ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའ་འཕྲོ་བརླག་བཏང་བར་ངོ་རྒོལ་གྱི་བཅའ་ཁྲིམས

ཡོང་ཁུངས་Wikipedia

༄༢༠༢༡ལོའི་ཟླ་༤ཚེས་༢༩ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའ་འཕྲོ་བརླག་བཏང་བར་ངོ་རྒོལ་གྱི་བཅའ་ཁྲིམས》(中華人民共和國反食品浪費法)གྲོས་འཆམ་བྱུང་བ་དང་འབྲེལ་ཁྱབ་བསྒྲགས་ཀྱང་བྱས་པ་རེད།

བཅའ་ཁྲིམས་དེ་བཏོན་དོན་ནི་བཟའ་བཅའ་འཕྲོ་བརླག་མི་འགྲོ་བར་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་རེད།

རྒྱལ་ཁབ་ཀྱིས་ཐབས་མང་མཉམ་སྤྱོད་དང་། གནད་སྨིན་ཇུས་བསྟར། ཚན་རིག་དང་མཐུན་པའི་དོ་དམ། སྤྱི་ཚོགས་མཉམ་བཅོས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ལག་རྩལ་ཐད་དོན་ཐོག་ཏུ་འཁྱོལ་བ་དང་དཔལ་འབྱོར་ཐད་ལུགས་དང་མཐུན་པའི་བྱ་ཐབས་སྤྱད་དེ། བཟའ་བཅའ་འཕྲོ་བརླག་བཏང་རིགས་སྔོན་འགོག་དང་ཉུང་དུ་གཏོང་རྒྱུ་རེད། རྒྱལ་ཁབ་ཀྱིས་ཡ་རབས་དང་། སྐྱོན་བྲལ། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འཛད་སྤྱོད་བྱེད་སྟངས་དར་སྤེལ་ག་ཏོང་རྒྱུ་དང་དེ་བཞིན་སྟབས་བདེ་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་རྒྱུ་རེད།

བཟའ་བཏུང་ཞབས་ཞུ་གཉེར་སྐྱོང་པས་གཤམ་གསལ་བྱེད་ཐབས་སྤྱད་དེ་བཟའ་བཅའ་འཕྲོ་བརླག་བཏང་རིགས་སྔོན་འགོག་དགོས་པ་སྟེ། གཅིག་ནས་བཟའ་བཅའ་ཉོ་སྒྲུབ་དང་། གསོག་ཉར། ལས་སྣོན་བཅས་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ཁར། ཞབས་ཞུ་བའི་ལས་སྒོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་འབྲུ་རིགས་ལ་གཅེས་སྤྲས་དང་འཕྲོ་བརླག་ལ་ངོ་རྒོལ་བྱ་རྒྱུ་དེ་གསོ་སྦྱོང་གི་ནང་དོན་ནང་དུ་འཇུག་དགོས་པ་དང་། གཉིས་ནས་རང་འགུལ་ངང་འཛད་སྤྱོད་པར་བཟའ་བཅའ་འཕྲོ་བརླག་མི་གཏོང་རྒྱུའི་དྲན་སྐུལ་བྱས་ཏེ། མངོན་གསལ་དོད་སར་བཟའ་བཅའ་འཕྲོ་བརླག་བཏང་བར་ངོ་རྒོལ་གྱི་མཚོན་རྟགས་སྦྱོར་བའམ་ཡང་ན་སྒྲིག་གཤོམ་བྱེད་པ། ཡང་ན་ཞབས་ཞུ་བས་གསལ་བཤད་བྱས་ནས་འཛད་སྤྱོད་པར་བཟའ་བཅའ་འོས་འཚམ་མངགས་རྒྱུའི་ཁྲིད་སྟོན་དགོས་པ། གསུམ་ནས་བཟའ་བཏུང་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ། ཚད་གཞི་ལྟར་བཟའ་བཅའ་བཟོ་སྟངས་ཚད་ལྡན་དུ་གཏོང་བ་དང་། དེ་བཞིན་གྲངས་འབོར་དང་གྲངས་ཚད་གཏན་འཁེལ་ལུགས་མཐུན་བྱས་ནས་བཟའ་བཅའ་ཉུང་བ་སོགས་ཚད་གཞི་མི་འདྲ་བ་གདམ་ག་བྱ་རྒྱུ་ཡོད་པ་བྱེད་དགོས་པ། བཞི་ནས་མི་མང་པོས་བཟའ་བཏུང་བྱེད་པར་ཞབས་ཞུ་སྒྲུབ་དགོས་རིགས་ལ། བཟའ་བཅའ་འཕྲོ་བརླག་མི་གཏོང་རྒྱུའི་འདུ་ཤེས་འཛིན་ཏེ་ཚལ་ཐོ་ཇུས་འགོད་བྱས་ནས་ཁ་ལག་ཟ་མཁན་མི་གྲངས་གཞིར་བཟུང་ཚལ་སྣ་དང་བཟའ་བཅའ་གཙོ་བོ་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པ། ལྔ་ནས་རང་འདེམས་བཟའ་བཏུང་བྱེད་པར་ཞབས་ཞུ་སྒྲུབ་དགོས་རིགས་ལ། འཛད་སྤྱོད་སྒྲིག་སྲོལ་དང་བཟའ་བཅའ་འཕྲོ་བརླག་མི་གཏོང་རྒྱུ་མེད་པའི་རེ་བ་རང་འགུལ་ངང་བརྗོད་པ་དང་། ཚད་གཞི་མི་འདྲ་བའི་ཟ་སྣོད་འཐུང་ཆས་མཁོ་འདོན་བྱེད་པ། འཛད་སྤྱོད་པར་བཟའ་བཅའ་འོས་འཚམ་ལེན་རྒྱུའི་དྲན་སྐུལ་བྱེད་པ་བཅས་བྱེད་དགོས་པ། བཟའ་བཏུང་ཞབས་ཞུ་གཉེར་སྐྱོང་པས་འཛད་སྤྱོད་པར་ཚད་ལས་བརྒལ་ནས་མངགས་རྒྱུའི་འཇམ་ཁྲིད་བློ་འགུག་བྱས་མི་ཆོག

གཞན་ཡང་ང་ཚོ་གྲོང་གསེབ་ཀྱི་ཡུལ་སྐོར་གཉེར་སྐྱོང་པས་ཡུལ་སྐོར་བར་ཡ་རབས་ཚུལ་ལྡན་ངང་བཟའ་བཏུང་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས། སྒོ་རྩིས་ཚོང་ཁང་དང་ཚོང་ར་སོགས་བཟའ་བཅའ་གཉེར་སྐྱོང་པས་རང་གིས་གཉེར་སྐྱོང་བྱེད་པའི་ཟས་རིགས་ལ་རྒྱུན་དུ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྤུས་ཚད་འགན་སྲུང་དུས་ཚོད་ཐིམ་ཉེར་ཡོད་པའི་བཟའ་བཅར་རིགས་དབྱེ་དོ་དམ་བྱས་ཏེ། དམིགས་བསལ་གྱི་མཚོན་རྟགས་འགོད་པའམ་ཡང་ན་གཅིག་སྡུད་ཀྱིས་བཤམས་ནས་ཚོང་དགོས། མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་དང་། གྲོགས་པོ་དང་ཁྱིམ་ཚང་གི་འདུ་འཛོམས། ཚོང་དོན་བྱེད་སྒོ་སོགས་སུ་བཟའ་བཅའ་དགོས་པའི་རིགས། སྒྲིག་འཛུགས་བྱེད་མཁན་དང་བྱེད་སྒོར་ཞུགས་མཁན་གྱིས་བཟའ་བཅའ་གྲ་སྒྲིག་འོས་འཚམ་དང་སྔོན་མངགས་བྱས་ཏེ་ཡ་རབས་ཚུན་ལྡན་ངང་བཟའ་བཏུང་བྱེད་དགོས།