Jump to content

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།

ཡོང་ཁུངས་Wikipedia

རྒྱལ་ཁབ་ཀྱིས་ལྷག་བསམ་ཟོལ་མེད་དང་། ཁ་དན་ཚིག་གནས། སྐྱོན་བྲལ་ཡ་རབས་བཅས་ཀྱི་དྲ་རྒྱའི་བྱ་སྤྱོད་དར་སྤེལ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྒྱུད་བསྒྲགས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། བྱ་ཐབས་སྤྱད་ནས་སྤྱི་ཚོགས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་ཆུ་ཚད་མཐོ་རུ་བཏང་སྟེ། དྲ་རྒྱ་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་བའི་ནང་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པའི་ཁོར་ཡུག་ཡག་པོ་ཞིག་ཆགས་པ་བྱ་རྒྱུ་རེད། རྒྱལ་ཁབ་ཀྱིས་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་དྲ་རྒྱ་ཁྲིམས་ལྟར་སྤྱོད་པའི་དབང་ཆར་སྲུང་སྐྱོང་བྱེད་པ་དང་། དྲ་རྒྱ་འབྲེལ་མཐུད་དང་ཁྱབ་གདལ་ལ་སྐུལ་འདེད་གཏོང་བ། དྲ་རྒྱའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ལ་བདེ་འཇགས་དང་སྟབས་བདེའི་དྲ་རྒྱའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་དྲ་རྒྱའི་ཆ་འཕྲིན་ཁྲིམས་ལྟར་དང་། གོ་རིམ་ལྡན་པ། རང་མོས་བཅས་ཀྱི་སྒོ་ནས་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།

མི་སྒེར་དང་རྩ་འཛུགས་གང་ཞིག་ཡིན་རུང་དྲ་རྒྱ་བེད་སྤྱོད་བྱེད་སྐབས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པ་དང་། སྤྱི་པའི་སྒྲིག་ལམ་ལ་བརྩི་སྲུང་ཞུ་དགོས། སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་འཇོག་བྱེད་དགོས། དྲ་སྦྲེལ་བདེ་འཇགས་ལ་གནོད་འཚེ་གཏོང་མི་ཆོག དྲ་རྒྱར་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་ལ་གནོད་འཚེ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་མེད་གཏོང་རྒྱུའི་ངན་སྐུལ་བྱེད་པ། རྒྱལ་ཁབ་ཁ་ཕྲལ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་རྒྱུའི་ངན་སྐུལ་བྱེད་པ། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་སྒྲོག་སྤེལ་བྱེད་པ། མི་རིགས་ཀྱི་འཁོན་འཛིན་དང་མི་རིགས་མཐོང་ཆུང་འུད་སྒྲོག་བྱེད་པ། གཏུམ་སྤྱོད་དང་ཆགས་སྲེད་རིགས་ཀྱི་ཆ་འཕྲིན་བརྒྱུད་སྤེལ་བྱེད་པ། ཆ་འཕྲིན་རྫུས་མ་བཟོས་ནས་སྤེལ་ཏེ་དཔལ་འབྱོར་གྱི་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པ། དེ་བཞིན་མི་གཞན་གྱི་མཚན་སྙན་དང་། སྒེར་དོན། ཤེས་བྱའི་བདག་དབང་། ཁྲིམས་མཐུན་ཁེ་དབང་བཅས་ལ་གནོད་འཚེ་གཏོང་བ་སོགས་ཀྱི་བྱེད་སྤྱོད་སྤེལ་མི་ཆོག