིས་ཀ་ཆེ་ཆུང་དང་ཁོལ་པ་མང་ཉུང༌། འབུལ་བ་ཆེ་ཆུང་དང་བཅར་མཁན་མང་ཉུང༌། རྒྱལ་ཁབ་ཕྱི་ནང་དང་ལུང་ཚན་མང་པོར་ཕེབས་མྱོང་ཡོད་མེད་དང་ཕེབས་གྲངས་མང་ཉུང༌། སྦྱིན་བདག་མང་ཉུང་དང་སྐད་གྲགས་ཆེ་ཆུང༌། རྫུ་འཕྲུལ་དང་མངོན་ཤེས་གསུངས་རབས། ལྷ་མཆོད་རབས་དང་འདྲེ་འདུལ་རབས། དགོན་པ་དང་ལྷ་ཁང་བཞེངས་པ་མང་ཉུང་སོགས་རྩལ་དུ་བཏོན་ནས་བྲིས་པའང་མི་ཉུང་བ་ཞིག་མཐོང་ཞིང༌། དེ་དག་བླ་མའི་རྣམ་ཐར་གྱི་ཆ་ཤས་སུ་མི་འོས་པ་ཡིན་མིན་མི་ཤེས་ཀྱང༌། སྐྱེས་བུ་དམ་པའི་རྣམ་ཐར་གྱི་སྙིང་དོན་གཙོ་བོ་ནི་ཅིས་ཀྱང་མི་སེམས་སོ། དེས་ན་གཞི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ནས་ལམ་ཞི་ལྷག་འབྲེལ་བའི་ཏིང་ངེ་འཛིན། འབྲས་བུ་མཁྱེན་པ་གཉིས་ཀྱི་ཤེས་རབ་མཐར་ཕྱིན་པའི་ཚུལ་ལས་བརྩམ་སྟེ། བསླབ་གསུམ་ལུང་དང་རྟོགས་པའི་ཡོན་ཏན་ལ་རང་དོན་ཐོས་བསམ་སྒོམ་པས་དཀའ་སྤྱོད་ཇི་ལྟར་བསྟེན་པ་དང༌། གཞན་དོན་འཆད་རྩོད་རྩོམ་པའི་བློ་གྲོས་ཇི་ལྟར་རྒྱས་པ། དེ་དག་ལ་བརྟེན་ནས་མཁས་བཙུན་བཟང་གསུམ་དང་ལྟ་སྒོམ་སྤྱོད་གསུམ། མདོར་ན་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་དང་འགྲོ་བའི་དོན་ཆེན་གང་ཞིག་བསྒྲུབ་པའི་ཚུལ་འགོད་པ་ནི་སྐྱེས་བུ་དམ་པའི་རྣམ་ཐར་གྱི་སྙིང་དོན་གཙོ་བོ་ཡིན་པས། དེ་ཉིད་སྲོག་ཏུ་བཟུང་སྟེ་དགེ་རྒན་དམ་པའི་གམ་བཅར་སློབ་མ་རྣམས་ཀྱིས་ཡུན་རིང་འབད་འབུངས་དྲག་པོས་བསགས་པའི་རྣམ་པར་ཐར་པའི་ས་བོན་ལམ་འོག་དགེ་སློང་བསོད་ནམས་བཀྲ་ཤིས་ལགས་ཀྱིས་སྒྲ་ཐག་ཏུ་བཅུག་པ་དེ་ཉིད་རྩ་འཛིན་ཐོག དེང་ཆར་འཛམ་གླིང་ཤར་ནུབ་གང་སར་ཡོད་པའི་དམ་པ་གང་གི་དངོས་སློབ་དང་ཡང་སློབ་དུ་མའི་ངག་རྒྱུན་དང༌། དེ་སྔོན་ང་རང་ལོ་ན་ཉི་ཤུའི་སྐབས་དགེ་རྒན་དམ་པའི་ཡུམ་ཆེན་གང་དང་ཀླུ་སྦྱིན་ཚང་ཨ་མ་ལྷ་དགའ་སོགས་ལ་བཅའ་འདྲི་ཞུས་པའི་ཟིན་བྲིས་ད་ཆར་བློ་ངེས་ཡོད་པ་ཁག་སོགས་ཀྱིས་ཁ་བསྐངས། དེའི་ཟུར་རྒྱན་གྱི་ཚུལ་དུ་རྒྱལ་རབས་དང་ཆོས་འབྱུང༌། དེབ་ཐེར་དང་ལོ་རྒྱུས། གཏམ་རྒྱུད་དང་ངག་སྒྲོས་ཁུངས་བཙན་ཉེར་མཁོ་འབྲེལ་ཡོད་དུ་མ་གསེར་གྱི་མཆོད་རྟེན་ལ་གཡུ་ཡི་ཕྲ་ཚོམ་དང་རྟ་རྒྱུགས་ཞོར་མེ་ཏོག་ གི་དཔེ་ལྟར་བཀོད་དེ། ཟླ་བ་གྲགས་པས། ནམ་མཁའ་ཟད་པས་འདབ་ཆགས་ལྡོག་པ་མི་འགྱུར་གྱི།། འདི་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན།། སློབ་མ་དང་ནི་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི།། ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་གྱུར།། ཞེས་དང༌། དེ་ཕྱིར་བདག་འདྲས་ཁྱོད་ཡོན་འདི་དག་ནི།། ཤེས་པ་དང་ནི་བརྗོད་པ་ནུས་འགྱུར་རམ།། ཞེས་གསུངས་པ་དང་སྒོ་མཐུན་པར་དམ་པ་གང་གི་མཁྱེན་ཡོན་མཐའ་དག་པ་ནི་བརྗོད་པར་མི་ནུས་ཀྱང་གང་ཞིག་མཐོང་ཐོས་སུ་བྱུང་བ་རྣམས་རིང་ནས་ནན་གྱིས་བསྐུལ་བའི་སློབ་མ་དག་གི་འདོད་པ་སྐོར་བ་དང༌། རང་གི་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་ཤིང༌། སྔོན་བྱོན་དམ་པའི་རྣམ་ཐར་བཟང་པོ་རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་ཆེད་དུ་རྣམ་པར་ཐར་པ་འདི་ཉིད་བརྗོད་པའི་མགྲིན་པ་གཟེངས་སུ་བཏེགས་ན། ཇི་སྐད་དུ་སློབ་དཔོན་འཕགས་པ་ལྷས། གཟུ་གནསབླཽ་ལྡན་དོན་གཉེར་བ།། ཉན་པོ་གནད་ཅེས་ཤེས་པར་བྱ།། ཞེས་པ་ལྟར། གཟུ་གནས་བླཽ་ལྡན་དོན་གཉེར་ཅན་དག་གིས་ཡི་རང་དགའ་བའི་མེ་ཏོག་སྙིང་གར་འཛུམ་ནས་ཉན་པར་འཚལ།